སྤྲོ་སེམས་རབ་ཏུ་འཁོལ་བའི་ཟླ་དྲུག་པའི་འཁྲབ་སྟོན་དང་། མཛེས་སྡུག་ལྡན་པའི་ཐང་ག ཁྱད་ཆོས་ལྡན་པའི་བོད་རིགས་ཀྱི་ཞིམ་ཟས……ཟླ་5ཚེས་31ཉིན། 2019ལོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་འཚོགས་ནས་ཀན་སུའུ་ཡི་ཡུལ་སྐོར་བར་རིག་གནས་ཡུལ་སྐོར་གྱི“གདན་ཞུའི་ཡི་གེ”བཏང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རྨ་ལྷོ་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་བར་གྱི་ཡུལ་སྐོར་བར་ཁྱམས་ཡག་ཤོས་སུ་གནས་ཡོད་ལ། ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)དང་རིག་དངོས་སྲུང་སྐྱོང་ཚན་པ་412ཡོད་པ་དང་། འཛམ་གླིང་གི་དངོས་མིན་རིག་གནས་ཤུལ་བཞག་2དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་6ཡོད།
“‘ནུབ་ཡུལ་གྱི་ཡུལ་ཁམས་མཛེས་པོ། ལྷ་ཡུལ་ལྟར་གྱི་རྨ་ལྷོ་’ཡི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མཉམ་སྤྱོད་བྱེད་པ་ནི་སེམས་དང་སེམས་མཐུན་ཞིང་བརྩེ་དུང་མཉམ་འདྲེས་བྱེད་པའི་བློ་རྒྱ་ཡིན།” རྨ་ལྷོ་ཁུལ་གྱི་ཀྲོའུ་ཀྲང་གཞོན་པ་གཡུ་སྒྲོན་མཚོས་ཡུལ་དངོས་སུ“ཀྲུང་ཧྭའི་རྡོ་བརྐོས་ཀྱི་ངོ་མཚར་”རྩེ་ཁོག་དང་།
རི་བོའི་རྡོ་འབུམ་གྱང་། ཤེལ་འོད་རབ་ཏུ་འཚེར་བའི་སོག་རྫོང་གི་གནས་མཚོ། ངོ་མཚར་ཆེ་ལ་ཉེན་ཁ་ཡང་ཆེ་བའི་རྨ་ཆུའི་རོང་ཆེན་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རང་བྱུང་མཛེས་ལྗོངས་དང་ས་གནས་ཀྱི་དམངས་སྲོལ་ཁྱད་ཆོས་ལྡན་པའི་བྱེད་སྒོ། མངོན་མིན་རིག་གནས་ཤུལ་བཞག་བཅས་མཉམ་སྤྱོད་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་རྨ་ལྷོ་ཁུལ་གྱིས་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱས་ནས“ནུབ་ཡུལ་གྱི་ཡུལ་ཁམས་མཛེས་པོ། ལྷ་ཡུལ་ལྟར་གྱི་རྨ་ལྷོའི”ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་དང་། ཆེས་ལེགས་པའི་སྣོད་བཅུད་ཁོར་ཡུག ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་བཅས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད་པ་རེད།
“དྭངས་གཙང་གི་རྨ་ཆུ་ལྷ་ཡུལ་ལྟ་བུའི་རྨ་ལྷོ་ནས་ཅིན་ཁྲེང་ལན་ཀྲོའུ་བརྒྱུད་དེ་བཞུར།” གཡུ་སྒྲོན་མཚོས་ལན་ཀྲོའུ་གྲོང་ཁྱེར་དང་རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་ཐད་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་བྱེད་ཐུབ་པས། འབྲེལ་གཏུག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་གཉིས་པོའི་ཡུལ་སྐོར་ཆ་འཕྲིན་སྤེལ་རེས་དང་། སྲིད་ཇུས་གཉིས་ཕན། ཐོན་ཁུངས་བརྗེ་རེས། ཐོན་རྫས་ཕན་ཚུན་སྐུལ་འདེད། འགྲུལ་ཁུངས་ཕན་ཚུན་སྐྱེལ་རེས། ཁེ་ཕན་མཉམ་སྤྱོད་བཅས་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།
འོས་སྦྱོར་ཚོགས་འདུའི་ཐོག་རྨ་ལྷོ་ཁུལ་རེབ་གོང་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། སོག་རྫོང་། ཁམས་ར་དོ་དམ་ཨུ་ལྷན་བཅས་ཀྱིས་ཀན་སུའུ་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་150ལྷག་ཙམ་ལ་ས་གནས་དེ་གའི་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་འགྲེམས་སྟོན་བྱས་པ་རེད། རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་ཀྱིས《ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ཏེ་རྨ་ལྷོར་ཡུལ་སྐོར་བྱེད་པར་ཡོང་བའི་བྱ་དགའི་བྱ་ཐབས》ཁྱབ་བསྒྲགས་བྱས་པ་རེད། ལན་ཀྲོའུ་གྲོང་ཁྱེར་ཡུལ་སྐོར་མཐུན་ཚོགས་ཀྱིས་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་དང་ཡུལ་སྐོར་མཉམ་ལས་གྲོས་མཐུན་བཞག་པ་རེད།