༄༅།། རྒྱལ་བུ་ས་ནུའི་ངོ་མཚར་ལོ་རྒྱུས་ཀྱི་གསང་བ་བརྟོལ་བ།

ཁ་སྒང་བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 06-11


 ཁ་སྒང་བཀྲ་ཤིས་ཚེ་རིང་།
[ནང་དོན་གནད་བསྡུས།] ལི་ཡུལ་གྱི་རྒྱལ་པོ་ཐོག་མ་ས་ནུའི་ཡུམ་སུ་ཡིན་དང་ཁོང་ཇི་ལྟར་བྱས་ནས་ལི་ཡུལ་དུ་སླེབས་པ། རྒྱལ་རབས་ཇི་ལྟར་ཚུགས་ཚུལ་སོགས་ཀྱི་ཐད་རྟག་ཏུ་《ལི་ཡུལ་ལུང་བསྟན་》 ①སོགས་འབྲེལ་ཡོད་དཔྱད་གཞི་ཡོངས་གྲགས་ལྟར་ཞིབ་འཇུག་བྱེད་མཁན་མང་མོད། དེ་ལས་གཞན་པའི་འབྲེལ་ཡོད་དཔྱད་གཞི་ལོ་ཆེན་རིན་བཟང་(958-1055)གིས་བསྒྱུར་བའི་《ཀུ་ན་ལའི་རྟོགས་བརྗོད་》②(མན་ནས་ཀུ་བརྗོད་ཟེར་རྒྱུ་)དང༌། ཤོང་སྟོན་(1240ལོའི་ཡས་མས་སུ་འཁྲུངས་)གྱིས་བསྒྱུར་བའི་《དཔག་བསམ་འཁྲི་ཤིང་》③གི་ཡལ་འདབས་ང་དགུ་པ། ཇོ་ནང་ཏ་ར་ན་ཐས་(1575-1635)མཛད་པའི་《རྒྱ་གར་ཆོས་འབྱུང་》།④《ཆོས་འབྱུང་མེ་ཏོག་སྦྲང་རྩི་སྙིང་བོའི་བཅུད་》སོགས་སུ་རྒྱལ་བུ་ས་ནུར་འབྲེལ་པའི་ལོ་རྒྱུས་ཀྱི་གསང་བ་གང་འཚམ་བསྟན་པ་ཡོད་པར་སྣང་རྟོག་བྱེད་མཁན་མེད་པས། འདིར་གོང་གསལ་དཔྱད་གཞི་རྣམས་གཞིར་བཟུང་སྟེ་ས་ནུའི་ངོ་མཚར་ལོ་རྒྱུས་སུ་འབྲེལ་པའི་གསང་བ་གང་འཚམ་རྒྱས་པར་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] ལི་ཡུལ། ས་ནུ། གསང་བ་ངོ་མཚར། དངོས་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-04-0003-18
དང་པོ། ས་ནུ་ཡུམ་སུ་ཡིན་དང་ས་ནུའི་འཁྲུངས་ལོ།
              1.ས་ནུ་ཡུམ་ཨ་ཤྭ་ཀའི་བཙུན་མོ་སྐར་རྒྱལ་སྲུངས་མ་ཡིན་ཚུལ། 《ལི་ཡུལ་ལུང་བསྟན་》དང་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T.960སོགས་ལི་ཡུལ་གྱི་འབྲེལ་ཡོད་ལོ་རྒྱུས་རྣམས་སུ། རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ལི་ཡུལ་དུ་ལྗོངས་རྒྱུར་སླེབས་ཏེ། ད་ལྟའི་འུ་ཐེན་གྱི་ཀུས་པོ་ཡེན་དུ་ཞག་གཅིག་བཞུགས་པའི་དུས་སུ། རྒྱལ་པོའི་བཙུན་མོ་དམ་པར་ཁྱེའུ་མཚན་དང་ལྡན་པ་བཙས་ཤིང་། མཚན་མཁན་གྱིས་བུ་འདི་མཚན་མ་ཡང་བཟང༌། དབང་ཐང་ཡང་རབ་ཏུ་ཆེ། མི་ཐ་མལ་པ་མིན་པས་ཡབ་རྒྱལ་པོ་སྐུ་ཚེ་མ་རྫོགས་པར་འདིས་རྒྱལ་པོ་བྱེད་པར་འགྱུར་ཞེས་ལུང་བསྟན་གནང་ཚུལ་དང་། རྒྱལ་པོ་ཨ་ཤྭ་ཀས་རང་གི་བུ་ལ་ཕྲག་དོག་སྐྱེས་ཏེ། བུ་འདི་ང་ལ་མི་དགོས་པས་བོར་ཅིག་ཅེས་བཀའ་བསྒྲགས་པ་ལྟར་ཞག་གཅིག་ལོན་པའི་བུ་དེ་འུ་ཐེན་གྱི་ཡུལ་དུ་བོར་བ་ན། ས་ལས་ནུ་མ་བྱུང་བ་ནུ་ནས་གསོན་ཞིང་། མིང་ཡང་ས་ནུར་བཏགས་ཚུལ་གྱི་བརྗོད་ཚུལ་དེ་དག་ནི་རྒྱལ་བུ་ས་ནུའི་ངོ་མཚར་ལོ་རྒྱུས་ཡིན་ཞིང་། གངས་ལྗོངས་དང་བཅས་པའི་ཕྱི་ནང་གི་མཁས་པ་ཕལ་མོ་ཆེས་བརྗོད་ཚུལ་དེ་དག་ལ་སྣང་རྟོག་ཙམ་ཡང་མེད་པར་ལུས། 《ཀུ་ན་ལའི་རྟོགས་བརྗོད་》སོགས་རྒྱལ་བུ་ས་ནུར་འབྲེལ་པའི་དཔྱད་གཞི་ཁག་ཀློག་པའི་དུས་སུ། ས་ནུའི་ཡབ་རྒྱལ་པོ་ཨ་ཤྭ་ཀ་དང་བཙུན་མོ་སྐར་རྒྱལ་སྲུངས་མ་གཉིས་དབར་རྒྱལ་ཚབ་བསྐོ་འཇོག་ཐད་ལྟ་ཚུལ་སོ་སོར་གྱུར་པའི་ཆབ་སྲིད་འཐབ་རྩོད་ཛ་དྲག་བྱུང་ཞིང་། འཐབ་རྩོད་དེའི་ཁྲོད་དུ། བཙུན་མོ་སྐར་རྒྱལ་སྲུངས་མས་སྐབས་དེར་རྒྱལ་ཚབ་སྲས་སུ་ཡོད་པའི་ཀུ་ན་ལའི་(ཀུ་ལཱ་ལ་ཞེས་ཀྱང་ཟེར།) མིག་གཉིས་བྲུས་ཏེ་རྗེས་སུ་རྒྱལ་སྲིད་སྐྱོང་མཁན་ཞིག་ཏུ་འགྱུར་ཐབས་མེད་པའི་གནས་སུ་བཀོད་པ་དང་། ཨ་ཤྭ་ཀས་བཙུན་མོ་སྐར་རྒྱལ་སྲུངས་མས་བྱས་ཉེས་ཡིན་པ་ཤེས་ཏེ་ཁོང་མོ་གསོན་སྲེག་མཛད། 《ཀུ་བརྗོད་》རྩོམ་པ་པོས། བཙུན་མོ་དེས་རྒྱལ་པོའི་བཀའ་ཁྲིམས་ལ་འཇིགས་པ་མེད་པར་དེ་ལྟའི་གདུག་རྩུབ་ཀྱི་སྤྱོད་པ་ལྷུར་ལེན་མཛད་པ་ནི། བཙུན་མོ་སྐར་རྒྱལ་སྲུངས་མ་དེ་ཉིད་གཞོན་ནུ་ཀུ་ན་ལའི་མཛེས་སྡུག་ལ་ཆགས་པའི་འདོད་པ་མ་བསྐང་བའི་ཞེ་ནད་ཀྱིས་བྱས་པར་བརྗོད་པ་དང་། ཀུ་ན་ལའི་ཁྲོ་བ་ལ་སླར་མི་ཁྲོ་བའི་བྱང་སེམས་ཀྱི་སྤྱོད་པ་རྒྱ་ཆེན་པོ་འབུར་དུ་བཏོད་པར་སྟོབས་ཤུགས་ཕུལ་ཡོད་ཀྱང་། འཇིག་རྟེན་ཁ་དཔེར། ཉི་ཤར་ལག་པས་མི་ཁེབ་པའི་དཔེ་ལྟར། སྤྱི་ལོ་དུས་རབས་12པར་མཛད་པའི་《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》དུ། མྱ་ངན་མེད་ཀྱི་བཙུན་མོ་ཆུང་བ་ས་ལ་ནུའི་མ་ཁྲུས་བྱེད་པའི་ཚེ།⑤ ཞེས་བཀོད་པའི་བཙུན་མོ་ཆུང་བ་ནི་ལོ་རྒྱུས་ཡི་གེར་ཨ་ཤྭ་ཀར་བཙུན་མོ་ཆེ་ཆུང་གཉིས་ཡོད་པའི་ནང་ནས་བཙུན་མོ་ཆུང་བ་སྐར་རྒྱལ་སྲུངས་མར་གྲགས་པ་དེ་ཡིན། བཙུན་མོ་འདིས་རྒྱལ་ཚབ་སྲས་ཀུ་ན་ལའི་མིག་གཉིས་བྲུས་ཏེ་རྗེས་སུ་རྒྱལ་སྲིད་སྐྱོང་མཁན་ཞིག་ཏུ་འགྱུར་ཐབས་མེད་པའི་གནས་སུ་བཀོད་པ་དང་། རང་སྲོག་ལའང་འཛེམས་པ་མེད་པར་རྒྱལ་ཚབ་སྲས་ཀྱི་གོ་གནས་བརྩད་པ་ནས་ལོ་རྒྱུས་ཀྱི་མི་སྣ་ཉེས་ཅན་དུ་གྱུར། སྔོན་གྱི་དཔྱད་གཞི་རྣམས་སུ་དེ་ལྟའི་འཐབ་རྩོད་བསླང་པའི་དགོས་པ་ནི་ཕོ་མོའི་མཛའ་འབྲེལ་ལ་ཁ་ཕངས་པ་དང་། 《ལི་ཡུལ་ལུང་བསྟན་》དུ་རྒྱལ་པོའི་བཙུན་མོ་དམ་པ་ལས་ཁྱེའུ་མཚན་དང་ལྡན་པ་བཟང་པོ་ཞིག་བཙས་ནས། ཞེས་པ་ཙམ་ལས་རྒྱལ་བུ་ས་ནུའི་ཡུམ་སུ་ཡིན་གསལ་པོ་བརྗོད་མེད་པ་དང་། 《ཀུ་བརྗོད་》དུ་བཙུན་མོ་འདིར་ཨ་ཤྭ་ཀའི་རིགས་སྲས་འཁྲུངས་ཚུལ་མི་གསལ་པ་སོགས་རྒྱལ་བུ་ས་ནུ་དང་བཙུན་མོ་སྐར་རྒྱལ་སྲུང་མར་འབྲེལ་པའི་ལོ་རྒྱུས་ཀྱི་གསང་བ་དེ་རིགས་ཤེས་རྟོགས་མ་ཐུབ་པར་ད་ལྟའི་བར་དུ་ལུས་ཀྱང་། དཔྱད་གཞི་འདི་ལས་ས་ནུས་ཡུམ་སུ་ཡིན་ཤེས་པའི་མཚུངས་སུ། འདིའི་ཐད་ཀྱི་ལོ་རྒྱུས་བརྗོད་ཚུལ་མི་འདྲ་བའི་ཡི་གེ་སྣ་ཚོགས་དང་དེ་དག་གི་དགོས་པ་སོགས་འགྲེལ་བར་དགེ་མཚན་ཆེན་པོ་བསྐྲུན།
              བཙུན་མོ་འདིར་གསོན་སྲེགས་ཀྱི་ཉེས་པ་ཆེན་པོ་འཁེལ་པའི་དུས་དེར་རྒྱལ་བུ་ས་ནུ་ཡང་རྒྱ་གར་ཡུལ་ནས་སྡོད་མ་ཐུབ་པར་ལི་ཡུལ་དུ་བྲོས་སྟབས་སུ་ཕེབས་དགོས་བྱུང་། དེ་ནི་རྒྱལ་བུ་ས་ནུ་ལི་ཡུལ་དུ་སླེབས་པའི་རྒྱུ་རྐྱེན་གཙོ་བོ་རེད།ཡིན་ནའང་སྔོན་བྱུང་རྒྱལ་པོ་རྣམས་ཀྱིས་ཕྱི་རབས་སུ་མངོན་དུ་ཡོད་པའི་ལོ་རྒྱུས་དགེ་བའི་འོད་སྣང་ཅན་རྩོམ་པར་སྟོབས་ཤུགས་ཕུལ་ཅི་ཐུབ་བྱེད་པ་བཞིན། ལི་ཡུལ་གྱི་རྒྱལ་རབས་རྩོམ་པ་པོ་རྣམས་ཀྱིས་རྒྱལ་བུ་ས་ནུ་དེ་ཨ་ཤྭ་ཀའི་བཙུན་མོ་ཉེས་ཅན་གྱི་སྲས་ཡིན་པ་དང་། ས་ནུ་ལི་ཡུལ་དུ་བྲོས་སྟབས་སུ་ཕེབས་པའི་ལོ་རྒྱུས་རྣམས་གསང་སྟེ། ས་ནུ་ནི་ཆུང་དུས་སུ་ལི་ཡུལ་དུ་བོར་ཞིང་རྣམ་ཐོས་སྲས་སོགས་ཀྱིས་གྲོགས་བགྱིས་པའི་ངོ་མཚར་ལོ་རྒྱུས་བསྐྲུན་པ་ནས་མི་རྣམས་ཀྱི་ངོས་འཛིན་ཡང་དེ་ལྟའི་བཤད་རྒྱུན་གྱི་རྗེས་སུ་ཞུགས།
              2.ས་ནུ་འཁྲུངས་ལོ་སྤྱི་ལོ་སྔོན་329ཡིན་ཚུལ།《ལི་ཡུལ་ལུང་བསྟན་》དུ། དྷརྨ་ཨ་ཤོ་ཀས་སྤྱིར་རྒྱལ་པོ་དགུང་ལོ་ལྔ་བཅུ་རྩ་ལྔ་བགྱིས་པ་ལས་རྒྱལ་པོར་ཞུགས་ནས་དགུང་ལོ་སུམ་ཅུ་ལགས་པའི་འོག་ཏུ་རྒྱལ་བུ་ས་ནུ་བཙས་ཏེ། ཞེས་པ་འདི་ནི་རྒྱལ་བུ་ས་ནུ་འཁྲུངས་ལོ་རྟོགས་བྱེད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཀྱང་། ཨ་ཤྭ་ཀ་སྲིད་ཁྲིར་བཞུགས་ལོ་གསལ་པོར་གཏན་འབེབས་མ་ཐུབ་ན་གོང་གསལ་གྱི་ལུང་ཚིག་ལ་གསལ་པའི་དུས་སྐབས་གསལ་པོ་ངོས་འཛིན་མི་ཐུབ་པས་ཨ་ཤྭ་ཀའི་ཁྲི་ལོ་ཐོག་མ་སྤྱི་ལོ་ནམ་ཞིག་ནས་འགོ་ཚུགས་ཚུལ་ཤེས་རྒྱུ་དེ་གལ་ཆེ་བར་གྱུར། ཨ་ཤྭ་ཀ་སྲིད་ཁྲིར་བཞུགས་ལོར་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་ཀྱང་《ལི་ཡུལ་ལུང་བསྟན་》དུ། ཐོག་མ་ལི་རྗེར་ཞུགས་པ་ཡན་ཆད་ཞིབ་ཏུ་བརྩིས་ནས་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལགས་ནས་ལི་ཡུལ་ཡང་གདོད་བྱུང་བར་འགྱུར། ཞེས་བཀོད་པའི་ཁྲོད་དུ་ལི་ཡུལ་གྱི་རྒྱལ་རབས་དུས་ནམ་ཞིག་ལ་བྱུང་ཚུལ་བསྟན་པའི་ཚིག་དེ་དང་། གོང་དུ་ཨ་ཤྭ་ཀ་དགུང་ལོ་སུམ་ཅུ་ལགས་པའི་འོག་ཏུ་རྒྱལ་བུ་ས་ནུ་བཙས་ཏེ། ཞེས་པ་གཉིས་བསྡུར་ཁྲོད་ནས་ལོ་ཚིགས་ངེས་ཅན་ཤེས་དགོས་ཤིང་། དེ་ལྟའི་ཐབས་ལམ་སྤྱོད་པའི་ཐོག་མར་སངས་རྒྱས་མྱ་ངན་ལས་འདས་ནས་དགུང་ལོ་ཉིས་བརྒྱ་སུམ་ཅུ་རྩ་བཞི་ལོན་དུས་དེ་ལོ་ཚིགས་གང་ཞིག་ལ་འཁེལ་པ་གསལ་པོར་ཤེས་པ་ཧ་ཅང་གལ་ཆེ་བར་གྱུར། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་སྤྱི་ལོ་1204ལ་བོད་ལ་ཕེབས་ཤིང་རབ་བྱུང་བཞི་པའི་མེ་ཡོས་སྤྱི་ལོ་1207ལོར་སོ་ནག་ཐང་པོར་ཆེར་རྩིས་མཛད་པའི་ཚེ་གནས་བརྟན་སྡེ་པའི་ལུགས་འདི་གཞིར་བཟུང་ནས་སངས་རྒྱས་ཀྱི་འདས་ལོ་དུ་སོང་རྩིས་ཚུལ་དེབ་དཀར་⑥དང་དུང་དཀར་ཚིག་མཛོད་དུ་གསལ་བ་ལྟར་ན། གནས་བརྟན་སྡེ་བའི་ལུགས་དེ་སྔ་མོ་ཞིག་ནས་བོད་དང་ལི་ཡུལ། ཁ་ཆེ་སོགས་ཡུལ་ཁམས་མི་འདྲ་བ་དེ་དག་དུ་དར་ཡོད་པ་ཤེས་ཐུབ། དེས་ན་གནས་བརྟན་སྡེ་བའི་སྟོན་པའི་འདས་ལོ་རྩིས་ཚུལ་འདི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་འདས་ལོ་ཚིགས་བརྟག་པར་རྒྱུ་མཚན་ཡོད་མིན་ཐད་རྩོད་པ་ཡོད་ཀྱང་ལི་ཡུལ་གྱི་རིག་གནས་དང་ལོ་རྒྱུས་སུ་འབྲེལ་བའི་ལོ་ཚིགས་རྣམས་ནི་ལུགས་དེར་བསྟུན་ནས་རྩིས་པར་འགལ་པ་མེད་ཅིང་ཡུལ་དེའི་རིག་གནས་ལོ་རྒྱུས་འཕེལ་རིམ་གྱི་ལོ་ཚིགས་ཤེས་བྱེད་གལ་ཆེན་ཞིག་ཡིན་པར་ངོས་འཛིན་གནང་ཆོག ལུགས་འདིས་སྤྱི་ལོ་སྔོན་544ལ་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་པར་བཞེད་ཅིང་དེ་ནས་ལི་ཡུལ་ཚུགས་ལོ་བར་གྱི་ལོ་234འཕྲི་ཚེ་སྤྱི་ལོ་སྔོན་310ལ་འཁེལ།《ལི་ཡུལ་ལུང་བསྟན་》དུ། རྒྱལ་པོ་ས་ནུ་དགུང་ལོ་བཅུ་དགུ་ལོན་པའི་ཚེ་ལི་ཡུལ་བཙུགས་ཏེ། ཞེས་ས་ནུ་དགུང་ལོ་བཅུ་དགུ་ལོན་དུས་སུ་ལི་ཡུལ་གྱི་རྒྱལ་རབས་བྱུང་བ་ཡིན་པར་བསྟན་པ་ལྟར་ན། སྤྱི་ལོ་སྔོན་310ནས་ཡར་དེད་ཀྱི་སྤྱི་ལོ་སྔོན་329ལ་རྒྱལ་བུ་ས་ནུ་འཁྲུངས་པ་ཤེས་ཐུབ། དུས་དེར་ཨ་ཤྭ་ཀའི་ཁྲི་ལོ་སུམ་ཅུ་ལོན་དུས་ཡིན་པ་ནི། དགེ་ཆོས་ཀྱིས།བྱང་ཆུབ་ཤིང་སང་ག་ལར་བཙུགས་པའི་ལོ་དེ་མྱ་ངན་མེད་ཀྱི་ཁྲི་ལོ་བཅོ་བརྒྱད་པ་ཡིན་པར་བཤད་ཅིང༌། དེ་ནས་ལོ་བཅུ་གཉིས་ན་བཙུན་མོ་ཨཱས་ཎྜིམིཏཱ་(Asamdhimitra)བྱ་བ་དཀོན་མཆོག་གསུམ་ལ་དད་པ་དེ་ཤི། དེ་ནས་ལོ་བཞིའི་བར་རྒྱལ་པོ་བཙུན་མོ་ཏི་ཥྱརཤྐ་(Tisyaraksa)བྱ་བ་ཀུ་ན་ལའི་མིག་འབྱིན་མཁན་དེའི་དབང་དུ་གྱུར་ཅིང་།⑦ཞེས་པ་འདིས་བདེན་དཔང་བྱེད་ཐུབ་པས། རྒྱལ་བུ་ས་ནུ་ནི་ཨ་ཤྭ་ཀའི་ཁྲི་ལོ་སུམ་ཅུ་ལོན་དུས་སུ་ཡུལ་རྒྱ་གར་ནས་འཁྲུངས་ཤིང་དུས་སྐབས་དེར་ས་ནུའི་ཡུམ་བཙུན་མོ་སྐར་རྒྱལ་སྲུངས་མ་དེ་དབང་འཛིན་གྱི་བཙུན་མོར་གྱུར་ཡོད།
གཉིས་པ། སྐར་རྒྱལ་སྲུངས་མས་རང་གི་སྲས་ས་ནུ་རྒྱལ་ཚབ་ཏུ་འགོད་པའི་འཐབ་རྩོད་བསླངས་ཚུལ།
              དགེ་ཆོས་ཀྱི་《གསེར་ཐང་》དུ། དེ་གཙོ་མོར་བཅུག་པའི་ལོ་གསུམ་པ་ལ་རྒྱལ་པོ་(ཨ་ཤྭ་ཀ་)རྟག་ཏུ་བྱང་ཆུབ་ཤིང་ལ་བསྙེན་བཀུར་བྱེད་དུ་འགྲོ་བ་ལས་བཙུན་མོས་འདིས་བདག་ལ་མི་རྟོག་གོ་སྙམ་ནས་སྦྲུལ་གྱི་མཆེ་བ་དུག་ཅན་བཏབ་སྟེ་བྱང་ཆུབ་ཤིང་རྩ་བ་ནས་ཉམས་པར་བྱས་སོ།།⑧ཞེས་བཀོད་པ་ལྟར་ན། བཙུན་མོ་སྐར་རྒྱལ་སྲུངས་མ་གཙོ་མོར་བཅུག་ནས་ལོ་གསུམ་འགོར་དུས་སུ་ཨ་ཤྭ་ཀས་རྟག་ཏུ་བྱང་ཆུབ་ཤིང་ལ་བསྙེན་བཀུར་བྱེད་དུ་འགྲོ་བ་སོགས་ཆོས་སྤྱོད་ཀྱི་བྱ་བ་ཁོ་ན་བྱེད་ཅིང་རྒྱལ་སྲིད་ལ་རྦད་དེ་དོ་སྣང་མེད་པའི་རྒྱལ་པོ་ཞིག་ཏུ་གྱུར་བས། བཙུན་མོ་འདིས་རྒྱལ་པོས་རྒྱལ་སྲིད་སྤངས་པ་ལྟ་བུའི་བྱ་སྤྱོད་དེ་འགོག་ཕྱིར་བྱང་ཆུབ་ཤིང་ལ་སྦྲུལ་གྱི་མཆེ་བ་དུག་ཅན་བཏབ་སྟེ་རྩ་བ་ནས་ཉམས་པར་བྱས། དེར་བརྟག་ན་བཙུན་མོ་འདིར་རྒྱལ་སྲིད་ཀྱི་གོ་གནས་ཐོབ་པ་ཙམ་མ་ཡིན་པར་རྒྱལ་པོའི་བྱ་སྤྱོད་ལའང་ཐེ་གཏོགས་བྱེད་ཕོད་པའི་བཙུན་མོ་དབང་ཆེན་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། 《ཀུ་བརྗོད་》སོགས་བསྟན་བཅོས་མི་ཉུང་བ་ཞིག་ཏུ་བཙུན་མོ་འདིར་རྒྱལ་སྲིད་སྐྱོང་དབང་ཇི་ལྟར་ཐོབ་ཚུལ་ཐད། སྐབས་ཞིག་ལ་རྒྱལ་པོར་ནད་ལྕི་མོ་ཞིག་ཕོག་པ་གསོས་པའི་བྱས་རྗེས་སུ་རྒྱལ་སྲིད་ཉིན་བདུན་ལ་སྐྱོང་དབང་སྤྲད་ཚུལ་བཤད་ཡོད་ཀྱང་། ཡིན་རྒྱུ་དངོས་ནི་དགེ་ཆོས་ཀྱིས་བཤད་པ་ལྟར། བཙུན་མོ་ཆེན་མ་འདས་འོག་ཏུ་བཙུན་མོ་ཆུང་བ་སྐར་རྒྱལ་སྲུངས་མ་འདི་ཉིད་གཙོ་མོར་བཅུག་པ་ནས་དབང་ཡོད་ཀྱི་བཙུན་མོ་ཞིག་ཏུ་གྱུར་ཞིང་། གོ་སྐབས་དེར་བསྟུན་ནས་རང་གི་སྲས་ས་ནུ་དེ་ལོ་ན་ཆུང་ཡང་རྒྱལ་སྲིད་ཀྱི་ཁྲི་མཐོར་འགོད་པའི་བློ་སྐྱེས་ཤིང་དམིགས་ཡུལ་དེ་འགྲུབ་དགོས་ན། སྐབས་དེར་བཙུན་མོ་ཆེན་མ་པདྨ་ཅན་གྱི་སྲས་ཀུ་ན་ལ་རྒྱལ་ཚབ་སྲས་སུ་ཡོད་པ་དེ་མེད་པ་བཟོ་དགོས་པས། བཙུན་མོ་འདིས་རྒྱལ་བུ་ཀུ་ན་ལ་ཆབ་སྲིད་ཀྱི་གར་སྟེགས་ནས་ཕམ་པར་བྱེད་པའི་གོ་རིམ་ཁ་ཤས་ལག་ལེན་དུ་བསྟར་པ་གཤམ་གསལ།
              1.རྒྱལ་བུ་ཀུ་ན་ལ་ཕོ་བྲང་ནས་སྡོད་དུ་མ་བཅུག་པར་ལྕགས་རིའི་སྒོ་སྲུང་བར་བསྐོས་པ། 《ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པ་》ལས། མ་ཡར་གྱིས་འཁོན་དུ་བཟུང་སྟེ་སྐབས་ཤིག་གླགས་རྙེད་དེ་རྒྱལ་པོ་ལ་གསོལ་བ་བདག་ཅག་ཡུལ་རཀྵ་ཤི་ར་འདིར་གལ་ཆེ་བ་ནི་ཕྱིའི་ལྕགས་རི་སྟེ། དེའི་སྒོ་བསྲུང་རྒྱལ་པོ་མཉེས་ཤིང་ཀུན་གྱིས་བཀུར་བ་ཞིག་མ་གཏོགས་གཞན་ལ་ཡིད་བརྟན་དཀའ་བས། དེར་རྒྱལ་ཚབ་འདི་ཉིད་སེམས་དཔའ་ཞིང་སྟོན་(སྟོབས)དང་ལྡན་པའི་གྲགས་པས་སྐྱེ་བོ་ཉེ་རིང་མེད་པར་མཐའ་དག་མགུ་བ་དང་དགའ་བར་སྣང་བས། ལྕགས་རིའི་སྒོ་དེ་བསྲུང་བར་བཏང་ན་འུ་བུ་ཅག་ཡུན་རིང་དུ་བདེ་བར་འཚོ་བར་མི་འགྱུར་རམ་ཞེས་ཞུས་པས། རྒྱལ་པོས་མ་བསྟག(བརྟག་)པར་བཙུན་མོས་ཞུས་པ་ལྟར། སྲས་ལ་ཁྱོད་ལྕགས་རིའི་སྒོ་བསྲུངས་བསྐོ་ཡིས་ངེད་ཀྱི་བཀའ་ཤོག་གང་བསྐུར་བ་མ་ངེད(ངེས་)ཀྱི་སོའི་རྟགས་འདེབས་པས་རྟགས་ལ་རྟོག་ཤིག སོ་ནི་ངའི་ཁ་ནང་དུ་ཡོད་པས་བསླུ་བར་མི་འགྱུར་རོ།རྒྱལ་བུ་ཀུ་ན་ལ་བཀའ་མནོས་ནས་སོང་ངོ༌།⑨ ཞེས་བྱུང་པ་འདི་ལས། དུས་སྐབས་དེར་བཙུན་མོ་འདིས་རྒྱལ་ཚབ་སྲས་ཀུ་ན་ལ་དེ་རྒྱལ་པོའི་ཕོ་བྲང་ལས་རིང་དུ་གནས་པའི་ལྕགས་རི་སྲུང་བར་བསྐོས་པའི་ཐབས་ཀྱིས་རྒྱལ་སྲས་འདི་ཕོ་བྲང་ནས་ཕྱིར་འབུད་བྱས། ང་ཚོས་དཔྱད་གཞི་དེ་དག་ཐོག་མར་ཀློག་པའི་དུས་སུ་དེ་ལྟར་བྱེད་དོན་དང་དམིགས་ཡུལ་ཅི་ཡིན་པ་གསལ་པོར་ཤེས་མི་ཐུབ་ཀྱང་། རྗེས་ཀྱི་བྱ་སྤྱོད་ལ་དཔོག་ན་དུས་སྐབས་དེ་ཙམ་ནས་རྒྱལ་བུ་འདི་ཆབ་སྲིད་ཀྱི་གོ་གནས་ལས་འབུད་པའི་ཐབས་རྩོམ་བཞིན་ཡོད་པ་གསལ་པོར་རྟོགས་ཐུབ།
              2.ཡུལ་རྡོ་འཇོག་ཏུ་མངགས་པ། 《རྒྱ་གར་ཆོས་འབྱུང་》དུ། ནམ་ཞིག་ན་ནུབ་བྱང་ཨསྨ་པ་རནྟ་ཞེས་བྱ་བ་ཡུལ་ཐག་རིང་པོ་ཞིག་ན་རྒྱལ་པོ་གླང་པོའི་རྣ་བ་ཞེས་བྱ་བ་ངོ་ལོག་པ་འདུལ་བའི་དོན་དུ་རྒྱལ་བུ་ཀུ་ན་ལ་དམག་དང་བཅས་པ་སོང༌། ཞེས་བཀོད་པ་ལྟར། བཙུན་མོ་འདིའི་དབང་འཛིན་པའི་དུས་སུ་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་ཡུལ་“ཨསྨ་པ་རནྟ་”ཞེས་པའི་ཡུལ་དུ་མངགས། 《དཔག་བསམ་འཁྲི་ཤིང་》གི་འགྱུར་སཾ་བོད་ཤན་སྦྱར་དུ། ཨ་དྱ་པི་མེ་ཏཀྴ་ཤི་ལ་ནི་བཱ་པཱི་ནི་ཀུ་མཱ་རཿབྲ་ཧི་ཎོ་ཏི་ལེ་ཁཾ། ཞེས་པ་བོད་ཡགི ་ཏུ། གཞོན་ནུ་རྡོ་འཇོག་ན་གནས་ད་ལྟ་ཡང་༌ །། བདག་ལ་སྤྲིང་ཡིག་ཅིའི་ཕྱིར་ཡོངས་མི་སྤྲིང་། ཞེས་རྡོ་འཇོག་གི་སྐད་དོད་དུ་ཏཀྴ་ཤི་ལ་ཞེས་བཀོད་པ་དང་། དེ་བཞིན་དགེ་ཆོས་ཀྱི་རྩོམ་ཡིག་《རྩོམ་ཡིག་གསེར་གྱི་ཐང་མར་》ཏཀྵ་ཤི་ལ་རྡོ་འཇོག་ཅེས་བྱུང་པ་ལས། ཨསྨ་པ་རནྟ་ཞེས་པ་བཀོད་མེད་ལ། སཾ་བོད་ཚིག་མཛོད་ཁག་ཏུའང་མིང་དེ་འདྲ་རྡོ་འཇོག་གི་སྐད་དོད་བྱུང་མེད་མོད། 《སཾ་བོད་སྐད་གཉིས་ཤན་སྦྱར་》⑩དུ། ཨསྨ་གརྦྷ། ཞེས་པ་རྡོའི་སྙིང་བོར་འཇུག་ཚུལ་བཤད་ཡོད་པ་ལྟར་ན། གོང་གསལ་ཨསྨ་པ་རནྟ་ཞེས་པའི་མིང་དེ་ཡང་ཡུལ་རྡོ་འཇོག་གི་སྐད་དོད་དུ་སྦྱོར་བཏུབ་པའི་མིང་ཡིན་པས་《རྒྱ་གར་ཆོས་འབྱུང་》དུ་མིང་དེ་བཀོད་སྤྱོད་བྱས། འཇམ་དཔལ་རྩ་རྒྱུད་དུ། རི་ནི་རྡོ་འཇོག་མཐོ་བ་དང་། ཞེས་བྱུང་པས་རྡོ་འཇོག་ནི་ཡུལ་བྱེ་བྲག་པ་རི་བོའི་མིང་ནས་ཡུལ་ཁམས་ཀྱི་མིང་དུ་བྱུང་བ་ཞིག་རེད། དགེ་ཆོས་ཀྱིས་ཡུལ་ཕྱོགས་འདི་ནི་གན་དྷ་ར་སྟེ་དྲི་ཟའི་ཡུལ་ཡིན་ཅེས་དང༌། ཡང་གཏམ་རྒྱུད་གསེར་གྱི་ཐང་མར། དྲི་ཟའི་ཡུལ་ཁ་ཆེ་ལ་བྱོན་ནས། ཞེས་ད་ལྟ་སོ་སོར་ངོས་འཛིན་པའི་ཡུལ་དེ་གཉིས་ནི་སྔར་དྲི་ཟའི་ཡུལ་དུ་གྲགས་པ་དེ་ཡིན་པར་བསྟན། རྒྱ་གར་ནུབ་བྱང་ཕྱོགས་ཀྱི་ཡུལ་ཁམས་འདིར་ལེགས་སྦྱར་སྐད་དུ་ཨསྨ་པ་རནྟ་དང་། གན་དྷ་ར། ཏཀྴ་ཤི་ལ་སོགས་ཡུལ་བྱེ་བྲག་པའི་མིང་དུ་མ་བྱུང་བ་བཞིན། བོད་ཀྱི་སྐད་དུའང་རྡོ་འཇོག་དང་། དྲི་ཟའི་ཡུལ། མིའམ་ཅིའི་ཡུལ། ཞེས་སོགས་ཀྱི་མིང་འབོད་བྱུང་མྱོང་། རྗེ་དགེ་འདུན་གྲུབ་ཀྱི་འདུལ་བའི་གླེང་འབུམ་དུ། སྟོན་པ་ཤཱཀྱ་ཐུབ་པའི་དུས་ལྷ་རྗེ་འཚོ་བྱེད་གཞོན་ནུ་ཉིད་དྲི་ཟའི་ཡུལ་རྡོ་འཇོག་གམ་ཡ་ཝ་ན་རུ་ཕྱིན་པར་བཤད་པས་ཡ་ཝ་ནའི་ཡུལ་དེ་ཡང་ཁ་ཅིག་གིས་འདི་ཕྱོགས་སུ་ངོས་འཛིན་པར་སྣང་། གན་དྷ་ར་ནི་དེང་སང་པ་ཀིན་སི་ཐན་རྒྱལ་ཁབ་ཀྱི་ཁན་ད་ཧཱ་(坎达哈)ཞེས་འབོད་པའི་ཡུལ་དེ་ཡིན་པས། རྒྱལ་བུ་ཀུ་ན་ལ་མངགས་སའི་རྒྱ་གར་ནུབ་བྱང་ཕྱོགས་ཞེས་པ་ཡུལ་ཕྱོགས་དེ་ཙམ་ལ་ངོས་འཛིན་དགོས།
              《ཀུ་བརྗོད་》དུ། རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་པ་ཐོས་པ་དང༌། རྒྱལ་པོ་རང་ཉིད་ཆས་པར་གྱུར་ཏོ། ཞེས་ཡུལ་རྡོ་འཇོག་གི་ངོ་ལོག་ཟིང་འཁྲུག་དེ་འདུལ་བར་རྒྱལ་པོ་དངོས་སུ་འགྲོ་བའི་གྲ་སྒྲིག་བྱས་ཚུལ་བཀོད་ཡོད་པས་ཐོག་མའི་དུས་སུ་རྒྱལ་པོ་རང་ཉིད་འགྲོ་ཆས་ཡོད་ཀྱང༌། བློན་པོ་རྣམས་ཀྱིས། ལྷ་གཞོན་ནུ་བརྫང་དུ་གསོལ། དེས་ཐུལ་པར་འགྱུར་ལགས་སོ།ཞེས་ཞུ་པ་བཞིན་སྲས་ཀུ་ན་ལ་མངགས། 《ཀུ་བརྗོད་》དུ།ཀུ་ན་ལ་རིམ་གྱིས་གྲོང་ཁྱེར་རྡོ་འཇོག་ཏུ་ཉེ་བར་ཕྱིན་པ་དང་། རྡོ་འཇོག་གི་གྲོང་ཁྱེར་པས་ཐོས་ནས། དཔག་ཚད་ཕྱེད་དང་གསུམ་གྱི་བར་དུ་གྲོང་ཁྱེར་བརྒྱན་པ་དང་། ལམ་མཛེས་པར་བྱས་ཏེ། བུམ་པ་གང་བ་མར་སར་གྱིས་བརྒྱན་པས་མདུན་བསུས་སོ། ཞེས་དང་། མདུན་བསུ་ནས་ཐལ་མོ་སྦྱར་ཏེ་སྨྲས་པ། བདག་ཅག་རྣམས་ནི་གཞོན་ནུ་ལ་འགལ་བར་བགྱིད་པ་ཡང་མ་ལགས། རྒྱལ་པོ་ཨ་ཤྭ་ཀ་ལ་ཡང་མ་ལགས་མོད་ཀྱི། བློན་པོ་མི་སྲུན་པ་དག་ལོངས་(འོངས)ནས་བདག་ཅག་ལ་བརྙས་པར་བགྱིས། ཞེས་བཀོད་པ་ལྟར་ན། ཡུལ་རྡོ་འཇོག་ནས་བྱུང་པའི་ཟིང་འཁྲུག་དེ་ནི་རྒྱལ་པོ་གླང་པོའི་རྣ་བ་ཅན་ཞེས་བྱ་བ་དེས་མནར་སྡུག་ལ་མ་བཟོད་པར་མང་ཚོགས་ཀྱིས་དེའི་གདུག་རྩུབ་ལ་ངོ་རྒོལ་བྱས་པ་ལས་རྒྱལ་པོ་ཨ་ཤྭ་ཀའི་སྲིད་ལ་ངོ་རྒོལ་བྱས་པ་མིན་མོད། བཙུན་མོ་རྒྱལ་སྲུངས་མས་གོ་སྐབས་དེ་སྤྱད་ནས་ཀུ་ན་ལ་ཡུལ་ཐག་རིང་པོ་རྡོ་འཇོག་ཏུ་སྤྱུགས། དེར་བརྟག་ན་བཙུན་མོ་འདིའི་ཁོར་ཡུག་ཏུ་བློན་པོ་དང་རྡོ་འཇོག་ལྟ་བུའི་ཁམས་ཀྱི་རྒྱལ་པོ་མི་ཉུང་བ་ཞིག་ཡོད་པ་ཡིན་ལ། རྒྱལ་པོ་ཨ་ཤྭ་ཀར་འགྲན་ནུས་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་སམ་ཚོགས་ཁག་ཆེན་པོ་ཞིག་གྲུབ་ཡོད་པའང་ཤེས་ཐུབ། ཀུ་ན་ལ་ཡུལ་རྡོ་འཇོག་དུ་མངགས་པ་ནི་བཙུན་མོ་འདིས་རྒྱལ་བུ་ཀུ་ན་ལར་ངོ་རྒོལ་བྱེད་པའི་ཆབ་སྲིད་འཐབ་རྩོད་ཁྲོད་ཀྱི་རྒྱལ་ཁ་ཞིག་ཡིན་པར་བརྗོད་ཆོག
              3.ཀུ་ན་ལར་རྒྱལ་སྲིད་སྤྲོད་པར་བཀག་འགོག་བྱས་པ། 《དཔག་བསམ་འཁྲི་ཤིང་》དུ་ཆོས་རྒྱལ་ཨ་ཤོ་ཀར་ནད་ལྕི་མོ་ཞིག་བྱུང་སྟེ། ཁ་ནས་ངན་སྐྱུགས་འོང་ཞིང༌། བ་སྤུའི་བུ་ག་ཐམས་ཅད་ནས་མི་གཙང་བ་འཛག་པར་གྱུར་ཀྱང་གསོ་བར་མ་ནུས་པ་ལ། རྒྱལ་པོས་རང་ཉིད་འཚོ་མི་ཐུབ་པར་སེམས་ནས། ཀུ་ན་ལ་ཁུག་ཅིག དེ་རྒྱལ་སྲིད་ལ་བཞག་པར་བྱ། ཞེས་རང་གི་རྒྱུད་འཛིན་པ་སུ་ཡིན་པ་གཏན་འབེབས་གནང་ཚུལ་བཀོད་པ་དང་། དེའི་འགྲེལ་བ་《དཔག་བསམ་འཁྲི་ཤིང་》དུ། རྒྱལ་པོ་ཚེའི་དུས་བྱེད་པར་བསམས་ནས་སྨྲས་པ། ངའི་བུ་རྡོ་འཇོག་གི་རྒྱལ་སྲིད་ལ་ཡོད་པ་མྱུར་དུ་བོས་ཤོག ངའི་གཙུག་རྒྱན་དང་གདུགས་དཀར་སོགས་རྒྱལ་སྲིད་རྣམས་བུ་ལ་འབུལ་བ་ཡིན་གསུངས་ནས། ཞེས་པ་ལས། དུས་སྐབས་དེར་གཙུག་རྒྱན་དང་གདུགས་དཀར་སོགས་རྒྱལ་པོའི་ཆེ་བ་མཚོན་བྱེད་རྣམས་སུ་ལ་ཡོད་པ་དེ་རྒྱལ་པོར་ངོས་འཛིན་བྱེད་པས་ཆོས་རྒྱལ་ཨ་ཤྭ་ཀས་རྒྱལ་པོའི་རྟགས་སམ་ཆེ་བ་མཚོན་བྱེད་རྣམས་རྒྱལ་ཚབ་ཀུ་ན་ལར་སྤྲོད་པའི་བཀའ་བསྒྲགས་ཏེ། རང་གི་རྒྱལ་ཚབ་སུ་ཡིན་གཏན་འབེབས་གནང་། རྒྱལ་པོས་དེ་ལྟར་བཀའ་བསྒྲགས་པ་ན། བཙུན་མོས། གལ་ཏེ་ཀུ་ན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ་མེད་པར་འགྱུར་རོ་སྙམ། ཞེས་སེམས་ཁྲལ་ལངས་ཚུལ་བཀོད་ཡོད། ཕ་རྒྱུད་གཙོ་བོར་འཛིན་པའི་རྒྱ་གར་ཏེ་ལྷག་པར་དུ་ཆོས་རྒྱལ་ཨ་ཤྭ་ཀའི་དུས་སུ་བཙུན་མོ་ཞིག་རྒྱལ་ཐབས་ཀྱི་སྲིད་ཁྲི་མཐོན་པོར་བཞུགས་ཐབས་མེད་པ་ནི་ཀུན་ལ་གསལ་པའི་དོན་ཞིག་ཡིན་པས། བཙུན་མོ་འདིས་སེམས་པའི་འཚོ་བ་ནི་སྤྱིར་བཏང་གི་མིའི་“འཚོ་བ་”ཙམ་མིན་པར་རྒྱལ་སྲིད་ལ་འབྲེལ་པའི་ཆབ་སྲིད་ཀྱི་“འཚོ་བ་”དེ་ཡིན་ལ། ཀུ་ན་ལར་རྒྱལ་སྲིད་སྤྲད་ཚེ་རང་གི་རིགས་སྲས་དེ་ཉིད་རྒྱལ་སྲིད་ཀྱི་ཁྲི་མཐོར་འགོད་པའི་“འཚོ་བ་”དེ་འགྲུབ་ཐབས་མེད་པས་“གལ་ཏེ་ཀུ་ན་ལ་རྒྱལ་སྲིད་ལ་བཞག་ན། ངའི་འཚོ་བ་མེད་པར་འགྱུར་རོ་སྙམ་” ཞེས་སེམས་འཚུབ་ལངས། དེ་ནི་རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་སུ་ཞིག་རྒྱལ་ཚབ་ཏུ་འགོད་པའི་མི་སྣ་འདེམས་གསེས་ཐད་ལྟ་ཚུལ་མི་འདྲ་བ་བྱུང་པའི་འཐབ་རྩདོ ་ཀྱི་འགོ་ཚུགས་སར་གྱུར། ཨ་ཤྭ་ཀས་གནས་སྐབས་སུ་རྒྱལ་སྲིད་འཛིན་པའི་རྣམ་པ་དེ་རྒྱུན་འཁྱོངས་བྱས་ན་རང་གི་འདོད་དོན་ནམ་“འཚོ་བ་”དེ་འགྲུབ་ཐུབ་པར་སེམས་ནས་བཙུན་མོས་ཨ་ཤྭ་ཀར། རྒྱལ་སྲིད་སྲས་ལ་མ་གཏོད། རང་གི་དབང་ཕྱུག་མི་ལ་སྤྲད་ན་ཀུན་གྱིས་བརྙས་པར་བྱེད། ཅེས་སྨྲས་ཏེ་སྲས་ཀུ་ན་ལ་འབོད་དུ་མ་བཅུག་ཚུལ་《དཔག་འགྲེལ་》དུ་གསལ་པ་བཞིན་རྒྱལ་པོའི་བཀའ་ཕྱིར་སྡུད་དུ་བཅུགས། དེ་ནི་བཙུན་མོ་འདིས་རྒྱལ་ཚབ་སྲས་ཀྱི་གོ་གནས་རྩོད་པའི་འཐབ་རྩོད་ཁྲོད་ཀྱི་རྒྱལ་ཁ་ཐེངས་དང་པོ་རེད། ཡིན་ནའང་དེ་ནི་གནས་སྐབས་ཀྱི་རྒྱལ་ཁ་ཙམ་ཡིན་ཏེ། རྒྱལ་པོས་ནམ་ཞིག་སྲས་ཀུ་ན་ལ་སྔར་བཞིན་རྒྱལ་ཚབ་ཏུ་གཏན་འབེབས་གནང་ཚེ། བཀའ་དེ་སླར་ཡང་འགོག་པའི་གོ་སྐབས་ཡོད་མེད་སུས་ཀྱང་ཚོད་འཛིན་མི་ཐུབ་པས། བཙུན་མོ་འདིས་རྒྱལ་པོ་ནད་ལས་གསོས་པའི་མཛད་རྗེས་བསྐྲུན་པའི་མཚུངས་སུ། རྒྱལ་ཚབ་རྩོད་པའི་འདོད་དོན་ནམ་འཚོ་བ་དེ་འགྲུབ་པའི་ཐབས་གཞན་ཞིག་བྱེད་བཞིན་ཡོད།
              4.རྒྱལ་བུ་ཀུ་ན་ལའི་མིག་གཉིས་བྲུས་ཏེ་མ་འོངས་པར་རྒྱལ་སྲིད་འཛིན་མཁན་ཞིག་ཏུ་འགྱུར་ཐབས་མེད་པའི་གནས་སུ་བཀོད་པ། བཙུན་མོ་འདིས་རྒྱལ་བུ་ཀུ་ན་ལའི་མིག་གཉིས་བྲུས་པའི་རྒྱུ་མཚན་དེ་དཔྱད་གཞི་མང་པོ་ནང་། རྒྱལ་སྲུངས་མས། ཀུ་ན་ལ་གཅིག་པུ་འདུག་པ་མཐོང་ནས། མིག་ལ་རྗེས་སུ་ཆགས་པས་ལུས་ལ་ཀུན་ཏུ་འཁྱུད་དེ་སྨྲས་པ། གཞོན་ནུ་བདག་དང་ལྷན་ཅིག་ཏུ།། དགའ་བ་རྗེས་སུ་མྱོང་བར་བྱ།། ཞེས་སྨྲས་ཚུལ་དང་། ཀུ་ན་ལས་ལན་དུ། འདདོ ་ཆགས་ཡོངས་སུ་སྤོང་བར་གྱིས།།་་་་་་སོགས་ལས་འབྲས་ཀྱི་གནས་ལུགས་ལ་སྦྱར་བའི་ལེགས་བཤད་གསུངས་ཏེ་བཙུན་མོའི་འདོད་པ་བཟློག་ཚུལ་སོགས་དཔྱད་གཞི་རྣམས་སུ་ཆེས་གསལ་བར་བཀོད་ཡོད་པ་ལྟར། ཀུ་ན་ལ་ནི་ཕའི་ཆུང་མ་ལ་ཡོངས་སུ་ལྟ་བ་ཞིག་མིན་ཀྱང་། བཙུན་མོ་འདིས་རང་གི་སྲས་རྒྱལ་ཚབ་ཏུ་འགོད་པའི་འཐབ་རྩོད་ཁྲོད་ཐོག་མར་རྒྱལ་བུ་ཀུ་ན་ལ་ཕོ་བྲང་ལས་ཕུད་དེ་ཆབ་སྒོ་བསྲུང་བར་བསྐོས་པ་དང་། ཡུལ་རྡོ་འཇོག་ནས་གྱེན་ལོག་བྱུང་བའི་དུས་སུ་རྒྱལ་པོ་འགྲོར་མ་བཅུག་པར་བུ་ཀུ་ན་ལ་བརྫངས་པའི་ཐབས་ཀྱིས་ཕ་བུ་གཉིས་ཀྱི་ཁ་ཐག་ཇེ་རིང་དུ་བཏང་། ཐབས་ཤེས་དེ་ཙམ་གྱིས་ད་དུང་ཀུ་ན་ལ་དེ་ཉིད་རྒྱལ་སྲིད་ཀྱི་ཁྲི་མཐོར་འགོད་པའི་ལམ་འགོག་ཐབས་མེད་པར་སེམས་ཏེ་ཐབས་ཤེས་གཞན་ཞིག་སྟེ། ཕའི་ཆུང་མ་ལ་ཡོངས་སུ་ལྟ་བ། ཞེས་སྐྱོན་འཛུགས་ཆེན་པོ་བྱེད་པའི་གླེང་ཕྱོགས་བཟོས། ཨ་ཤྭ་ཀས་རྒྱལ་སྲིད་ལ་དོ་སྣང་མེད་པའི་སྐབས་ལ་བསྟུན་ཏེ། ཡུལ་རྡོ་འཇོག་གི་དབང་བོར་རྒྱལ་པོ་ཨ་ཤྭ་ཀའི་བཀའ་ཡིག་གི་ཚུལ་དུ། རིགས་ཀྱི་སོལ་པར་གྱུར་པའི་ཀུ་ན་ལ་དེས་་་་་་་ཕའི་ཆུང་མ་ལ་ཡོངས་སུ་ལྟ་བ།ཞེས་དང་། གང་གི་མིག་གཉིས་ཀྱི་དྲེགས་ཤིང་ཁེངས་པར་བྱེད་པ་དེ་མེད་པར་གྱིས་ལ། དེ་ཡང་སྐྱེས་པོ་རྣམས་ཀྱིས་མཐོང་བར་གྱིས་ཤིག དེའི་ལན་གྱི་ཡི་གེ་ཡང་གཏོང་བར་མ་བྱེད་ཅིག ཅེས་ཡུལ་རྡོ་འཇོག་གི་དབང་པོར་ཨ་ཤྭ་ཀའི་བཀའ་ཡིག་རྫུས་མ་བསྐུར་ཏེ་རྒྱལ་བུ་ཀུ་ན་ལའི་མིག་གཉིས་བྲུས། ཐེངས་དེའི་འཐབ་རྩོད་ཁྲོད་རྒྱལ་བུ་ཀུ་ན་ལའི་མིག་གཉིས་བྲུས་ཤིང་མ་འོངས་པར་རྒྱལ་སྲིད་སྐྱོང་མཁན་ཞིག་ཏུ་འགྱུར་ཐབས་མེད་པའི་གནས་སུ་བཀོད་པ་དེ་བཙུན་མོ་ཤོག་ཁའི་མཐར་ཐུག་རྒྱལ་ཁ་ལེན་པར་རྨང་གཞི་བསྐྲུན། དེ་འདྲའི་འཐབ་རྩོད་བྱུང་པའི་དཔེ་བོད་རྒྱའི་ལོ་རྒྱུས་སུ་བྱུང་བ་ཤིན་ཏུ་མང་སྟེ། འོད་སྲུངས་དང་ཡུམ་བརྟན་གྱི་རྒྱལ་སྲིད་བརྩད་པ་ཡང་འདི་ལྟའི་དཔེར་འགྲོ་བའི་ལོ་རྒྱུས་ཡིན་ལ། རྒྱ་ནག་རྒྱལ་པོ་ཐང་ཞོན་ཙུན་གྱི་བཙུན་མོ་ཝུའུ་ཧའེ་ཧྥའེ་(武惠妃-737)ཟེར་བས་རང་གི་སྲས་ལི་མའོ་(李瑁)ཟེར་བ་སྐབས་དེར་རྒྱལ་ཚབ་སྲས་སུ་ཡོད་པའི་གོ་གནས་བརྟན་ཕྱིར་བཙུན་མོ་གཞན་གྱི་རྒྱལ་སྲས་གསུམ་ཉེས་མེད་དུ་བསད་ཅིང་དེ་ནས་རང་ཡང་འཇིགས་པས་འཆི་བར་གྱུར་ཚུལ་རྗེས་རབས་ཀྱི་ལོ་རྒྱུས་སུ་གསལ་པ་བཞིན་སྐར་རྒྱལ་སྲུང་མས་རྒྱལ་བུ་ཀུ་ན་ལར་གནོད་འཚེ་ལྷུར་བླངས་པ་ནི་དེ་འདྲའི་འཇིག་རྟེན་ཆགས་སྡང་ལ་གནས་པའི་བྱ་སྤྱོད་ཞིག་རེད།
              5. སྲས་ས་ནུ་ཡུལ་གཞན་དུ་སྤྱུགས་པའི་ཐབས་ཀྱིས་སྲོག་བསྐྱབས་པ། ཀུ་ན་ལའི་མིག་གཉིས་བྲུས་ཤིང་རྡོ་འཇོག་ནས་ཕུད་དེ་གནས་ངེས་མེད་དུ་འཁྱམས་ནས་འགྲོ་བའི་དུས་དེར། ཀུ་ན་ལས་འདི་ནི་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་མ་ཡིན་གྱི། གཞན་དུ་ན་སྦྱོར་བ་འདི་ནི་རྒྱལ་སྲུངས་མའི་ཡིན་ནོ་ཞེས་ཐོས་སོ།། ཞེས་《ཀུ་བརྗོད་》དུ་བཀོད་པ་བཞིན། རྒྱལ་སྲུངས་མའི་སྤྱོད་ངན་དེ་རྒྱལ་པོ་ཨ་ཤྭ་ཀས་ཤེས་ཏེ། རྒྱལ་སྲུང་མ་བོས་ཏེ་སྨྲས་པ། སྐལ་མེད་ཅིའི་ཕྱིར་སར་ནི་ནུས་མ་གྱུར།། ཆོས་བཤིག་ང་ཡང་མི་དགར་བྱས་པས་ན།། ཆོས་མི་ལྡན་པ་བདག་དཔལ་འཕྲོག་འདྲ་བ།།ཤིན་ཏུ་སྡིག་བྱེད་ཁྱོད་ནི་སྤང་བར་བྱ།། དེ་ནས་རྒྱལ་པོ་ཁྲོ་བའི་མེ་འབར་བ་དང་༌།། རྒྱལ་སྲུངས་མ་ལ་ལྟོས་ཏེ་སྨྲས་པ།།འདིའི་མིག་དབྱུང་ངམ་འོན་ཏེ་འདི་ཡི་ལུས།། སེན་མོ་ཤིན་ཏུ་རྣོ་བས་དྲལ་བའམ།། ཡང་ན་གསོན་པོར་བདུན(མདུང་)རྩེར་སྐྱོན་པའམ།། འདིའི་ལུས་སོག་ལེས་རྣམ་པར་དགས་པར་བྱ།། ཡང་ན་ལྕེ་ནི་སྤུ་གྲིས་གཏུབ་བྱ་ཞིང་༌།། དགྲ་སྟས་བསྣུན་པས་མགོ་བོ་བཅད་པར་བྱ།། ཡང་ན་བསྐལ་པའི་མེ་འདྲར་གཞུག་བྱ་ཞིང༌་།། འོན་ཏེ་དུག་གིས་ལུས་འདི་དགང་བར་བྱ།། ཞེས་ཉེས་སྐྱོན་ལ་གཞིགས་པའི་གསོད་ཚུལ་ཡ་ང་བ་དུ་མ་བསྟན། རང་རེ་མང་པོ་ཞིག་ནི་ད་དུང་ཡང་བཙུན་མོ་འདིས་རྒྱལ་བུ་ཀུ་ན་ལའི་མཛེས་སྡུག་ལ་ཆགས་ཏེ་འདོད་པའི་ཐབས་བྱས་པ་མ་འགྲུབ་པའི་ཞེ་ནད་ཀྱིས་རྒྱལ་བུ་མིག་གཉིས་བྲུས་པར་བཤད་པའི་རྗེས་སུ་ཕྱོགས་པ་དང་། ཁ་ཅིག་གཏམ་རྒྱུད་འདི་སྟོན་པའི་སྐྱེས་སྔོན་གཏམ་རྒྱུད་ཡིན་མིན་ལ་དཔྱོད་པ་ཙམ་ལས་འཆད་ཚུལ་ནང་འགལ་ཅན་དེ་དག་བྱུང་དོན་ཅི་ཡིན་པར་བསམ་བློ་གཏོང་མཁན་ཧ་ལམ་མེད་པའི་ཚོད་དུ་སྣང་བ་ནི་ཡར་སྔོན་གྱི་ལོ་རྒྱུས་ཙམ་དུ་ཤེས་པར་བྱ་སྟེ་ད་དུང་སྔོན་གྱི་འཆད་ཚུལ་དེ་དག་ལ་ཡིད་ཆེས་ཏེ་སྡོད་པ་ནི་རང་ཉིད་དཔྱད་ཞིབ་ཀྱི་གནས་སུ་འཇུག་པ་ཞན་པའི་རྟགས་སུ་ཤེས་པར་བྱའོ།། ཆག་ལོ་ཙཱ་བའི་རྣམ་ཐར་བྲིས་མའི་ཤོག་གྲངས་103པའི་ངོས་སུ་ཆོས་རྒྱལ་འདིའི་ལོ་རྒྱུས་བཀོད་པ་ལས། ལོ་བརྒྱད་ཅུ་རྩ་བདུན་གྱི་བར་དུ་མཆོད་རྟེན་རྣམས་ལ་མཆོད་པར་བྱས་ཏེ། སྤྱིར་དགུང་ལོ་བརྒྱ་དང་ལྔ་བཅུ་བཞུགས་ནས་འདས་ཏེ་ལྷར་སྐྱེས་སོ། ། ཞེས་བྱུང་ཡང་། དགེ་ཆོས་ཀྱིས ། བྱང་ཆུབ་ཤིང་སྐམ་ནས་ལོ་བཞི་ན་ཨ་ཤྭ་ཀ་དུས་ཀྱི་ཆོས་ཉིད་དུ་གྱུར་ཅིང་། ཁྱོན་བསྡོམས་ལོ་སོ་བདུན་ལ་རྒྱལ་སྲིད་བསྐྱངས་སོ།།⑾ཞེས་བཀོད་པ་དེ་ལྟར་ན། བཙུན་མོ་འདིར་ཨ་ཤྭ་ཀའི་ཁྲི་ལོ་སུམ་ཅུ་སྟེ་སྤྱི་ལོ་སྔོན་329དུས་སུ་རྒྱལ་བུ་ས་ནུ་འཁྲུངས་པ་དང་། དེ་གཙོ་མོར་བཅུག་པའི་ལོ་གསུམ་པ་སྟེ་ཧ་ལམ་སྤྱི་ལོ་སྔོན་གྱི་ལོ་326དུས་སུ་བཙུན་མོ་འདིས་བྱང་ཆུབ་ཤིང་མེར་བསྲེགས།དེ་ནས་ཧ་ལམ་ལོ་གསུམ་ལོན་དུས་ཏེ་སྤྱི་ལོ་སྔོན་323དུས་སུ་བཙུན་མོ་འདིས་རྒྱལ་བུ་ཀུ་ན་ལའི་མིག་གཉིས་བྲུས་པའི་ཉེས་ཆད་དུ་གསོན་སྲེག་མཛད། དུས་དེར་རྒྱལ་བུ་ས་ནུ་དེ་དགུང་ལོ་བདུན་ལ་སོན་པའི་བྱིས་པ་ཞིག་ཡིན། ཨ་ཤྭ་ཀའི་འདས་ལོ་རང་ལ་བཙུན་མོ་འདི་གསོན་སྲེག་མཛད་པ་ཡིན་ན་སྤྱི་ལོ་སྔོན་322ལ་འཁེལ་ཞིང་། ལོ་དེར་རྒྱལ་བུ་ས་ནུ་དགུང་ལོ་བརྒྱད་ལ་སོན་ཡོད། དེས་ན་ས་ནུ་ནི་ཡབ་རྒྱལ་པོ་འདི་ཚེ་མཇུག་ལ་ཉེ་བའི་དུས་སུ་གྲོང་ཁྱེར་པ་ཊ་ལི་པུ་ཏྲར་⑿འཁྲུངས།《ལི་ཡུལ་ལུང་བསྟན་》དུ། བཙུན་མོས་ཀྱང་བུ་འདི་མི་བོར་དུ་ནི་རྒྱལ་པོས་བསད་པར་དོགས་ནས་དེ་ཉིད་དུ་བོར་བ་ན།ཞེས་དང་། མས་ཀྱང་བུ་འདི་མི་བོར་དུ་ནི་རྒྱལ་པོ་ཁྲོ་ཞིང་དྲག་ཤུལ་ཆེ་བས་བུ་བཀུམ་དུ་དོགས་ནས་མས་བུ་དེ་བོར། ཞེས་བཀོད་པ་རྣམས་ནི་རྒྱལ་པོ་ཨ་ཤྭ་ཀ་ནི་གདུག་རྩུབ་ཅན་གྱི་རྒྱལ་པོ་ཞིག་ཡིན་ཞིང་རང་གི་སྲས་ལའང་སྡང་ཕོད་པའི་རྒྱལ་པོ་ཞིག་ཡིན་པའི་བརྗོད་ཚུལ་ཏེ། སྤྱིར་བཏང་གི་མི་རྣམས་ཀྱི་སྣང་ངོར་། རྒྱལ་པོ་འདི་ནི་རང་གི་རིགས་སྲས་ལ་སྡང་བར་ཕོད་པའི་སྡིག་སྤྱོད་ཀྱི་རྒྱལ་པོ་ཞིག་ཡིན་པར་མི་སེམས་ཤིང་། རང་གི་སྲས་བསད་དུ་དོགས་པའི་བཙུན་མོའི་སེམས་ཁྲལ་དེ་ཡང་དོན་མེད་པ་ཞིག་རེད་སྙམ་སྲིད་ཀྱང་།《ཀུ་བརྗོད་》དུ་ཨ་ཤྭ་ཀའི་ལོ་རྒྱུས་ཡོངས་གྲགས་འཁོད་པའི་གོ་རིམ་གསུམ་བསྟན་པ་ལས། རྒྱལ་པོ་ཨ་ཤོ་ཀ་ནི་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ། ན་ཚོད་དང་པོའི་འདོད་པའི་ཨ་ཤོ་ཀར་གྱུར་ཏོ།། ན་ཚོད་གཉིས་པ་ལ་ནི་གཏུམ་པོའི་ཨ་ཤོ་ཀར་གྱུར་ཏོ།། གང་གིས་བཙོན་ར་བཟང་པོ་བྱས་ནས་སྐྱེ་བོ་བྱེ་བའི་སྲོག་བརླག་པར་གྱུར་ཏོ།། ཞེས་བཀོད་པ་ལྟར།རྒྱལ་པོ་འདི་ནི་ན་ཚོད་གཉིས་པའི་དུས་སུ་གདུག་རྩུབ་ཡ་ང་བའི་རྒྱལ་པོ་ཞིག་སྟེ། 《རྒྱ་གར་ཆོས་འབྱུང་》དུ། དེ་ནས་ནམ་ཞིག་ན་ཕུ་བོ་རྣམས་དང་མི་མཐུན་པར་གྱུར་ཏེ་ལོ་མང་པོའི་བར་དུ་འཐབས་ཤིང་། མཐར་ཕུ་བོ་དྲུག་དང་བློན་པོ་ལྔ་བརྒྱ་དང་བཅས་པ་ཡང་བསད། ཅེས་དང་། ཉིན་མོའི་དང་པོ་ལ་གསོད་པ་དང་། འཆིང་བ་དང་། བརྡེག་པ་ལ་སོགས་པའི་ཆད་པའི་གཅོད་པའི་བྱ་བ་རྣམས་བསྒོས་ནས་དེའི་འོག་ཏུ་སེམས་རྣལ་དུ་འདུག་ནས་ཁ་ཟས་ལ་འཇུག་གོ། ཞེས་བྱུང་ལ། ཁ་ཅིག་གིས་རྒྱལ་པོ་འདིས་རང་ཉིད་རྒྱལ་སྲིད་ལ་བཞུགས་པའི་དོན་དུ་རང་གི་སྤུན་ཟླ་99ཙམ་བསད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཀ་ལིང་ཀའམ་(羯陵伽国) འགྲོ་ལྡིང་བའི་(ཨྱོན་ཡུལ་ལ་འགྲོ་ལྡིང་བའི་ཡུལ་ཟེར་ཚུལ་ཡང་ཡོད་) ཡུལ་འདུལ་པའི་དུས་སུ་སྐྱེ་བོ་ཁྲི་15ཙམ་བཟུང་བ་དང་། ཁྲི་10ཙམ་གྱི་མགོ་བླངས་ནས་བསད། ཤི་རྨས་བྱུང་པའང་ཁྲི་10ལྷག་ཡོད་པར་བཤད། རྒྱལ་པོ་འདིའི་གདུག་རྩུབ་ཀྱི་ཕྱོགས་གཞན་ཞིག་ནི་སྲོག་གི་མཆོད་སྦྱིན་ལ་བརྩོན་པའི་ཁང་པ་བྱས་ཏེ་ཁྲི་ཕྲག་གཅིག་མ་ལོངས་ཀྱི་བར་དུ་དེར་བྱུང་ཚད་སོད་ཅིག་པའི་བཀའ་བསྒྲགས་པ་སོགས་ལས་རྒྱལ་པོ་འདིའི་གདུག་རྩུབ་ཀྱི་ཆ་ཙམ་རྟོགས་ཐུབ་པ་མ་ཟད། སྐར་རྒྱལ་སྲུངས་མས་རང་གི་བུ་ས་ནུ་རྒྱལ་པོས་གསོད་དོ་སྙམ་པའི་སེམས་ཁྲལ་དང་རྒྱལ་བུ་ས་ནུ་གསང་བའི་ཐབས་ཀྱིས་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ལས་ཁབ་རིང་པའི་ཡུལ་གཞན་དུ་བསྐྱལ་ཐབས་བྱས་པའི་གནས་ལུགས་རྣམས་ཤེས་ཐུབ།《ཀུ་བརྗོད་》དུ། ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤྭ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་པ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་ཕྱེའོ། ཞེས་བཀོད་པ་བཞིན་ཨ་ཤྭ་ཀ་འདི་ཉིད་རྗེས་སུ་ཆོས་ཕྱོགས་སུ་བློ་འཁོར་བ་ནས་ཆོས་རྒྱལ་ཨ་ཤྭ་ཀ་ཞེས་པའི་སྙན་པ་རྒྱས། 《སྐྱེས་རབས་》ལས། སྦྱིན་པ་ལས་བྱུང་དེ་ཡི་གྲགས་པའི་དྲི།། ཕོངས་པའི་ཚིག་གི་རླུང་གིས་བསྒྲགས་པ་དག། རྒྱལ་པོ་གཞན་གྱི་དྲེགས་པ་མེད་བྱས་པས།། སྤོས་ཀྱི་གླང་པོས་གླང་པོ་གཞན་ཇི་བཞིན།། ཞེས་པ་ལྟར་ཨ་ཤྭ་ཀའི་ཆོས་ཕྱོགས་ཀྱི་མཛད་རྗེས་དེ་དག་གིས་སྔར་བྱས་ཀྱི་ཉེས་པ་རྣམས་ཟིལ་གྱིས་མནན་པ་ལྟར་གྱུར་བས་ད་ལྟའི་མི་རྣམས་ཀྱིས་སྨྲ་བརྗོད་ཀྱི་རྒྱན་ཏུ་གྱུར་པ་ནི་ཨ་ཤྭ་ཀའི་ཆོས་ཕྱོགས་ཀྱི་མཛད་རྗེས་ཡིན་ལ། དེ་ལས་ཁོང་ནི་འཛམ་གླིང་ཡུལ་གྲུ་ཀུན་ཏུ་སྙན་པའི་གྲགས་པ་རྒྱས་པའི་རྒྱལ་པོར་གྱུར་བས་ཁོང་གི་གདུག་རྩུབ་ཀྱི་ལས་ངན་རི་བོ་ལྟར་གྱུར་པ་རྣམས་སྨུག་སྤྲིན་གྱིས་སྒྲིབ་པ་བཞིན་རིམ་གྱིས་བརྗེད།
གསུམ་པ། རྒྱལ་བུ་ས་ནུ་ལི་ཡུལ་དུ་བྲོས་སྟབས་སུ་ཕེབས་པ། 
              རྒྱལ་བུ་ས་ནུ་ལི་ཡུལ་དུ་ཇི་ལྟར་ཕེབས་པའི་སྐོར་《ལི་ཡུལ་ལུང་བསྟན་》དུ། རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤོ་ཀ་ཅེས་བགྱི་བ་ཞིག་གིས་་་་་་་་ལི་ཡུལ་ཡང་སྟོང་དུ་མཆིས་པའི་ཚེ། ད་ལྟར་འུ་ཐེན་གྱི་སྐུ་མཁར་མཆིས་པའི་དོག་སར་ཀུས་པོ་ཡེན་དུ་ཤུལ་ཕྱུང་ནས་དྲོ་རྒོངས་(དགུང་)ཤིག་བཏབ་པའི་ནུབ་མོ་རྒྱལ་པོའི་བཙུན་མོ་དམ་པ་ལས་ཁྱེའུ་མཚན་དང་ལྡན་པ་བཟང་པོ་ཞིག་བཙས་ནས། ཞེས་དྷརྨ་ཨ་ཤོ་ཀ་ལི་ཡུལ་འུ་ཐེན་དུ་སླེབས་དུས་སུ་རྒྱལ་བུ་ས་ནུ་འཁྲུངས་པ་དང་། མཚན་མཁན་གྱིས་བུ་འདི་རྒྱལ་པོ་ལས་ཀྱང་བསོད་ནམས་ཆེ་ཚུལ་བཤད་པར་རྒྱལ་པོ་ཕྲག་དོགས་ལངས་ནས་ཞག་གཅིག་ལོན་པའི་བུ་དེ་བདག་མེད་དུ་བོར་བ་དང་། ས་ལས་ནུ་མ་བྱུང་བ་ནུ་ནས་གསོན་ཞིང་མིང་ཡང་ས་ནུར་བཏགས་ཚུལ་སོགས་ངོ་མཚར་གཏམ་རྒྱུད་བསྐྲུན་པ་རྣམས་ནི་རྒྱལ་བུ་ས་ནུ་འདི་ཉིད་ལི་ཡུལ་དུ་ཇི་ལྟར་སླེབས་ཚུལ་བརྗོད་པའི་ཁུངས་ཡིན་ཞིང་། ཁོ་བོ་ཡང་བཤད་ཚུལ་དེར་ཡིད་ཆེས་ཏེ་སྔོན་གྱི་དཔྱད་རྩོམ་ཁག་ཏུ་ཆོས་རྒྱལ་ཨ་ཤྭ་ཀ་ལི་ཡུལ་དུ་སླེབས་པར་ངོས་འཛིན་བྱས། དོན་དངོས་སུ་རྒྱལ་བུ་ས་ནུ་ནི་ཆོས་རྒྱལ་ཨ་ཤྭ་ཀའི་ཚེ་མཇུག་ཏུ་འཁྲུངས་པའི་སྲས་ཤིག་ཡིན་ལ།དུས་སྐབས་དེ་ཙམ་དུ་ཨ་ཤྭ་ཀ་ལི་ཡུལ་དུ་སླེབས་མེད་པ་གོང་གསལ་ལོ་རྒྱུས་ལས་ཤེས་ཐུབ། དེས་ན་དེ་ལྟའི་བཤད་ཡམས་བྱུང་དོན་ཅི་རེད་ཅེ་ན། ལི་ཡུལ་གྱི་རྒྱལ་པོ་ས་ནུ་འདི་ཉིད་སྐར་རྒྱལ་སྲུང་མ་ལྟ་བུའི་མ་ཉེས་ཅན་གྱི་སྲས་ཡིན་པའི་ལོ་རྒྱུས་མི་གཙང་བའི་ཆ་རྣམས་གསང་བའི་ཆེད་དུ་ལོ་རྒྱུས་དེ་འདྲ་རྟོག་བཟོ་བྱས་ཤིང་། ས་ལས་ནུ་མ་བྱུང་བ་ནུ་ནས་གསོན་ཐུབ་པ་སོགས་ལྷ་སྒྲུང་གིས་སྤྲས་པའི་གཏམ་རྒྱུད་ངོ་མཚར་བརྗོད་པར་བརྟེན་ནས་རྒྱལ་བུ་ས་ནུ་ལི་ཡུལ་དུ་ཇི་ལྟར་བྲོས་བྱོལ་དུ་ཕེབས་པའི་ལོ་རྒྱུས་ངོ་མ་རྣམས་གསང་ཅི་ཐུབ་བྱས་པ་ཞིག་རེད། 
              ས་ནུ་ཇི་ལྟར་མངལ་དུ་སྦྲུམ་ཚུལ་ཐད་《ལི་ཡུལ་ལུང་བསྟན་》དུ། སྔོན་རྒྱལ་པོའི་བཙུན་མོ་དེ་ཀུན་དགའ་ར་བའི་སྐྱེད་མོས་ཚལ་དུ་མཆིས་པ་ལས་རྫིང་བུའི་ནང་ན་ཁྲུས་བགྱིད་ཅིང་མཆིས་པའི་དུས་ན་རྣམ་ཐོས་སྲས་ཀྱི་བྱད་བཞིན་བཟང་པོ་མཐོང་བས་སེམས་ཀྱི་བུར་ཆགས་པ། ཞེས་བུ་འདི་མའི་མངལ་དུ་སྦྲུམ་པ་དེ་རྣམ་ཐོས་སྲས་སུ་འབྲེལ་ཡོད་ཚུལ་དང་། ཏུན་ཧོང་ནས་ཐོན་པའི་P.T.960ཤོག་དྲིལ་གྱི་ཐིག་ཕྲེང་23.དང་24.པར། རྒྱལ་པོས་བུ་བོར་བའྀ་ཚེ།། བྱང་ཕྱོགས་ཀྱྀ་མགོན་པོ་བྀ་ཤ་ར་མ་ནི་(བེེ་ཤྲ་མ་ཎཱ་)དང༌། དཔལ་གྱི་ལྷ་མོས་སའི་ནང་ནས་ནུ་མ་ཕྱུང་སྟེ།། གསོས་ནས་བུ་ཡང་མ་གུམ་སྟེ།། མྱྀང་ཡང་ས་ནུར་བཏགས་ཏེ།། ཞེས་རྒྱལ་བུ་འདི་ས་སྟོང་དུ་བོར་བའི་དུས་སུའང་རྣམ་ཐོས་སྲས་ཀྱིས་གྲོགས་བྱས་ཚུལ་སོགས་རྒྱལ་བུ་འདི་ནི་མི་ཕལ་བ་ལྟ་བུ་མ་ཡིན་པར་རྣམ་ཐོས་སྲས་སུ་འབྲེལ་པའི་སྲས་པོ་ཞིག་ཡིན་ཚུལ་བརྗོད་ཡོད་པས། ལོ་རྒྱུས་སྨྲ་བ་ཧོར་གཙང་འཇིགས་མེད་ལགས་ཀྱིས་《མདོ་སྨད་ལོ་རྒྱུས་ཆེན་མོར》། ཨ་ཤོ་ཀ་ལི་ཡུལ་ནས་སྡོད་སྐབས་བཙུན་མོ་གསང་བའི་དགའ་རོགས་ཤིག་དང་འགྲོགས་པ་ལས་བྱི་ཕྲུག་ཅིག་སྐྱེས་པ་རྒྱལ་པོ་ཕྲག་དོག་གིས་མ་འདོད་ནས་དོར་བའི་ལོ་རྒྱུས་ལ་རྣམ་སྲས་སོགས་ཀྱི་སྤྲས་པ་ཅུང་ཟད་མེད་དམ་སྙམ་པ་འདི་ཡིན་ལ།ཞེས་ས་ནུའི་ངོ་མཚར་གཏམ་རྒྱུད་བདེན་པར་བཟུང་པའི་རང་གི་འདོད་ཚུལ་བཀོད་ཡོད་པ་ལྟར། མ་འོངས་པའི་དུས་སུའང་དེ་ལྟའི་ངོ་མཚར་བཤད་རྒྱུན་དང་གྲགས་ཚུལ་རྒྱུ་མཚན་དུ་བྱེད་མཁན་ཡོད་སྲིད། དོན་དངོས་སུ་བཤད་ཡམས་དེ་དག་ནི་རྒྱལ་བུ་ས་ནུ་ལི་ཡུལ་དུ་བྲོས་སྟབས་སུ་སླེབས་པའི་ལོ་རྒྱུས་ཀུན་ལ་བསྒྲགས་མི་རུང་ཞིང་བསྒྲགས་ན་ཁོང་གི་རྒྱལ་སྲིད་སྐྱོང་བ་ལ་གནོད་པར་འགྱུར་བ་ལ་སོགས་ཉེས་སྐྱོན་གྱི་ཆ་རྣམས་འགོག་པའི་འཆད་ཚུལ་ཞིག་སྟེ། 《ལི་ཡུལ་ལུང་བསྟན་》སོགས་རྒྱལ་བུ་ས་ནུར་འབྲེལ་བའི་ལོ་རྒྱུས་རྩོམ་དུས་སུ། རྒྱལ་བུ་ས་ནུ་ནི་བཙུན་མོ་ཉེས་ཅན་སྐར་རྒྱལ་སྲུང་མའི་སྲས་ཡིན་ཚུལ་དང་། སྲོག་ཉེན་ལས་གཡོལ་ཕྱིར་ལི་ཡུལ་དུ་བྲོས་བྱོལ་དུ་ཕེབས་པའི་ཚུལ་རྣམས་གསལ་བོར་བརྗོད་ཐབས་མེད་པས། དུས་སྐབས་དེའི་མཁས་པ་རྣམས་ཀྱིས་ལི་ཡུལ་དུ་ཕེབས་མ་མྱོང་བའི་ཨ་ཤྭ་ཀ་དེ་ལི་ཡུལ་དུ་ཕེབས་པར་བརྗོད་པ་དང་། རྒྱ་གར་ནས་སྐྱེས་པའི་ས་ནུ་དེ་ཡང་ལི་ཡུལ་ནས་སྐྱེས་པར་བཤད་དེ་ལོ་རྒྱུས་ངོ་མ་འགེབས་ཅི་ཐུབ་བྱས། ས་ནུའི་ཡུམ་ཉེས་ཅན་ཡིན་པ་ཀུན་ལ་ཤེས་སུ་འཇུག་མི་རུང་བས་བཙུན་མོ་དམ་པ་ཅེས་བརྗོད་དེ་སྐར་རྒྱལ་སྲུང་མའི་མཚན་ངོ་མ་འགེབས་ཐབས་བྱས། བྱང་ཕྱོགས་སྐྱོང་བའི་མགོན་པོ་རྣམ་ཐོས་སྲས་ཀྱི་བྱད་བཞིན་བཟང་པོ་མཐོང་བའི་མཐུ་ལས་སེམས་ཀྱི་བུར་ཆགས་ཚུལ་བརྗོད་དེ།རྒྱལ་བུ་འདི་ཐོག་མ་ཉིད་ནས་རྣམ་ཐོས་སྲས་ཀྱིས་དམིགས་བསལ་མགོན་སྐྱོབ་ཐོབ་པའི་སྐྱེ་བོ་ལྷའི་སྲས་པོ་ལྟ་བུ་ཡིན་ཚུལ་དང་སྐྱེས་པོ་རང་ག་བ་མིན་པའི་ལྷ་སྒྲུང་གི་རྣམ་པ་ཅན་གྱི་ལོ་རྒྱུས་བསྐྲུན། རྒྱ་གར་ནུབ་བྱང་ཕྱོགས་ནས་ལི་ཡུལ་དང་བཅས་པ་རྣམས་བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཞིང་ཁམས་ཡིན་པར་གཞིགས་ན་ལྷ་སྒྲུང་དེར་ལྷག་པར་དོན་སྙིང་ལྡན་པ་ཞིག་རེད། ཏུན་ཧོང་ཡིག་རྙིང་P.T.960ནང་དུ། རྣམ་ཐོས་སྲས་ཀྱི་མཚན་ལེགས་སྦྱར་གྱི་ཡི་གེ་འབྲི་ཚུལ་ལ། “བྀ་ཤ་ར་མ་ནི་”དང་“ཤ་ར་མ་ནི།” “བེ་ཤ་ར་མ་ཎྀ་”ཞེས་བྱུང་ཞིང་དེ་བཀྲལ་ན། བྀ་དང་བེ་ནི་ད་ལྟའི་བཻ་འབྲི་ཚུལ་སྟེ་རྗེ་ས་པཎ་གྱིས། རྣམ་སྲས་(བེེ)ལ་སོགས་ས་བོན་ལ།། བེ་ཞེས་བྱ་བར་འབོད་པ་མཐོང་།།ཞེས་སྒྲ་ཉེ་བར་སྡེབ་པ་ལས་འབྱུང་བས་རྗེས་མ་བེའི་འབྲི་ཚུལ་དེ་ས་པཎ་གྱི་དུས་སུ་ད་དུང་ཡོད་པར་ངེས། དེང་སང་ལྟར་ན། བེ་ཤ་ནི་བཻ་ཤཿསྟེ་མཛེས་པ་དང་ཆ་བྱེད། གོས་རྒྱན་བཅས་ལ་འཇུག་ཅིང་ར་མ་ནི་དང་ར་མ་ཎྀ་ནི་“ར་མ་ཎཱའི་”འབྲི་ཚུལ་ཏེ་དགའ་བྱེད་དུ་གོ་བ་དང་། མཚན་ཧྲིལ་པོ་བོད་སྐད་དུ་བསྒྱུར་ན་དགའ་བའི་གོ་ཆ་བྱ་བ་སྟེ། དེང་སང་གི་རྣམ་ཐོས་སྲས་ཀྱི་མཚན་གྱི་འབྲི་ཚུལ་“བཻ་ཤྲ་ཝ་ན་”ཡིན་པར་སྔོན་གྱི་མི་རྣམས་ཀྱིས་གླེང་ཞིང་། འདིར་ཝ་དང་མའི་ཡི་གེ་འབྲི་ཚུལ་མི་འདྲ་བ་གཉིས་བྱུང་པ་ནི་སྲོང་བཙན་གྱི་བཙུན་མོ་བུན་ཆང་ཀོང་ཇོར་བཙུན་མོ་མུན་ཆང་ཀོང་ཇོ་ཞེས་ཏུན་ཧོང་ཡིག་རྙིང་དུ་བྱུང་པ་ལྟར་གྱི་འབྲི་ཚུལ་ཡིན་པར་ངོས་འཛིན་གནང་ཆོག མཁན་པོ་མོ་རྒུ་བདེ་ཤིས་⒀སོགས་ལི་ཡུལ་གྱི་རྒྱལ་རབས་དང་ལོ་རྒྱུས་འབྲི་པ་པོ་རྣམས་ཀྱིས་སྔོན་གྱི་དོན་དངོས་བཀབ་པའི་རྟོག་བཟོས་ལོ་རྒྱུས་བསྐྲུན་པ་དེས་དུས་སྐབས་དེའི་རྒྱལ་སྲིད་སྐྱོང་བའི་ཆབ་སྲིད་ཀྱི་དགོས་མཁོ་གང་འཚམ་བསྐང་པར་ནུས་པ་ཆེན་པོ་ཐོན་པ་དང་། དེ་ལྟའི་ལོ་རྒྱུས་ངོ་མ་བཀབ་པའི་བཤད་ཡམས་ཀྱིས་མ་མཐའ་ཡང་ཡ་གླིང་གི་སྐྱེས་པོ་རྣམས་ཀྱི་བློ་ཁ་བསྒྱུར་ཡོད་པས། ཁོང་རྣམས་ནི་ཐབས་མཁས་ཀྱིས་ཕྱུག་པའི་སྔོན་བྱོན་པ་ཡིན་པར་ཁས་ལེན་དགོས་ཀྱང་། མི་ལོ་ཉིས་སྟོང་ལྷག་གི་རྗེས་སུ་ཐབས་མཁས་ལྷ་སྒྲུང་གིས་བཀབ་པའི་བཤད་ཡམས་ཀྱི་རྫུན་ཕུགས་བརྟོལ་སྲིད་པ་ཁོང་ཚོའི་བློ་ངོར་ཤར་ཡོད་མེད་ནི་ནམ་ཡང་ལྐོག་ཏུ་གྱུར་པ་ཞིག་ཡིན་ལ། གལ་ཏེ་དུས་གཏན་དུ་གསང་བ་དེ་བརྟོལ་མཁན་འབྱུང་མི་སྲིད་པར་སེམས་ཡོད་ཚེ་ད་ལྟ་ཁོང་ཚོ་དག་པའི་ཞིང་ཁམས་གང་ཞིག་ནས་ཞལ་འཛུམ་དང་བཅས་ཏེ་བཞུགས་ཡོད་པར་ངེས།
              དེ་ལྟར་ས་ནུ་སྐྱོབ་མཁན་ནམ་བཙུན་མོ་རྒྱལ་སྲུངས་མའི་གྲོགས་སུ་གྱུར་བ་ནི་ལེགས་སྦྱར་སྐད་དུ་བཻ་ཤྲ་ཝ་ན་དང་སྒྲ་ཐད་སྒྱུར་བྱས་ན་དགའ་བའི་གོ་ཆ་བྱ་བ་དེ་ཡིན། མིའི་འཇིག་རྟེན་ན་འཚོ་བ་རྣམས་ཀྱིས་བཻ་ཤྲ་ཝ་ན་སྟེ་རྒྱལ་པོ་ཆེན་པོ་བཞིའི་ཡ་གྱལ་འདི་ནི་སྤྱིར་བཏང་མི་ཡུལ་དུ་འཚོ་བའི་གང་ཟག་ཕལ་བར་སེམས་མི་ཐུབ་ཀྱང་། དེང་སང་ཁ་ཅིག་གིས་“བཻ་ཤྲ་ཝ་”ཞེས་པའི་སྐད་དོད་འདི་ད་ལྟའི་པ་ཀིན་སི་ཐན་རྒྱལ་ཁབ་ཀྱི་བྱང་ཕྱོགས་རང་རེའི་ཤིན་ཅང་ས་ཆར་ཉེ་བ་(白沙瓦)ཞེས་པའི་ཡུལ་མིང་ཡིན་པར་བཤད་ཅེས་མཁས་དབང་དོར་ཞི་རིན་པོ་ཆེས་གསུངས། ཡང་དོར་ཞི་རིན་པོ་ཆེས་རྣམ་ཐོས་སྲས་ནི་གནའ་དུས་ཀྱི་དཔའ་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པར་གསུངས་པས། ད་ལྟ་བྱང་ཕྱོགས་སྐྱོང་པའི་རྒྱལ་ཆེན་རྣམ་ཐོས་སྲས་ནི་དེང་ཐོག་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་ཡུལ་“བཻ་ཤྲ་ཝ་”ཞེས་པའི་ཡུལ་གྱི་རྗེ་བོ་དཔའ་སྟོབས་ཅན་ཞིག་ཡིན་པ་ནས་བྱང་ཕྱོགས་སྐྱོང་བའི་མགོན་པོར་བཀུར་བ་ཞིག་ཡིན་པར་སེམས། བཙུན་མོ་སྐར་རྒྱལ་སྲུང་མ་ཉེན་ཁར་འཕྲད་པའི་དུས་དེར་རྒྱལ་བུ་ས་ནུ་ནི་བཙུན་མོ་དེའི་ཤོག་ཁའི་རྗེ་བོ་དང་བློན་པོ་རྣམས་ཀྱིས་གྲོགས་བྱས་ནས་ལི་ཡུལ་དུ་ཐར་བ་ཡིན་ཡང་། ས་ནུའི་ཆེ་བ་འདོན་ཕྱིར་རྣམ་ཐོས་སྲས་ཀྱིས་གྲོགས་བྱས་པར་བརྗོད་པ་དེ་ཀུན་ལ་ངོ་མཚར་སྐྱེས་སུ་བཅུགས། དུས་སྐབས་དེའི་ཙམ་གྱི་དུས་སུ་རྒྱ་གར་ནུབ་བྱང་ཕྱོགས་ཀྱི་མི་རྣམས་ལི་ཡུལ་དུ་སྐྱོད་འགོ་ཚུགས། དེས་ན་རྒྱལ་བུ་ས་ནུ་བོར་མཁན་ནི་རྒྱལ་པོ་ཨ་ཤྭ་ཀ་མིན་པར་བཙུན་མོ་སྐར་རྒྱལ་སྲུངས་མ་སྟེ། ཁོ་མོ་ཉེན་ཁ་ཆེན་པོར་འཕྲད་པའི་དུས་སུ། རང་གི་བུ་ལོ་བརྒྱད་ཙམ་ལ་སོན་པ་དེ་རྒྱལ་པོས་གསོད་པར་དོགས་ཏེ་གསང་བའི་ཐབས་ཀྱིས་ས་ཐག་རིང་པོ་ལི་ཡུལ་དུ་བསྐྱལ།
བཞི་པ། རྒྱལ་བུ་ས་ནུ་ལི་ཡུལ་དུ་སླེབས་རྗེས་ཀྱི་སྐྱིད་སྡུག་རེས་མོས།
              1.གཞན་གྱི་བུ་སྐལ་གྱི་ཚུལ་དུ་འཚོ་ཐབས་བྱས་པ། རྒྱལ་བུ་ས་ནུ་ལི་ཡུལ་ལ་སླེབས་དུས་སུ་ཧ་ལམ་དགུང་ལོ་བརྒྱད་ཙམ་ལ་སོན་པའི་བྱིས་པ་ཞིག་ཡིན། 《ལི་ཡུལ་ལུང་བསྟན་》དུ། དེའི་རྗེས་ལ་རྒྱ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་བུ་སྟོང་དབང་བ་ཅིག་བྱུང་སྟེ་དེ་ལ་བུ་དགུ་བརྒྱ་དགུ་བཅུ་རྩ་དགུ་ནི་མཆིས་ན། སྟོང་དུ་བུ་གཅིག་གིས་མ་ཚང་བས་རྣམ་ཐོས་ཀྱི་སྲས་ལ་གསོལ་བ་བཏབ་སྟེ་སླངས་པ་ལས་རྣམ་ཐོས་ཀྱི་སྲས་ཀྱིས་བལྟས་པ་ན་བསོད་ནམས་ཅན་པོར་བ་ཐོང(མཐོང་)ནས་བླངས་ཏེ་རྒྱ་རྗེའི་བུ་སྐལ་དུ་སྩལ། ཞེས་བཀོད་པ་དང་། ཏུན་ཧོང་ཡིག་རྙིང་P.T960ཐིག་ཕྲེང་23པར“རྒྱལ་པོས་བུ་བོར་བའྀ་ཚེ།། བྱང་ཕྱོགས་ཀྱི་མགོན་པོ་བྀ་ཤ་ར་མ་ནི་དང༌། དཔལ་གྱི་ལྷ་མོས་སའི་ནང་ནས་ནུ་མ་ཕྱུང་སྟེ། གསོས་ནས་བུ་ཡང་མ་གུམ་སྟེ། མྱྀང་ཡང་ས་ནུར་བཏགས་ཏེ། ཤ་ར་མ་ནིས་བླངས་ནས།། རྒྱ་རྗེ་ལ་བུ་སྟོང་དུ་གྲངས་གཅིག་གྀས་མ་ཚང་བར། རྒྱ་རྗེའི་བུར་ཕུལ་ཏེ། ཞེས་གསལ་བ་བཞིན་ས་ནུ་ཐོག་མར་ལི་ཡུལ་དུ་སླེབས་དུས་སུ་ཡུལ་འདིར་དག་ཏུ་འཚོ་བའི་རྒྱ་རྗེར་འབོད་པ་ཞིག་ལ་སྐྱབས་བཅོལ་གནང་། རྒྱ་རྗེ་ཞེས་པའི་རྒྱ་འདི་རྒྱ་ནག་མི་རིགས་སུ་གོ་དགོས་ཚུལ་ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་ch.qI 3[54]MS.539bཞེས་པའི་ནང་། རྒྱ་དང་གདོང་དམར་དང་སོ་བྱི་དང་།ཞེས་པ་རྒྱ་ཡིག་ཏུ་汉与赤面.苏毗.ཞེས་འབྱུང་བ་དང་། 《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》དུ། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་སོང་ནས་རྒྱ་ནག་གི་རྒྱལ་པོ་ཆ་མང་ཞེས་བྱ་བ་ལ་བུ་སྟོང་གཅིག་གིས་མ་ཚང་བ་ཞིག་ཡོད་པ་ལ། ཞེས་དང་། དེ་ནས་རྣམ་ཐོས་སྲས་ཀྱིས་རྒྱ་ནག་གི་རྒྱལ་པོ་ལ་བྱིན་ནོ།།⒁ ཞེས་ཐེངས་གཉིས་ལ་བྱུང་བའི་ནང་ས་ནུ་སྟེར་ཡུལ་རྒྱ་ནག་གི་རྒྱལ་པོ་ཡིན་པར་མ་ཟད། དེའི་མཚན་ལ་ཆ་མིང་ཟེར་ཚུལ་བཤད་ཡོད། དེ་དག་ལས་རྒྱ་རྗེས་ཞེས་པ་ཡང་རྒྱ་ནག་ལ་གོ་བའི་ཚིག་ཏུ་ངོས་བཟུང་ཆོག་མོད། ཏུན་ཧོང་ཡིག་རྙིང་P.T.1287ཐིག་ཕྲེང་305ནས་306དུ། འུང་གི་འོག་ཏུ་བཙན་པོ་ཞབས་ཀྱིས་བཙུགས་སྟེ།བྱང་ལམ་དུ་མ་བྱུང་མ་དྲངས་པར། རྒྱ་དང་འ་ཞས་དཔྱའ་གཅལ་ལོ། ཞེས་པའི་བྱང་ལམ་ནི་དེང་སང་བོད་ཀྱི་བྱང་ཕྱོགས་ཤིན་ཅང་ཕྱོགས་ཀྱི་ཡུལ་ཁམས་ལ་གོ་བ་དང༌། “རྒྱ་དང་འ་ཞ་”ཞེས་པའི་རྒྱ་ནི་ཡུལ་དེ་དག་ཏུ་གནའ་སྔ་མོ་ནས་འཚོ་བའི་གྲུ་གུ་མི་རིགས་ལ་རང་རེས་རྣམས་ཀྱིས་རྒྱ་གྲུ་གུ་ཟེར་⒂ཚུལ་དུང་དཀར་རིན་པོ་ཆེས་གསུངས་པས། རྒྱ་ཞེས་པར་གོ་བ་ལེན་ཚུལ་མི་འདྲ་བ་ཡོད་པ་དང་། ཡུལ་གྱི་ངོས་ནས་དཔྱད་ན་ལི་ཡུལ་སོགས་ནུབ་ཕྱོགས་ཀྱི་ཡུལ་འདི་དག་ཏུ་རྒྱ་ནག་གི་རྗེ་བོ་སོགས་སྟོབས་ཆེན་བྱུང་ཚུལ་གྱི་ལོ་རྒྱུས་བརྗོད་དུ་མེད་པས་ས་ནུ་སྐྱོང་མཁན་གྱི་རྒྱ་རྗེ་དེ་ནི་ཡུལ་འདི་ཕྱོགས་སུ་འཚོ་བའི་གྲུ་གུའི་རྒྱལ་པོ་གང་རུང་ཞིག་ཡིན་ཞིང་།དེ་བཞིན་《འཕགས་པ་གླང་རུ་ལུང་བསྟན་པ་》དང་《འཕགས་པ་ཟླ་བའི་སྙིང་བོས་ཞུས་པའི་མདོ་》རྣམས་སུ་གསལ་པའི་རྒྱ་རྗེ་བྱ་བ་རྣམས་ཀྱང་གྲུ་གུ་སོགས་ཡུལ་འདི་དག་ཏུ་འཚོ་བའི་མི་རིགས་གང་རུང་ཞིག་ལ་གོ་དགོས་སམ་སྙམ། རྒྱ་རིགས་ནི་སྔོན་ཞིག་ནས་ཡུལ་ཁམས་མང་པོར་ཁྱབ་ཡོད་པའི་མི་རིགས་ཤིག་ཡིན་ལ། ལི་ཡུལ་གྱི་ཡུལ་བྱེ་བྲག་པ་ལུག་ལམ་(楼兰)མམ་ཤན་ཤན་(鄯善国)དུ་སྤྱི་ལོ་སྔོན་138ནས་126དུས་སུ་ཧན་ནུབ་མའི་ཕོ་ཉ་ཀྲང་ཆན་(张骞)སླེབས་པ་ནས་རྒྱ་དང་འབྲེལ་བྱུང་ཞིང་།⒃སྤྱི་ལོ་དུས་རབས་གཉིས་པ་ཏུང་ཧན་རྒྱལ་རབས་ཀྱི་དུས་སུ་པན་ཡུང་(班勇)ཡུལ་དེར་མངགས་ནས་ཞིང་རྨོད་པའི་སྡེ་ཆགས།དུས་སྐབས་དེ་དག་ཏུ་ཡུལ་དེའི་རྗེ་བོ་རྒྱ་རིགས་མིན་ཀྱང་རྒྱ་མི་ཡོད་པའི་ཡུལ་ཁམས་དར་རྒྱས་ཆེ་ས་ཞིག་ཡིན་པས།ཕྱིས་ཀྱི་ལོ་རྒྱུས་པས་ཡུལ་དེ་རྒྱལ་བུ་ས་ནུ་ཐོག་མར་ཕེབས་ཡུལ་ཡིན་པར་ངོས་འཛིན་བྱས་པ་ཡིན་ནམ་སྙམ། 《ལི་ཡུལ་ལུང་བསྟན་》དུ། རྒྱ་རྗེ་དེར་བུ་སྟོང་གྲངས་སུ་མ་ཚང་བར་བུ་གཅིག་རྣམ་ཐོས་སྲས་སུ་བསླངས་ཚུལ་བརྗོད་པ་དེ་ད་ལྟའི་དུས་སུ་ལྷ་སྒྲུང་ལྟར་གོ་བ་ལེན་དཀའ་བར་གྱུར་མོད། འོན་ཀྱང་དུས་སྐབས་དེ་དག་ཏུ་རྒྱལ་ཁབ་སྟོབས་ཆེན་གྱི་གྲས་སུ་འགྲོ་བར་སྐྱེས་བུ་མང་པོའི་དཔུང་དགོས་པས་རྒྱ་རྗེ་དེ་ནི་སྐྱེས་བུ་མང་པོ་བསགས་པར་དགའ་བ་ཞིག་ཡིན་སྲིད། དེའི་བུ་སྐལ་བྱས་ནས་ལོ་བཞི་ཙམ་འགོར།
              2.ས་ནུར་རང་ལ་དབང་པའི་ཡུལ་འཚོལ་ཏུ་འགྲོ་བའི་གོ་སྐབས་བྱུང་པ། 《ལི་ཡུལ་ལུང་བསྟན་》དུ།(རྒྱ་རྗེ་དེས་རྒྱལ་བུ་ས་ནུ་)གསོས་ནས་སླད་ཀྱི་ཁྱེའུ་ཆེན་པོར་སྐྱེས་ནས་རྒྱའི་བུ་སྤུན་དང་བྱིས་པ་རྩེ་རྩེ་བ་ལས་འཐབས་ནས་ཁྱོད་རྒྱ་རྗེའི་བུ་མ་ཡིན་ནོ་ཞེས་བགྱིས་བ་དང༌། ཁྱེའུ་དེ་གློ་བ་མི་དགའ་ནས་མི་གཞན་དག་ལ་ཡང་ལོ་རྒྱུས་སྨྲས་ན་ཡང་དེ་ལྟར་གྱུར་ནས་རྒྱ་རྗེ་ལ་བདག་ཐོག་མ་སྐྱེས་པའི་ཡུལ་ཚོལ། ས་ཚོལ་དུ་མཆི་བར་ཅི་གནང་ཞེས་གསོལ་བ་ལས། རྒྱ་རྗེའི་ཞལ་ནས་ཁྱོད་ངའི་བུ་ཡིན་ཏེ། ཡུལ་ས་ཡང་འདི་ཡིན་མི་དགའ་མ་བྱེད་ཅིག་ཅེས་ལན་དུ་མ་བསྒོ་བ་ལས་མ་ཉན་ནས་རྒྱ་རྗེས་རྒྱལ་བུ་ས་ནུ་རྒྱལ་པོའི་ཐབས་སྩལ་ཏེ། དམག་སྟོང་ཕྲག་བཅུ་དང་བསྒྲགས་ཏེ་ནུབ་ཕྱོགས་སུ་ཡུལ་ཚོལ། ས་ཚོལ་དུ་བཏང་བ་ལས་ལི་ཡུལ་གྱི་མེ་སྐར་དུ་ཕྱིན་ཏེ། ཞེས་བཀོད་པ་ལྟར་ས་ནུ་རྗེ་བོ་དེའི་ཁབ་ཏུ་འཚོ་བའི་དུས་སུ་ཁོར་ཡུག་ཏུ་འཚོ་བའི་རྩེ་གྲོགས་མང་པོར་འཐབ་པ་སོགས་མནར་སྡུག་གང་མང་མྱོང་ཞིང་རང་ཉིད་རྒྱ་རྗེ་དེའི་སྲས་མིན་པ་གཞན་གྱི་ངག་ལས་ཤེས་(སྔར་ནས་ཤེས་སྲིད་)ཏེ། རང་གིས་བདག་ཏུ་རུང་པའི་ཡུལ་ཞིག་འཚོལ་པའི་རེ་བ་ཞུས། རྒྱལ་པོ་དེས་ཁྱོད་ནི་ངའི་བུ་ཡིན་པར་བཤད་ཀྱང་ས་ནུས་སྔར་བཞིན་ཨུ་ཚུགས་བྱས་པས་རྒྱལ་པོ་དེ་ཡང་ཐབས་ཟད་དེ་རྒྱལ་བུ་ས་ནུར་རྒྱལ་པོའི་ཐབས་སྩལ། 《ལི་ཡུལ་ལུང་བསྟན་》དུ། ས་ནུ་དགུང་ལོ་བཅུ་གཉིས་ལོན་པའི་ཚེ་རྒྱ་རྗེའི་རྒྱལ་ཐབས་བསྩལ་ནས། ཐོག་མ་སྐྱེས་པའི་ཡུལ་ཚོལ། ས་ཚོལ་དུ་མཆིས་པ་ལས། ཞེས་དང་། 《འཕགས་པ་གླང་རུ་ལུང་བསྟན་པ་》ལས། བུ་དེ་མྱུར་བར་སྐྱེས་ནས་ཕ་རྒྱའི་རྒྱལ་པོས་རྒྱལ་སྲིད་ཀྱི་དབང་ནི་བསྐུར། ནོར་མང་པོ་ནི་བྱིན། བློན་པོ་ཕལ་མོ་ཆེ་ནི་ལུས་ཀྱི་རིམ་གྲོ་བར་བསྐོས་ནས། རྒྱལ་བུ་ས་ལས་ནུ་མ་ནུ་དེ་བློན་པོ་ཆེན་པོ་ཇང་ཤོ་ཞེས་བྱ་བ་ལ་སོགས་པ་དམག་དུ་མ་དང་ལྷན་ཅིག་ཏུ་རྒྱའི་ཡུལ་ནས་བྱུང་སྟེ་ཡུལ་འདིར་འོང་བར་འགྱུར་རོ། ཞེས་བཀོད་པ་དང་། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་P.T.960ཐིག་ཕྲེང་28པ་ནང་། བུ་ས་ནུས་གསོལད་བ་བཞིན་གནང་སྟེ། རྒྱའི་དམག་མང་པོ་དང་འཁོར་དུ་བཅས་ཏེ།། བརྫངས་ནས། ཡུལ་ཚོལ་ཞིང་ལི་ཡུལ་ཕྱོགས་སུ་མཆི་བ་དང་། ཞེས་དཔྱད་གཞི་དེ་རྣམས་སུ་བཀོད་འདུག་པ་ལྟར་རྒྱལ་བུ་ས་ནུ་དགུང་ལོ་12ལོན་པ་སྟེ་སྤྱི་ལོ་སྔོན་317ལོར་དམག་སྟོང་ཕྲག་བཅུ་དང་སྦྲགས་ཏེ་ནུབ་ཕྱོགས་སུ་ཡུལ་ཚོལ་དུ་ཕྱིན། དེ་ལྟའི་བརྗོད་ཚུལ་དེ་དག་ལ་བདེན་པའི་ཆ་ཅི་ཙམ་ཡོད་པ་དེང་སང་རྟོགས་མི་ཐུབ་ཀྱང་། དམག་དང་བཅས་ཏེ་ཡུལ་གཞན་ཞིག་འཛིན་དུ་བཅུག་པ་ནི་སྤྱིར་བཏང་མ་ཡིན་པའི་དམིགས་བསལ་ཞིག་ཡིན་ཞིང་། རྒྱ་རྗེ་དེར་དེ་ལྟའི་བསམ་བློ་བྱུང་བ་དང་རྒྱལ་བུ་ས་ནུར་བཀུར་བཟོ་ཆེན་པོ་དེ་ལྟ་བུ་འཐོབ་པར་བརྟག་ན་སྐབས་དེའི་རྒྱ་རྗེ་དེས་རྒྱལ་བུ་ས་ནུ་ནི་ཆོས་རྒྱལ་ཨ་ཤོའི་ཀའི་བུ་ཡིན་པ་ཤེས་ཡོད་པའི་རྟགས་རེད་སྙམ།
              3.རྒྱལ་བུ་ས་ནུས་ཡུལ་འཚོལ་བའི་ལམ་དུ་ཐོག་མར་མེ་སྐར་དུ་ཕེབས་པ། 《ལི་ཡུལ་ལུང་བསྟན་》དུ། ས་ཚོལ་དུ་བཏང་བ་ལས་ལི་ཡུལ་གྱི་མེ་སྐར་དུ་ཕྱིན་ཏེ། ཞེས་བཀོད་པའི་ཡུལ་མེ་སྐར་ནི་དུས་རབས་བརྒྱད་པའི་ནང་ཙམ་ལ་ལི་ཡུལ་གྱི་དགེ་འདུན་རྣམས་བོད་དུ་ཆས་པའི་ལམ་ཁར་མེ་སྐར་དུ་སླེབས་ནས་ཟླ་གསུམ་ལ་བཞུགས་པ་དང་དེ་ནས་བོད་ཀྱི་ཚལ་བྱི་བྱ་བར་སླེབས་པར་བརྗོད་པའི་ཡུལ་དེ་ཡིན་ཏེ། 《ལི་ཡུལ་ལུང་བསྟན་》དུ། དེ་ནས་དགེ་འདུན་རྣམས་མདོ་ལེ་མེ་སྐར་གྱི་ཡུལ་དུ་ཕྱིན་ཏེ། མུ་ཏིག་གིས་ཟླ་བ་ཕྱེད་ཀྱི་འཚོ་བའི་ཡོ་བྱད་སྦྱར་རོ།། ཞེས་བཀོད་པའི་ཡུལ་དེ་ཡིན་ལ། དེའི་མིང་གི་འབྲི་ཚུལ་ལ། ཏུན་ཧོང་ཡིག་རྙིང་P.T.960ནང་དུ། དེ་ནས་ཤུལ་དཔྱིད་སླ་ར་བ་ལ་ཤུལ་མྱེས་ཀར་དུ་བྱུང་སྟེ། ཞེས་མྱེས་ཀར་དུ་བྲིས་ཤིང་། མིང་དེ་ཇི་ལྟར་བྱུང་ཚུལ་ལ། ལི་ཡུལ་དུ་དར་བའི་ཁརོ་ཥྚིའི་ཡི་གེར་“nina”ཞེས་དང་། ཐང་སན་ཙང་གིས་“尼壤”ཞེས་བཀོད་པ་དང་། དེ་རིམ་གྱིས་འགྱུར་ཏེ་“尼雅”ཞེས་པའི་འབྲི་ཚུལ་བྱུང་བར་བཤད་པ་⒄ལ། 《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པ་》(རྒྱ་ཡིག) ཏུ། ཧུད་གུའི་སྐད་དུ་uγiyཞེས་དང་། གྲུ་གུ་བ་ཡུར་གུར་སྐད་དུ་niya⒅ཟེར་ཚུལ་བཀོད་པ་ལྟར་ན། ད་ལྟའི་བོད་ཀྱི་ཡི་གེ་མེ་སྐར་ཞེས་པ་ཡང་དེང་ཐོག་ཏུན་ཧོང་ནས་བྱུང་པའི་འབྲི་ཚུལ་ཏེ་མྱེས་ཀར་ཞེས་པ་འདི་ཡིན། སྔོན་གྱི་ཡིག་རྙིང་རྣམས་སུ་མ་ལ་ཡ་འདོགས་པའི་མྱེ་དང་མྱི་སོགས་ཀྱི་འབྲི་སྲོལ་བྱུང་བས་མྱེ་ཀར་ཞེས་པའི་འབྲི་ཚུལ་འདིར་བོད་པ་རྣམས་ཀྱིས་རྒྱུ་མཚན་གཞན་ཡོད་པར་མི་སེམས་ཀྱང་། ལི་ཡུལ་ནི་ལེགས་སྦྱར་ཡི་གེ་སྤྱོད་པའི་ཡུལ་ཡིན་ཞིང་། ས་སྐྱ་བསོད་ནམས་རྩེ་མོའི་《ཡི་གེ་བཀླག་ཐབས་བྱིས་པ་བདེ་འཇུག་》ཏུ། ཏ་ཐ་ད་སོགས་ཡ་སྟ་འབྱུང་། ཨེ་སྒྲ་ལྡན་པས་འཕྲལ་ཞིང་བཀླགདཔེར་ན། ཏྱ་ལ་ཏེ་ཡའམ། ཐྱ་ལ་ཐེ་ཡ་ཇི་བཞིན་ནོ།།ཞེས་ཡ་བཏགས་ཀྱི་ཡི་གེ་ཡོད་པའི་སྔགས་ཡིག་རྣམས་ཨེ་སྒྲ་ཡོད་པ་བཞིན་དུ་བཀླག་པར་གསུངས་པ་དང་། དཔལ་སྣར་ཐང་པའི་སྔགས་བཀླག་ཐབས་ལས། ཡ་བཏགས་ཕལ་ཆེར་འགྲེང་བུ་སྟེ། ཡ་སྒྲ་ཅུང་ཞིག་ལྡན་པར་བཀླག ཅེས་བཀོད་པ་ལས་མྱེ་ལ་མྱེ་ཡ་ཞེས་སུ་བཀླག་ཆོག་པར་གསུངས་པས། ཡུལ་ “尼雅”ཞེས་པའི་སྒྲ་མཚོན་དུ་བོད་པས་མྱེ་འདི་སྤྱོད་ལ། མིང་དེ་བོད་ལ་འགྱུར་དུས་སུ་མྱེ་སྐར་ཞེས་མིང་བླ་ཐབས་སུ་བསྣན་པའི་འབྲི་ཚུལ་བྱུང་པ་ཡིན་ནམ་སྙམ་སྟེ།དཔེར་ན། པད་མ་ལ། མེ་ཏོག་པད་མ་ཞེས་མིང་བླ་ཐབས་སུ་བསྣན་པའི་མིང་བྱུང་པ་ལྟར། མྱེ་ཀར་ཞེས་པའི་འབྲི་ཚུལ་དེར་རྒྱུ་མཚན་ངེས་ཅན་དེ་ལྟ་བུ་ཡོད་མོད། རྗེས་ཀྱི་ཡིག་མཁན་རྣམས་ཀྱིས་ཡ་བཏགས་དོར་བའི་རླབས་རྒྱུན་ཁྲོད་མྱེའི་ཡ་བཏགས་དེ་དགོས་མེད་དུ་བསམས་ནས་དོར་བས་ད་ལྟ་ས་ཆུ་མེ་རླུང་གི་མེ་ཙམ་ལས་གོ་བ་གཞན་མེད་པར་གྱུར།ཡུལ་དེ་ནི་ད་ལྟའི་ལི་ཡུལ་ཤར་ཕྱོགས་ཀྱི་མེན་ཕིན་རྫོང་(民丰县)ཁོངས་ཀྱི་བྱང་ཕྱོགས་སུ་གནའ་རབས་ཀྱི་རིག་གནས་དར་ས་མྱེ་ཡ་(尼雅)ཟེར་བའི་ཡུལ་ཏེ་ས་ནུ་ཐོག་མར་ཡུལ་དེར་སླེབས། ལི་ཡུལ་འུ་ཐེན་ནས་ཡུལ་འདིར་སྐྱ་མིས་ཉིན་ལམ་གཉིས་⒆ཡོད་ཚུལ་སི་ཏན་དབྱིན་ལགས་ཀྱིས་གསུངས།
              4.རྒྱལ་བུ་ས་ནུའི་བློན་པོའི་མཚན་དོན་སོགས།《འཕགས་པ་གླང་རུ་ལུང་བསྟན་པ་》ལས། དུས་དེའི་ཚེ་ན་ནུབ་ཕྱོགས་ལོགས་ནས་རྒྱ་གར་གྱི་མི་ཕལ་མོ་ཆེ་འདིར་འོང་བར་འགྱུར་ཏེ། རྒྱལ་པོ་ས་ལས་ནུའི་འབངས་སུ་མཆིད་ཀྱིས་འཚལ་ཞིང་ཆུ་སྲིད་གཅིག་པར་དུམ་པར་གྱུར་ནས། རྒྱའི་བློན་པོ་ཆེན་པོ་ཇང་ཤོ་ལ་སོགས་པས་རིམ་གྱིས་རྒྱ་དང༌། རྒྱ་གར་གྱི་གྲོང་དང༌། གྲོང་ཁྱེར་དང༌། གྲོང་རྡལ་འདེབས་པར་འགྱུར་རོ། ཞེས་ལི་ཡུལ་གྱི་གནས་ཚུལ་རགས་བསྡུས་ཤིག་བཀོད་པ་ལས་རྒྱལ་བུ་ས་ནུ་ཐོག་མར་ཡུལ་འཚོལ་བར་ཕེབས་དུས་ཀྱི་བློན་པོ་ནི་ལི་ཡུལ་ཕྱོགས་སུ་འཚོ་བའི་རྒྱ་རྗེས་བསྐོས་པའི་བློན་པོ་“ཇང་ཤོ་”ཟེར་བ་དེ་ཡིན་པར་བཤད།འདི་སྐད་རིགས་གང་ལས་བྱུང་བ་ད་དུང་ཐག་ཆོད་མེད། བློན་པོ་ཕལ་མོ་ཆེ་ནི་ལུས་ཀྱི་རིམ་གྲོ་བར་བསྐོས་པ་སྟེ་སྐུ་འཁོར་གྱི་བློན་པོ་བྱས། 《ལི་ཡུལ་ལུང་བསྟན་》དུ། རྒྱ་གར་ཡུལ་ནས་ཀྱང་རྒྱལ་པོ་དྷརྨ་ཨ་ཤོ་ཀའི་བློན་པོ་ཡ་ཤ་ཞེས་བགྱི་བ་ལ་དཀུ་དར་ནས། བློན་པོ་ཡ་ཤ་སྤད་སྤུན་རྗེ་ཁོལ་འཁོར་ཡན་ཆད་རྒྱལ་པོ་ལ་མི་དགའ་བ་བདུན་སྟོང་ཡུལ་ནས་བྱུང་སྟེ། ཤར་ཕྱོགས་སུ་ཡུལ་ཚོལ། ས་ཚོལ་དུ་མཆིས་མཆིས་པ་ལས། འུ་ཐེན་གྱི་ཤེལ་ཆབ་གོང་མའི་ཡུལ་ཕྱོགས་སུ་མཆིས། ཞེས་དང་། ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་P.T.960ཐིག་ཕྲེང་29པར། རྒྱལ་བུ་ས་ནུའྀ་པ་རྒྱ་གར་གྱྀ་རྒྱལ་པོ་ཨ་ཤོ་ཀའི་བློན་པོ། ཆོན་པོ། ཨ་མ་ཅ་ཡ་ཤྀ་ནོངས་བྱུང་ནས། ཡུལ་ནས་བསྐྲད་དེ། རྒྱ་གར་གྱི་དམག་མང་པོ་དང་འཁོར་དུ་བཅས་སྟེ། ལི་ཡུལ་ཕྱོགས་སུ་མཆི་བ་དང༌།།ཤེལ་ཆབ་གོང་མའྀ་ཧང་འགུ་འཇོར་མཇལ་ནས། ཞེས་འཁོད་པ་ལྟར་ན། ས་ནུ་མྱེ་སྐར་དུ་སླེབས་པའི་རྗེས་སུ། རྒྱ་གར་ནས་དྷརྨ་ཨ་ཤོ་ཀའི་བློན་པོ་ཡ་ཤ་ཟེར་བས་སྣེ་ཁྲིད་པའི་མི་མང་པོ་ཞིག་ལི་ཡུལ་དུ་སླེབས། བློན་པོར་དེའི་མིང་དུ་ཡ་ཤ་དང་། ཨ་མ་ཅ་ཡ་ཤྀ། ཞེས་འབྲི་ཚུལ་མི་འདྲ་བ་གཉིས་བྱུང་པའི་སྔ་མ་དེ་ད་ལྟའི་སཾ་བོད་ཚིག་མཛོད་ཁག་ཏུ་གྲགས་པའི་སྐད་དོད་ཡ་ཤཿཞེས་པའི་འབྲི་ཚུལ་ཡིན་ལ། ཇོ་ནང་ཏ་ར་ན་ཐའི་《རང་རྣམ་》⒇དུ། སྙན་གྲགས་བཟང་པོའི་སྐད་དོད་ལེགས་སྦྱར་དུ་ཡ་ཤོ་བྷ་དྲ། ཟེར་ཚུལ་བཀོད་པ་ལས་བརྟག་ན། ཡ་ཤྀ་ཞེས་གུག་གུར་བྱས་པའང་གྲགས་པའི་སྐད་དོད་ཡ་ཤཿའདིའི་འབྲི་ཚུལ་དུ་ངེས། ཨ་མ་ཅ་ཡ་ནི་ད་ལྟའི་ལེགས་སྦྱར་ཚིག་མཛོད་ཁག་ཏུ་བློན་པོའི་སྐད་དོད་དུ་ཨམཱཏྱ། ཞེས་བྱུང་པའི་འབྲི་ཚུལ་ཏེ་འདིར་ཅ་དང་ཏ་ཕན་ཚུན་བརྗེ་བའི་འབྲི་ཚུལ་སྤྱད་པས་ཕར་བལྟས་ཚོད་དུ་མི་སྲིད་པ་ལྟ་བུར་གྱུར་མོད། ཏུན་ཧོང་ནས་ཐོན་པའི་རཱ་མ་ཎའི་རྟོགས་བརྗོད་ཀྱི་ཐིག་ཕྲེང་228པར། ངེད་གཉིས་རྒྱལ་སྲིད་ལྟོད་པ། ལས། དམ་བཆས་པའ། ཞེས་དང་། ཡང་དེའི་ཐིག་ཕྲེང་336 པར། རྒྱལ་སྲིད་ལྟོད་པྱིར་སྤུན་ཡང་དམེས་འགྱེད་ན།། ཞེས་བྱུང་བའི་“ལྟོད་”ནི་རྩོད་པའི་དོན་ཡིན་པས། སྤྱི་ལོ་དུས་རབས་བཅུ་གཉིས་པའི་ཡས་མས་སུ་འཚོ་བའི་བོད་པ་རྣམས་ཀྱིས་ལེགས་སྦྱར་ཡི་གེ་བོད་ཡིག་ཏུ་འགོད་དུས་སུ། ཅ་དང་ཙ་གཉིས་ཀའི་དོད་དུ་ཏ་ཡིག་འབྲི་བའི་སྲོལ་སྤྱད་ཡོད། དེས་ན། ཨ་མ་ཅ་ཡ་ཤྀ་ཞེས་པ་ནི།བློན་པོ་གྲགས་ཆེན་ཞེས་པའི་དོན་ཙམ་ལས་བློན་པོ་དེའི་མཚན་དངོས་མིན། བློན་པོ་འདི་ལི་ཡུལ་དུ་ཇི་ལྟར་སླེབས་ཚུལ་ཐད་《ལི་ཡུལ་ལུང་བསྟན་》དུ། རྒྱལ་བོ་དྷརྨ་ཨ་ཤོ་ཀའི་བློན་པོ་ཡ་ཤ་ཞེས་བགྱི་བ་ལ་དཀུ་དར་ནས། ཞེས་དང་། ཡིག་རྙིང་P.T.960ནང་དུ་རྒྱལ་པོ་ཨ་ཤོ་ཀའི་བློན་པོ། ཆོན་པོ། ཨ་མ་ཅ་ཡ་ཤྀ་ནོངས་བྱུང་ནས། ཞེས་“དཀུ་དར་”དང་“ནོངས་བྱུང་”ཞེས་བརྗོད་ཚུལ་མི་འདྲ་བ་གཉིས་བྱུང་པའི་སྔ་མ་“དཀུ་”ནི་ཐབས་དང་གཡོ་སྒྱུ་གཉིས་ཀྱི་དོན་ཡོད་པ་ལས་འདིར་ནི་གཡོ་སྒྱུ་དང་ངན་གཡོ་ལ་གོ་བ་དང༌། “དར་”ནི་ཞོལ་རྡོ་རིང་ལས། བཙན་ཕོ་ཡབ་ཁྲྀ་ལྡེ་གཙུག་གྱི་སྐུ་ལ་དརད་ཏེ་དགོང་དུ་གཤེགས་སོ། ཞེས་གཞན་ལ་གནོད་པ་དང་འཚེ་བའི་བརྡར་གོ་བ་ལྟར། འདིར་“དཀུ་དར་”ཞེས་པ་དང་ཡིག་རྙིང་P.T.960ནང་དུ་“ནོངས་བྱུང་” ཞེས་པ་གཉིས་ནི་བློན་པོ་དེར་ཉེས་འགེལ་གྱི་དོན་རྐྱེན་བྱུང་པའམ་སྲོག་ཁྲིམས་འཁེལ་པའི་དོན་བསྟན་ཞིང་། ཡིག་རྙིང་P.T.960ནང་དུ། རྒྱལ་པོ་ཨ་ཤོ་ཀའི་བློན་པོ། ཆོན་པོ། ཞེས་འཁོད་པའི་ཚིག་ལས་བློན་པོ་འདི་ནི་ཇག་པ་ལྟ་བུའི་མི་ངན་གྱི་གྲས་ཡིན་པ་གསལ་པོར་བསྟན།《ཀུ་བརྗོད་》དུ། ཆོས་རྒྱལ་ཨ་ཤོ་ཀས་བཙུན་མོ་སྐར་རྒྱལ་སྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བསྲེགས་པའི་དུས་སུ། རྡོ་འཇོག་པའི་གྲོང་ཁྱེར་པ་རྣམས་ཀྱང་རབ་ཏུ་བཅོམ་མོ། ཞེས་དང༌། 《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་》ལས། དེ་ནས་རྒྱལ་པོས་སྔར་བཀའ་ཤོག་རྫུས་མ་མ་ཞུས་ཤེས་ཁྲོས་པས། བློན་པོ་འགའ་ཞིག་བསྐྲད། འགའ་ཞིག་བཀུམས། འགའ་ཞིག་དམའ་ཕབས་ཁྲིམས་ཀྱིས་ཚར་བཅད་དོ།།(21)ཞེས་བཀོད་པར་བརྟག་ན། བློན་པོ་འདི་ནི་བཙུན་མོ་རྒྱལ་སྲུངས་མའི་ཕྱོགས་བྱས་ཏེ་རྒྱལ་བུ་ཀུ་ན་ལའི་མིག་བྲུས་པ་སོགས་བྱ་ངན་བྱེད་མཁན་མང་པོ་ཡོད་པའི་ནང་གི་གཅིག་ཡིན་པར་ངེས་ཤིང་། ཉེས་ཆད་དྲག་པོར་འཇིགས་པའམ་ཡང་ན་སྲོག་ཁྲིམས་ལ་བྱོལ་ནས་འཁོར་བདུན་སྟོང་དང་བཅས་ཏེ་ལི་ཡུལ་དུ་བྲོས་བྱོལ་དུ་སླེབས་པ་ཞིག་རེད། 《རྒྱ་གར་ཆོས་འབྱུང་》དུ། ནུབ་བྱང་ཨསྨ་པ་རནྟ་ཞེས་བྱ་བ་ཡུལ་ཐག་རིང་པོ་ཞིག་ན་རྒྱལ་པོ་གླང་པོའི་རྣ་བ་ཞེས་བྱ་བ་ངོ་ལོག་པ། ཞེས་བཀོད་པ་དང་།《དཔག་བསམ་འཁྲི་ཤིང་》དུ་རྡོ་འཇོག་གི་རྒྱལ་པོ་གླང་པོའི་རྣ་བ། ཞེས་བྱུང་ཞིང་། 《ཀུ་བརྗོད་》དུ། རྒྱལ་པོ་ཨ་ཤོ་ཀས་བྱང་ཕྱོགས་ཀྱི་གྲོང་ཁྱེར་རྡོ་འཇོག་པ་དང་རྩོད་པར་གྱུར་བ། ཞེས་གསལ་པའི་ཡུལ་རྡོ་འཇོག་གི་རྒྱལ་པོ་གླང་པོའི་རྣ་བ་ཞེས་པ་དེ་བློན་པོ་ཡ་ཤར་ངོས་བཟུང་ཆོག་མིན་དང་འཇར་པན་མཁས་པ་山起元一ལགས་ཀྱིས། ཡ་ཤ་(yasha)ཟེར་བའི་མི་དེ་ངག་རྒྱུན་ཏུ་ཨ་ཤྭ་ཀའི་བློ་ཆོས་ཕྱོགས་སུ་འགུགས་མཁན་ཡིན་པར་བཤད་པར་(22)རྒྱུ་མཚན་ཡོད་མེད་རྣམས་རྗེས་སུ་དཔྱད་དགོས།
              5.ལི་ཡུལ་ནས་རྒྱལ་རབས་ཤིག་གི་འགོ་ཚུགས་པ། རྒྱལ་བུ་ས་ནུ་མྱེ་སྐར་དུ་བཞུགས་པའི་དུས་སུ་བློན་པོ་ཡ་ཤ་འཁོར་བདུན་སྟོང་དང་བཅས་ཏེ་ལི་ཡུལ་དུ་སླེབས།དུས་སྐབས་དེ་ཙམ་ནས་རྒྱལ་བུ་ས་ནུ་དང་བློན་པོ་ཡ་ཤ་གཉིས་ཕན་ཚུན་ངོ་འཕྲད་དེ་ཕན་ཚུན་རྒྱལ་བློན་གྱི་ཚུལ་དུ་ཡོད་པ་ཤེས། ངོ་འཕྲད་ཚུལ་གྱི་གོ་རིམ་ཐད་《ལི་ཡུལ་ལུང་བསྟན་》དང་ཏུན་ཧོང་ནས་ཐོན་པའི་ཡིག་རྙིང་P.T960པར་འཁོད་པ་གཉིས་ཅུང་ཙམ་མི་འདྲ་སྟེ། 《ལི་ཡུལ་ལུང་བསྟན་》དུ་རྒྱལ་བུ་ས་ནུ་དང་བློན་པོ་ཡ་ཤ་གཉིས་ཐོག་མར་རྒྱལ་བློན་གྱི་འབྲེལ་བ་ལྡན་པ་ཤེས་ཏེ་བློན་པོ་ཡ་ཤས་གདན་འདྲེན་གྱི་འཕྲིན་ཡིག་འཕུལ་པའི་རྗེས་སུ་ཕན་ཚུལ་ཡུལ་བགོ་སྟངས་ལ་མ་མཐུན་པར་དམག་འཁྲུག་བསླངས་ཚུལ་བཀོད་ཡོད། ཏུན་ཧོང་ཡིག་རྙིང་ P.T960ཕྲེང་29-31པར། རྒྱལ་བུ་ས་ནུའྀ་པ་རྒྱ་གར་གྱྀ་རྒྱལ་པོ་ཨ་ཤོ་ཀའི་བློན་པོ། ཆོན་པོ། ཨ་མ་ཅ་ཡ་ཤྀ་ནོངས་བྱུང་ནས། ཡུལ་ནས་བསྐྲད་དེ། རྒྱ་གར་གྱི་དམག་མང་པོ་དང་འཁོར་དུ་བཅས་སྟེ། ལི་ཡུལ་ཕྱོགས་སུ་མཆི་བ་དང༌།། ཞེས་ཨ་ཤོ་ཀའི་བློན་པོ། ཆོན་པོ། ཨ་མ་ཅ་ཡ་ཤྀ་ནོངས་བྱུང་བ་སྟེ་ཉེས་སྐྱོན་འཁེལ་ནས་ལི་ཡུལ་དུ་སླེབས་པ་དང་། ་་་་་་དང་པོ་རྒྱུས་མ་འཚལ་ཏེ།སོ་སོ་ནས་གཡུལ་བཤམས་སྟེ། ཐབ་མོ་བགྱི་བར། བགྱྀས་པ་ལས། ཞེས་རྒྱལ་བློན་གཉིས་ཐོག་མར་ཕན་ཚུན་ངོ་མ་ཤེས་པར་དམག་འཁྲུག་བསླང་ཚུལ་བརྗོད་པས་རྗེས་མ་འདི་དོན་གྱི་བྱུང་རིམ་ལ་འབྱོར་བའི་བཤད་ཚུལ་ཞིག་ཡིན་པར་སེམས། དམག་འཁྲུག་དེ་ཇི་ལྟར་མཇུག་བསྡུམ་པའི་ཐད་《ལི་ཡུལ་ལུང་བསྟན་》དུ། དུས་དེར། ནམ་མཁའ་ལས་རྣམ་ཐོས་ཀྱི་སྲས་དང༌། དཔལ་གྱི་ལྷ་མོ་བྱུང་ནས་བཤུགས་ཏེ། འཐབ་ཏུ་མ་སྩལ། ཞེས་བཀོད་པ་དང་། ཏུན་ཧོང་ཡིག་རྙིང་དུ། མགོན་པོ་བྀ་ཤ་ར་མ་ཎྀ་དང༌། དཔལ་གྱྀ་ལྷ་མོ་དང༌། སའྀ་ལྷ་མོ་ལས་སྩོགས་པ་དབུས་ནས་བྱུང་སྟེ། དང་པོའི་རྒྱུས་ཀྱང་ཞིབ་ཏུ་བཤད། བྲན་དང་རྗེ་བོར་ཡང་ངོ་ཤེས་པར་བསྟནད། སྡུམས་བགྱིས་ནས།། དང་པོ་རྒྱལ་པོ་ས་ནུ་དང། ཨ་མ་ཅ་ཡ་ཤི་རྗེ་གོལ་མཇལ་ནས། གཞི་འདི་གཉིས་ཀྱིས་བཟུང་སྟེ། འུ་ཏེན་གྱྀ་ཡུལ་ས་ནི། དེ་ལྟར་བཟུང་ཞིང་བཙུགས་སོ། ཞེས་བཀོད་པ་གཉིས་ཀྱི་ནང་དོན་ཧ་ལམ་གཅིག་ཡིན། བར་འདུམ་གྱི་བརྡར་“བཤུགས”་དང་“སྡུམས་བགྱིས་ནས་”ཞེས་བྱ་ཚིག་མི་འདྲ་བ་གཉིས་སྤྱད་པའི་སྔ་མ་“བཤུགས་”ནི་《ཚིག་མཛོད་》རྣམས་སུ་ནང་ཁུལ་ཕན་ཚུན་ཁེ་བཟང་མི་ཟ་བར་རང་ཡོད་དངོས་པོ་གཞན་ལ་འཚོང་བ། ཞེས་པའི་དོན་ལས། བར་འདུམ་གྱི་དོན་ལྡན་ཚུལ་གསལ་པོར་བཀོད་མེད་ཀྱང་། བར་འདུམ་བྱ་བ་དེ་ཕྱོགས་གཅིག་རྒྱལ་དུ་མི་འཇུག་པའམ་ཕྱོགས་གཅིག་ལ་ཁེ་བཟང་ཟ་རུ་མི་འཇུག་པར་གཉིས་ཀས་ཁས་ལེན་པ་ཞིག་དགོས་པ་ལ་ཟེར་བས་འདིའི་“བཤུགས་”ནི་བར་འདུམ་དུ་འགྲེལ་དགོས་ཤིང་། ཏུན་ཧོང་ནས་ཐོན་པའི་ཡི་གེར་“སྡུམས་”ཞེས་བྱུང་པ་འདུམ་གྱི་འབྲི་ཚུལ་ཡིན་པ་དེས་ཀྱང་བཤུགས་ལ་འདུམ་གྱི་དོན་ལྡན་པ་གསལ་བར་བསྟན། རྒྱའི་མཁས་པ་ཁ་ཤས་ཀྱིས་བཤད་ཚུལ་ལ། ཏུན་ཧོང་ཡིག་རྙིང་ནི་དགོས་མེད་ཀྱི་ཡི་གེ་རྣམས་བོར་བའི་གད་སྙིགས་ལྟ་བུ་ཡིན་པར་སྨྲ་བ་དང་P.T960འདིའི་གཞུང་ཧྲིལ་པོ་བལྟས་ན་ད་ལྟའི་བསྟན་འགྱུར་ཁྲོད་ཀྱི་《ལི་ཡུལ་ལུང་བསྟན་》དང་《དགྲ་བཅོམ་དགེ་འདུན་འཕེལ་གྱིས་ལི་ཡུལ་ལུང་བསྟན་པ་》བཞིན་མགོ་སྔ་ཚང་བ་ཞིག་མིན་པས་ཕལ་ཆེར་གོང་འཁོད་ལུང་བསྟན་གཉིས་ཀ་ལེགས་བསྒྲིགས་གནང་རྗེས་སུ་གད་སྙིགས་བཞིན་བོར་བའི་ཤོག་དྲིལ་ཁག་ཅིག་ཡིན་པར་ངོས་བཟུང་ཀྱང་མི་ཆོག་པ་མེད་མོད། རྗེས་ཀྱིས་མཁས་པས་བཟོ་བཅོས་མ་རེག་པར་ལུས་པའི་ཡིག་རྙིང་དེ་དག་གི་ཁྲོད་ན་《ལི་ཡུལ་ལུང་བསྟན་》ཁྲོད་འགལ་འཁྲུག་བྱུང་པ་དག་བཅོས་ཀྱི་གཞིར་གྱུར་པ་ནི་ཡིག་རྙིང་འདིའི་རིན་ཐང་ཡིན་ལ།དེ་བཞིན་ཡིག་རྙིང་ཤོག་དྲིལ་འདི་རྣམས་ཀྱིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་སོགས་ནོར་བཅོས་ཐད་དགེ་མཚན་བླ་ན་མེད་པ་ཐོན་པ་མང་བས། ང་ཚོས་གད་སྙིགས་ལྟར་ལུས་པའི་ཡིག་རྙིང་འདི་དག་ལ་ལྷག་པར་གཅེས་སེམས་འཆང་པའི་བསམ་བློ་དེ་བརྟན་པར་བྱའོ།།
              དེ་ལྟར་ལི་ཡུལ་གྱི་མྱེ་ཡ་ས་ཆ་འདི་ཐོག་མར་རྒྱལ་བུ་ས་ནུས་བཟུང་ཞིང༌། འུ་ཐེན་གྱི་ཤེལ་ཆུ་གོང་མའི་ཕྱོགས་འདི་ཐོག་མར་རྒྱལ་པོ་ཨ་ཤོ་ཀའི་བློན་པོ་ཡ་ཤས་བཟུང་པ་ནས།ཕན་ཚུན་ངོ་ཤེས་ཤིང་རྒྱལ་བློན་གྱི་ཚུལ་དུ་གྱུར་ཏེ་གནས་གཞི་ཆགས་པའི་འགོ་ཚུགས།
              གཞི་ཇི་ལྟར་ཆགས་ཚུལ་ལ་《ལི་ཡུལ་ལུང་བསྟན་》དུ།དེ་ནས་རྒྱལ་བུ་ས་ནུ་དང༌། བློན་པོ་ཡ་ཤ་ཡང་དུམ་(འདུམ་)ནས་ས་ནུ་རྒྱལ་པོ་བགྱིས། ཡ་ཤས་ནི་བློན་པོ་བགྱི་ནས་རྒྱལ་པོ་ས་ནུའི་འཁོར་རྒྱ་རྣམས་ནི་འུ་ཐེན་གྱི་ཤེལ་ཆུ་འོག་མ་མན་ཆད་མདོ་ལོ་སྐོང་དང༌། སྐམ་ཤེང་ཡན་ཆད་དུ་བཀོད།བློན་པོ་ཡ་ཤའི་འཁོར་རྒྱ་གར་རྣམས་ནི་ཤེལ་ཆུ་གོང་མ་ཡན་ཆད་རྒྱ་དང༌། ཀོང་ཤེང་མན་ཆད་དུ་བཀོད། ཤེལ་ཆུ་དབུས་ནི་རྒྱ་གར་དང༌། རྒྱའི་བློན་པོ་དང༌། འབངས་སྟོང་རིམས་འདྲེས་པར་བཀོད་ནས་ཡུལ་བཙུགས་མཁར་བརྩིགས་ཏེ། ཞེས་ཡུལ་གྱི་ཆགས་ཚུལ་བཀོད་པའི་ཁྲོད། ཤེལ་ཆུ་གོང་མ་དང་འོག་མ་གཉིས་ནི་《ཧོ་ཐེན་གྱི་རྒྱལ་རབས་རིམ་བྱུང་གི་འགྲུལ་འགྲིམ་ལམ་ཐིག་ཞིབ་འཇུག་》ཞེས་པར། ཧོ་ཐེན་གྱི་ལྷོ་རིའི་འདབས་ཀྱི་ཆུ་བོ་དེར་ཧོ་ཐེན་ཆུ་བོ་ཟེར།ཞེས་པ་དང༌། ……རྒྱལ་རབས་ལྔའི་དུས་སུ། “一曰白玉河,在城东三十里。二曰绿玉河,在城西二十里。三曰玉河,在绿玉河西七里。” (23)ཞེས་བཀོད་པའི་ནང་“白玉河”ཞེས་པ་“ཤེལ་ཆུ་གོང་མར”འབོད་པ་དེ་ཡིན་ལ། “绿玉河”དང་ “玉河”ཟེར་བ་ནི་ནུབ་ཀྱི་ཆུ་བོ་དེ་ཡན་ལག་གཉིས་སུ་གྱེས་པའི་མིང་འབོད་དེ་བོད་སྐད་དུ་“ཤེལ་ཆབ་འོག་མ་”ཞེས་སུ་འབོད་པ་དེ་ཡིན། དེང་སང་ས་ཁྲའི་ངོས་སུ་མྱེ་ཡའི་ཆུ་བོ་དང་དེ་ནས་ནུབ་ཏུ་འུ་ཐེན་གྱི་ཆུ། དེའི་ནུབ་ཕྱོགས་སུ་ཧོ་ཐེན་གྱི་ཆུ་རྣམས་ལས་ཤེལ་ཆབ་གོང་མ་དང་འོག་མ་གཉིས་ནི་རྒྱལ་བུ་ས་ནུ་བཞུགས་ས་སྟེ་ད་ལྟའི་ཧོ་ཐེན་དུ་འབོད་པའི་ཡུལ་དུ་ཡོད། འདིར་རྒྱའི་ལམ་ཚད་སྟོན་བྱེད་(里)ནི་བོད་ཀྱི་རྒྱང་གྲགས་སུ་མཚུངས། 《བྷོད་ཀྱི་ཁྲམ་ཤིང་ཕྱོགས་བསྒྲིགས་》ཨང་གྲངས་133ལ། ཤེལ་ཆབ་གོང་མའི་ཚནད་ལ་ལི་བཅ་(བཅུ་)གཉིས……། ཤེལ་ཆབ་འོག་མའི་ཚན་ལ་ལི་བདུན་གྱྀ་དེད་སྣ་ལི་བུན་དར་མཎ་གཐད། ཅེས་གསལ་པས་དུས་རབས་བརྒྱད་པ་ནས་དགུ་པའི་དུས་སུ་བོད་པ་རྣམས་ཡུལ་དེར་སྡོད་པ་ནས་ཡུལ་དེའི་མིང་ཡང་གསལ་པོར་བཀོད་ཡོད། ཡུལ་བགོ་སྟངས་ནི་ཤེལ་ཆུའི་དབུས་ཏེ་དཀྱིལ་དུ་རྒྱལ་བློན་རྣམས་དང་སྟོད་རིམས་ཏེ་མཐོ་རིམ་དཔོན་རིགས་རྣམས་སྡོད་པ་དང༌། ཤེལ་ཆུའི་ཡན་ཆད་དུ་རྒྱ་གར་ནས་སླེབས་པའི་བློན་པོ་ཡ་ཤ་ཕྱོགས་ཀྱི་ཡུལ་དུ་བྱས། རྒྱལ་བུ་ས་ནུའི་འཁོར་རྒྱ་རྣམས་ནི་འུ་ཐེན་ཤེལ་ཆུའི་མན་ཆད་དུ་སྡོད་དུ་བཅུག་པ་སྟེ། རང་རང་གི་རིག་གནས་མི་འདྲ་བའི་ཁྱད་ཆོས་སུ་བསྟུན་ནས་ཡུལ་བགོས་ཤིང་། དེའི་དུས་སུ་རྒྱལ་བུ་ས་ནུའི་བློན་པོ་ནི་རྒྱ་གར་ནས་ཕེབས་པའི་བློན་པོ་ཡ་ཤ་ཡིན། 《ལི་ཡུལ་ལུང་བསྟན་》དུ།རྒྱ་གར་དང་རྒྱ་ཕྲད་པའི་ཡུལ་ནི་ལི་ལགས་ཏེ། འཕྲལ་སྐད་ནི་རྒྱ་གར་དང་རྒྱར་མི་མཐུན་པ། ཡི་གེ་ནི་རྒྱ་གར་དང་བགས་ཀྱིས་མཐུན། ཞེས་འབྱུང་བ་ལྟར་ན་འཕྲལ་སྐད་དེ་ཡུལ་སྐད་ནི་རྒྱ་གར་དང་རྒྱར་མི་མཐུན་པའི་སྐད་རིགས་སུ་གནས་ཤིང་། ཡི་གེ་ནི་རྒྱ་གར་དང་བགས་ཀྱིས་མཐུན་པ་སྟེ་ཚངས་པའི་ཡི་གེ་དང་ཁརོཥྚིའི་ཡི་གེ་སྤྱོད། 《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》དུ། དེ་ཡང་ལོ་བཅུ་དགུ་པ་ལ་ལི་ཡུལ་བཏབ་སྟེ་ལི་ཡུལ་བཟུང་། དེས་ལོ་བཅུ་གཉིས་ལི་ཡུལ་གྱི་རྒྱལ་པོ་མཛད་དོ།། ས་ལ་ནུའི་བུ་རྒྱལ་པོ་བྱི་ཙ་ན་སམ་བྷ་ནི་འཇམ་དཔལ་གྱི་སྤྲུལ་པ་ཡིན་ནོ།།(24) ཞེས་བཀོད་པས་ས་ནུ་དགུང་ལོ་བཅུ་དགུ་ལོན་དུས་ཏེ་སྤྱི་ལོ་སྔོན་310དུས་སུ་སྲིད་དབང་བཟུང་པ་ནས་ལོ་བཅུ་གཉིས་ཏེ་སྤྱི་ལོ་སྔོན་298བར་ལི་ཡུལ་གྱི་རྒྱལ་པོ་མཛད། ས་ལ་ནུའི་བུ་སུ་ཡིན་གྱི་ངོས་འཛིན་ཐད་ཤོག་དྲིལ་དང་བསྟན་བཅོས་སུ་བྱུང་བ་མི་འདྲ་བའི་ཁྱད་པར་ཡོད་པ་འདི་ལྟ་སྟེ། 《ལིའི་ཡུལ་ལུང་བསྟན་》དུ། རྒྱལ་བུ་ས་ནུའི་བུ་རྒྱལ་པོ་ཡེའུ་ལ་ཞེས་བགྱི་བ།ཞེས་ས་ནུའི་བུའི་མཚན་ལ་ཡེའུ་ལ་ཞེས་འབོད་ཚུལ་བཤད་པ་དང་། ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T.960 ཐིག་ཕྲེང་6པར། རྒྱལ་པོ་ས་ནུ་འི་ཚ་བོ། རྒྱལ་པོ་ཡེའུ་ལ་ཞེས་བགྱྀ་བས།། ལི་ཡུལ་འུ་ཏེན་གྱྀ་མཁར་དངར་ལྡན་(མཁར་ལྔ་ལྡན་ཞེས་པའི་འབྲི་ཚུལ་ཡོད་)གྱྀ་གྲོང་ཁྱེར་ཆེན་པོ་བརྩིགསོ།ཞེས་བྱུང་བ་རྣམས་ཀྱི་ངོས་འཛིན་ཚུལ་མི་འདྲ་ལ། དེ་བཞིན་དུ། 《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》དུ། ས་ལ་ནུའི་བུ་རྒྱལ་པོ་བྱི་ཙ་ན་སམ་བྷ་ནི་འཇམ་དཔལ་གྱི་སྤྲུལ་པ་ཡིན་ནོ། ཞེས་བཀོད་པའི་རྒྱལ་པོ་བྱི་ཙ་ན་སམ་བྷ་ནི་འབྲི་ཚུལ་གཞན་དུ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་པ་དེ་ཡིན་ལ།《ལིའི་ཡུལ་ལུང་བསྟན་》དུ། དེའི་སྲས་ལི་ཡུལ་བྱུང་ནས་དགུང་ལོ་བརྒྱ་དྲུག་ཅུ་རྩ་ལྔ་འདས་པའི་འོག་ཏུ་རྒྱལ་བུ་ཡེའུ་ལའི་བུ་རྒྱལ་པོ་བི་ཛ་ཡ་སཾ་བྷ་བ་ཞེས་བགྱི་བས་རྒྱལ་པོར་ཞུགས་ནས་དགུང་ལོ་ལྔ་ལགས་ནས་ལི་ཡུལ་དུ་ཐོག་མར་ཆོས་བྱུང་སྟེ། ཞེས་བྱུང་པ་རྣམས་ཀྱི་ངོས་འཛིན་ཡང་མི་འདྲ་བ་དེ་དག་གི་གོ་རིམ་ཇི་ལྟར་ཡིན་པར་རྗེས་སུ་དཔྱོད་དགོས་ཚུལ་འདིར་གླེང་སློང་ཙམ་ལས་ཞིབ་ཏུ་དཔྱོད་པར་མ་ནུས་པར་ལུས་ཀྱང་། ས་ནུས་ལི་ཡུལ་ནས་རྒྱལ་སྲིད་བཟུང་ནས་ལོ་བཅུ་གཉིས་ཙམ་འགོར་ཚུལ་བཤད་པ་དེ་ཕལ་ཆེར་བདེན་པར་འཛིན་དགོས་སོ་སྙམ།
              《འཕགས་པ་གླང་རུ་ལུང་བསྟན་པ་》ལས། དེ་ལྟར་རྒྱལ་པོ་ས་ལས་ནུ་མ་ནུ་དེ་མི་རབས་དུ་མའི་བར་དུ་ཡུལ་འདིའི་རྒྱལ་པོ་བྱེད་པར་འགྱུར་རོ། ཞེས་དང་། 《ལི་ཡུལ་ལུང་བསྟན་》དུ། ལི་ཡུལ་གྱི་རྒྱལ་པོ་ཐོག་མ་ས་ནུ་ནས་ལི་རྗེ་བཙན་བཟང་བཙན་ལ་བརྟན་ཐོག་མར་ལི་རྗེར་བསྐོས་ནས་ལི་རྗེའི་རབས་ལྔ་བཅུ་རྩ་དྲུག་དང་ཕྱག་ཚབ་གཅིག་བྱུང་ངོ་། ཞེས་བཀོད་པ་ལྟར་ལི་ཡུལ་གྱི་རྒྱལ་རབས་ནི་སྤྱི་ལོ་སྔོན་310དུས་ནས་འགོ་ཚུགས་པ་ནས་སྤྱི་ལོ་ཚུགས་རྗེས་ཀྱི་1145ལོ་བར་ཨ་ཤྭ་ཀའི་རྒྱལ་རྒྱུད་ལས་གྱེས་པ་ཞིག་གི་རྒྱུན་ལ་གནས་ཤིང་ཁྱོན་བསྡོམས་རྒྱལ་རབས་ང་བཅུ་རྩ་དྲུག་དང་ཕྱག་འཚལ་གཅིག་བྱུང་།
              《འབྲུག་པའི་ཆོས་འབྱུང་》དུ། ཆོས་རྒྱལ་མྱ་ངན་མེད་པའི་ཚ་བོ་སྐྱེས་མ་ཐག་པ་གཅིག་རྣམ་ཐོས་སྲས་ཀྱིས་ཁྱེར་ཏེ།(25)ཞེས་དང་། ཨ་ཤྭ་ཀ་དང་མྱ་ངན་བྲལ་གཅིག་མིན་ཚུལ་སོགས་ལོ་རྒྱུས་ཀྱི་བྱུང་བར་སྦྱོར་དུ་མེད་པའི་བཤད་ཚུལ་སྣ་ཚོགས་ད་དུང་ཡོད་སྲིད་པ་རྣམས་ལ་རེ་རེ་བཞིན་དཔྱད་པའི་དགོས་པ་ཆུང་བས་རེ་ཞིག་བཞག་གོ། མདོར་ན།དཔྱད་པ་བྱ་བ་ནི་རྟགས་དང་རྒྱུ་མཚན་འགོད་པའི་རིག་པ་ཞིག་སྟེ། རི་བོང་གྱལ་འགྲོགས་ཀྱི་རྗེས་སུ་ཞུགས་པ་ལྟར་གཞན་ལ་ལྟོས་པ་མིན་ཞིང་། ངོ་ལྐོག་མེད་པ་ཞིག་ཡིན་ཕྱིར།འདིར་མི་མཐུན་པའི་ལྟ་ཚུལ་ཡོད་ཚེ་རྟགས་དང་རྒྱུ་མཚན་དཔང་པོར་བཞག་ནས་དྲང་པོས་ངག་གམ་རྩོམ་པའི་ལམ་ནས་གྲོས་གླེང་བྱེད་པར་རེ་བ་ཆེའོ།།
མཆན་འགྲེལ།
              ①《ལི་ཡུལ་ལུང་བསྟན་པ་》ནི་སྡེ་དགེ་《བསྟན་འགྱུར་》ཤིང་པར། སྤྲིང་ཡིག ངེ་དུམ་པ། ཤོག་གྲངས་168-188ལ་གསལ།
              ②《ཀུ་ན་ལའི་རྟོགས་བརྗོད་》ནི་《བསྟན་འགྱུར་ལས་བྱུང་བའི་སྐྱེས་རབས་དང་རང་རྟོགས་གཅེས་བསྡུས་》 ཤོག་གྲངས་928-958ལ་གསལ། མི་རིགས་དཔེ་སྐྲུན་ཁང་༌། 1993ལོ།
              ③《དཔག་བསམ་འཁྲི་ཤིང་གི་རྩ་འགྲེལ་》ཡལ་འདབ་ང་དགུ་པ། ཤོག་གྲངས་255-267ལ་གསལ་བ་དང༌་། དེའི་འགྲེལ་བ་ཤོག་གྲངས་571-575ལ་གསལ། མཚོ་སྔོན་མི་རིགས་སློབ་ཆེན་གྱིས་པར་བཏབ་པ། 1988ལོ།
              ④《རྒྱ་གར་ཆོས་འབྱུང་》ཤོག་གྲངས་64-67lལ་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 1986ལོ།
              ⑤《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》 གངས་ཅན་རིག་མཛོད་5པ། ཤོག་ངོས་73ལ། 1988ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
              ⑥ 《དེབ་དཀར་》མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་37ངོར་གསལ། 2007ལོ།
              ⑦《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་》སྟོད་ཆ། (གསེར་ཐང་)ཤོག་གྲངས་245ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 2009 ལོ།
              ⑧《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་》སྟོད་ཆ། (གསེར་ཐང་)ཤོག་གྲངས་245ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 2009ལོ།
              ⑨ 《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་བཞུགས་སོ་》ཤོག་གྲངས་35aལ་གསལ། 日本大谷大学所藏西藏藏外文献丛书复印件。
              ⑩རྔ་བ་རྩོམ་སྒྱུར་ཅུས་བསྒྲིགས་པའི་《སཾ་བོད་སྐད་གཉིས་ཤན་སྦྱར་》 ཤོག་ངོས་84ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོ།
              ⑾《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་འབུམ་》སྟོད་ཆ། (གསེར་ཐང་) ཤོག་གྲངས་246ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། 2009 ལོ།
              ⑿གྲོང་ཁྱེར་དེའི་མིང་ལ་བོད་སྐད་དུ་སྐྱ་ནར་གྱི་བུ་བྱ་བ་དེ་ཡིན་ཞེས་དང༌། …… མ་ལ་ཝ། ར་ཥྚ། གོང་དུ་བཤད་པའི་གྲོང་ཁྱེར་པ་ཊ་ལི་པུ་ཏྲ་ནི་པུ་ལླི་རཱ་མ་ཡིན་ཞེས་བུ་སྟོན་དང་མཁས་གྲུབ་སོགས་ཀྱིས་གསུངས། ཞེས་མཁས་དབང་དགེ་ཆོས་ཀྱིས་གསུང་ཤིང་། 《ཟླ་བའི་སྙིང་བོས་ཞུས་པའི་མདོ་》སྡེ་དགེ་བཀའ་འགྱུར་ཨཿདུམ་པ། ཤོག་ངོས་218ནང་། ཡུལ་བ་ཊ་ལི་པུ་ཏྲ་སྟེ་དམར་བུ་ཅན་ཞེས་བྱ་བ། ཞེས་བྱུང་པ་དེང་འདིར་སྣོན་པར་བྱའོ།།
              ⒀ཏུན་ཧོང་ནས་ཐོན་པའི་ཤོག་དྲིལ་P.T960ནང་དུ། དར་མ་མདོ་སྡེ་སུ་རྱ་ག་རྦ་དང༌། ཙན་དྲ་ག་རྦ་དང༌། བྱེ་མ་ལ་པྲི་ཙའྀ་གཞུང་ལས་མདོ་ཙམ་ཞིག། མཁན་པོ་མོ་རྒུ་བདེ་ཤྀལ་གྱིས། གསར་དུ་བསྒྱུརོ།། ལྀ་ཡུལ་ཆོས་ཀྱྀ་ལོ་རྒྱུས་ཀྱྀ་དཔེའི།། ཞུས། ཞེས་གསལ་པས། མཁན་པོ་འདི་ནི་ཧ་ལམ་སྤྱི་ལོ་དུས་རབས་བཞི་པ་ནས་ལྔ་པའི་ནང་ཙམ་ལ་བྱུང་པའི་ལི་ཡུལ་གྱི་ལོ་རྒྱུས་བརྗོད་མཁན་ཐོག་མའི་གྲས་ཡིན་པའི་སྐོར་ཁོ་བོའི་དཔྱད་རྩོམ་《བོད་ཀྱི་ཡིག་རྙིང་དུ་གསལ་པའི་ལི་ཡུལ་གྱི་ལོ་རྒྱུས་ཁག་ཅིག་ལ་དཔྱད་པ་》ཞེས་པར་གསལ།
              ⒁《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》 གངས་ཅན་རིག་མཛོད་5པ། ཤོག་ངོས་73ལ། 1988ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
              ⒂《ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་》 ཤོག་ངོས་16ལ། མི་རིགས་དཔེ་སྐྲུན་ཁང་། 1983ལོ།
              ⒃马大正等主编:《古楼兰文明发现及研究》一文,见于《西域考察与研究》,新疆人民出版社,1994年,第444-447页。
              ⒄刘文锁著:《尼雅-静止的家园和时间》,外文出版社,第39页。
              ⒅[唐]玄奘、辩机原著,季羡林等校注:《大唐西域记校注》,中华书局出版。1985年,第1030页。
              ⒆斯坦因、刘文等:《踏勘尼雅遗址》。广西师范大学出版社,2000年,第74页。
              ⒇《ཇོ་ནང་ཏ་ར་ན་ཐའི་གསུང་འབུམ་དཔེ་བསྡུར་མ་བཞུགས་སོ།།》 (2/45) ཤོག་གྲངས་16ལ་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། 2008ལོ།
              (21)《ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག》ཤོག་གྲངས་36aལ་གསལ།
              (22)张广智之著:《汉唐于阗佛教研究》,新疆人民出版社,2013年,第43页。
              (23)马大正等主编:《和田历代交通路线研究》一文,见于《西域考察与研究》,新疆人民出版社,1994年,第174—175页。
              (24)《ཆོས་འབྱུང་མེ་ཏོག་སྦྲང་རྩིའི་བཅུད་》 གངས་ཅན་རིག་མཛོད་5པ། ཤོག་ངོས་73ལ། 1988ལོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
              (25)《འབྲུག་པའི་ཆོས་འབྱུང་》 1581ལོར་བརྩམས། གངས་ཅན་རིག་མཛོད་19པ། ཤོག་ངོས་91ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1992ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1