༄༅།། ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་མདོ་ཙམ་གླེང་བ།
མི་ཉག་ཐུབ་བསྟན་ཆོས་དར། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 06-12
མི་ཉག་ཐུབ་བསྟན་ཆོས་དར།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དར་རྩེ་མདོ་ཞེས་པའི་ཐ་སྙད་ཀྱི་གོ་དོན་དང་ཐོག་མར་བྱུང་བའི་དུས། དར་མདོའི་གྲོང་སྡེ་ཇི་ལྟར་ཆགས་ཚུལ་དང་འཕེལ་རིམ། ལྕགས་ལའི་རྒྱལ་རྒྱུད་ཀྱི་འབྱུང་ཁུངས་དང་། རྒྱལ་རབས་རིམ་བྱོན་གྱི་ལོ་རྒྱུས་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] དར་རྩེ་མདོ། ལྕགས་ལ། ལྕགས་ལ་རྒྱལ་པོ། ཨ་ཀྱ་ཁ་པ། ལྷ་མོ་རྩེ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-03-0039-14
དང་པོ། ལྕགས་ལའི་རྒྱལ་ས་དར་རྩེ་མདོ་ཞེས་པའི་ཐ་སྙད་ལ་དཔྱད་པ།
ལྕགས་ལའི་རྒྱལ་ས་དར་རྩེ་མདོ་ཞེས་པའི་ཐ་སྙད་དེ་ལ་མཁས་པ་རྣམས་ཀྱིས་འགྲེལ་ཚུལ་མི་འདྲ་བ་དུ་མ་བྱུང་འདུག་སྟེ། དུས་རབས་བཅུ་དགུ་པའི་ནང་དུ་བྱོན་པའི་ཤཱཀྱའི་དགེ་སློང་སྐལ་བཟང་བདུད་འདུལ་གྱི་《རང་རྣམ་》ལས། “དར་གྱི་རྩེ་མོ་འདུས་པའི་མདོ་འདི་ལ།། ཚོང་འདུས་ནོར་བུ་གླིང་ཞེས་བདག་གི་ཡུལ།། དེའི་མིང་ངེས་ཚིག་ཅུང་ཟད་གླེང་བ་ན།། རྒྱ་བོད་ཟུང་གི་ཆོས་སྲིད་ལུགས་གཉིས་ཀྱི།། སྲོལ་ནི་ཤིན་ཏུ་དར་བས་དར་ཞེས་བརྗོད།། དེ་ཡང་རྒྱ་བོད་ཟུང་ལ་ཕན་ཚུན་དུ།། ཐོག་མར་འབྱུང་བའི་རྩེ་མོ་ལྟ་བུར་རྩེ།། ཆུ་ཟུང་འདུས་པའི་མདོ་ལ་མདོ་ཞེས་གྲགས།། རྒྱ་བོད་ཧོར་སོག་ཚོང་པ་ཀུན་འདུས་པའི།། གྲོང་ཁྱེར་ཡིན་པས་ཚོང་འདུས་མིང་དུ་ཐོབ།། རྒྱ་བོད་ཆོས་སྲིད་གང་ལ་མཁོ་བ་ཡི།། ཕུན་ཚོགས་འདོད་དགུ་མ་ལུས་འབྱུང་བས་ན།། ནོར་བུ་གླིང་ཞེས་ཆོས་མཚུངས་སྒྲོ་བཏགས་མིང་།།”① ཞེས་གསུངས་པས་ཆོས་སྲིད་དང་ཆུ་བོ་སོགས་ལ་སྦྱར་ནས་འགྲེལ་བཤད་གནང་བ་དང་།
དུས་རབས་ཉི་ཤུ་པའི་ནང་དུ་བྱོན་པའི་མི་ཉག་མགོན་པོས་མཛད་པའི་《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་ཚལ་》ལས། “དར་རྩེ་(རྩི་)མདོ་ཞེས་པ་མི་ཉག་གི་སྐད་དེ། དར་ནི་གོས་དར་དང་། རྩི་ནི་སྨན་གྱི་དོན་ཡིན་པས། རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་ཟེར།”②ཞེས་གསུངས་པས་ཚོང་ར་དང་སྦྱར་ནས་འགྲེལ་བཤད་གནང་བ་དང་།
དེང་དུས་ཀྱི་སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་མཛད་པའི་《བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ》(རྒྱ་ཡིག་)ལས།“དར་ནི་དར་ལྕོག རྩེ་ནི་རྩེ་མོ། མདོ་ནི་ཆུ་གཉིས་ཀྱི་མདོ།དར་ལྕོག་གི་འོག་ཆུ་གཉིས་ཀྱི་མདོར་གནས་པས་དར་རྩེ་མདོ་ཟེར།”③ ཞེས་གསུངས་པས་དར་ལྕོག་དང་ཆུ་བོ་ལ་སྦྱར་ནས་འགྲེལ་བཤད་གནང་བ་དང་།
རྒྱའི་དེབ་ཐེར་དག་ལས་དར་རྩེ་མདོ་ལ་ཏཱ་ཅན་ལོས་་་་(打箭炉)ཞེས་བྲིས་འདུག ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཚིག་དེ་སྒྲ་ཐད་བསྒྱུར་ལས་བྱུང་བ་ཡིན་པར་མ་ཤེས་པས། ཏཱ་ནི་མདའ་འཕངས་པ་དང་། ཅན་ནི་མདའ་ལ་ངསོ་འཛིན་བྱས་ནས་འགྲེལ་ལོག་གནང་བ་དང་།
བདག་གི་ལྟ་ཚུལ་ནི། དར་རྩེ་མདོ་ཞེས་པ་འདི་བོད་སྐད་ཡིན་པ་ནི་སྨོས་མ་དགོས། གྲོང་ཁྱེར་འདི་ཆུ་གཉིས་དང་རི་གསུམ་གྱི་མདོར་ཆགས་ཡོད་པས་མདོ་ཞེས་མིང་བཏགས་པ་ལ་རྩོད་པ་གང་ཡང་མ་མཆིས། དར་རྩེ་ཞེས་པའི་ཚིག་འབྲུ་གཉིས་པོའི་ཐད་ཀར་ཀྱི་གོ་དོན་ནི་དར་རྒྱས་དང་རྩེ་མོའི་དོན་ཏེ། དེ་ལྟར་བཏགས་པའི་རྒྱུ་མཚན་འདི་ཡིན་ཞེས་ཁ་ཚོན་གཅོད་པའི་སྤོབས་པ་བདག་ལ་མ་མཆིས་མོད། འོན་ཀྱང་དར་རྩེ་མདོའི་མདུན་རི་ལ་ལྷ་མོ་རྩེ་ཞེས་འབོད་པའི་གངས་རི་མཛེས་ཤིང་བརྗིད་ཆགས་པ། མཚོ་རིགས་ཁ་དོག་མི་འདྲ་བ་ལྔས་བསྐོར་བ་ཞིག་ཡོད་པས། རྩེ་ཞེས་པ་དེ་མདུན་རིའི་མིང་དང་འབྲེལ་བ་ཡོད་སྲིད་སྙམ།
གཉིས་པ། དར་རྩེ་མདོ་ཞེས་པའི་ཐ་སྙད་འདི་བྱུང་བའི་དུས།
ལོ་རྒྱུས་ཀྱི་རྒྱུ་ཆ་ལྟར་ན་དུས་རབས་བརྒྱད་པའི་ནང་ཐ་སྙད་འདི་ཡོད་པ་ལྟ་བུར་སྣང་སྟེ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་《གཡུ་ཐོག་གསར་རྙིང་གི་རྣམ་ཐར་》ལས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་མཛད་པ་དང་། དར་རྩེ་མདོ། རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་བྱོན་ནས་སྨན་གྱི་བསྟན་པ་སྤེལ་ཚུལ་བཅས་བཀོད་འདུག④འོན་ཀྱང་རྣམ་ཐར་འདི་དུས་རབས་བཅུ་བདུན་པའི་ནང་དུ་བསྒྲིགས་པ་ཞིག་ཡིན་པས་དཔྱད་དགོས་སོ།། དུས་རབས་བཅུ་གཉིས་པའི་ནང་ཐ་སྙད་འདི་དངོས་སུ་གནས་པ་ཁ་གསལ་ལ་རྩོད་པ་གང་ཡང་མི་དགོས་ཏེ། དུས་རབས་བཅུ་གཉིས་པའི་ནང་ཉང་ཉི་མ་འོད་ཟེར་གྱིས་མཛད་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། “རྒྱ་དར་རྩེའི་ཚོང་འདུས་”⑤ཞེས་བཀོད་ཡོད་པས་སོ།། གོང་དུ་སྨོས་པ་དག་ལས་སྔ་བའི་སྒྲུབ་བྱེད་གཞན་མ་མཐོང་མོད།འོན་ཀྱང་ལོ་རྒྱུས་ཀྱི་དཔྱད་གཞི་རྣམས་ཀྱི་སྣང་ཚུལ་ལ་དཔག་ན་ཐ་སྙད་འདི་བྱུང་ནས་མི་ལོ་སྟོང་ཕྲག་འགའ་བརྒྱུད་ཡོད་པ་ལྟ་བུར་སྣང་ངོ་།།
གསུམ་པ། དར་མདོའི་གྲོང་སྡེ་ཇི་ལྟར་ཆགས་ཚུལ།
རྒྱ་བོད་ཀྱི་ལོ་རྒྱུས་དང་དམངས་ཁྲོད་ཀྱི་བཤད་རྒྱུན་བཅས་ལ་དཔག་ན། ཐོག་མར་བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་རིགས་ལས་མཆེད་པའི་འབྲོག་སྡེ་ཞིག་གི་དགུན་ས་ཡིན་པར་གསལ། དེའང་དར་མདོའི་གྲོང་གི་ལུང་སྟོད་དང་རི་སྒང་རྣམས་ས་ཁམས་མཐོ་ཞིང་བསིལ་དང་ལྡན་པ་དང་། དར་མདོའི་གྲོང་ནི་རི་བོ་དང་ཤིང་ནགས་ཀྱིས་ཡོངས་སུ་བསྐོར་བས་འབྲོག་པའི་དགུན་སའི་མཚན་ཉིད་ཚང་བ་ཞིག་ཡིན། མ་ཟད་གནའ་ནས་ད་ལྟའི་བར་དུ་དར་མདོའི་གྲོང་སྡེའི་ཁོངས་སུ་གཏོགས་པའི་འབྲོག་པའི་འཚོ་བ་ལ་བརྟེན་པ་ཉ་ལུ་(ཉ་ལུང)མགོ་པ་དང་ལྕེ་ཐོག་སྡེ་བ་བཅས་ཡོད་དོ།། མདོ་གྲོང་འདི་རྒྱ་བོད་སོགས་ཀྱི་འགྲིམ་འགྲུལ་གྱི་ལྟེ་བའམ་འགག་མདོར་འཁེལ་ཡོད་པས། རིམ་གྱིས་གྲོང་ཁྱེར་དང་ཚོང་ར་ཞིག་ཏུ་གྱུར་ཡོད་པར་མངོན་ཏེ། ལོ་རྒྱུས་ཀྱི་ཐོ་བཀོད་སོགས་ལ་དཔག་ན། བོད་བཙན་པོའི་སྐབས་དང་།བོད་སིལ་བུའི་སྐབས། ས་སྐྱའི་སྐབས། ཕག་གྲུའི་སྐབས།དགའ་ལྡན་ཕོ་བྲང་གི་སྐབས་རྣམས་སུ་རིམ་གྱིས་རྒྱ་བོད་སོགས་ཕྱོགས་འདུས་ཀྱི་ཚོང་ར་རྒྱ་ཆེར་དར་ཡོད་པར་མངོན་ནོ།། གླིང་གེ་སར་གྱིས་རྒྱ་ནག་ཇ་རྫོང་ཕབ་ནས་ཇ་ཡི་ཚོང་ར་སྤེལ་ས་ཡང་དར་རྩེ་མདོ་ཡིན་པར་བཤད།
བཞི་པ། ལྕགས་ལའི་རྒྱལ་རྒྱུད་ཀྱི་འབྱུང་ཁུངས།
དམངས་ཁྲོད་ཀྱི་བཤད་སྲོལ་ལ་མི་ཉག་སེ་བོ་རོང་གི་རྒྱལ་པོའི་རྒྱལ་རྒྱུད་ཡིན་པར་སྨྲ། རྒྱ་ཡིག་གི་ལོ་རྒྱུས་ལས་བཤད་ཚུལ་མི་འདྲ་བ་འགའ་ཞིག་མཆིས། གཙོ་བོ་གསུམ་ཙམ་འདུག་སྟེ། དང་པོ་ནི། ཧན་རྒྱལ་རབས་(汉朝)སྐབས་ཀྱི་འབྲོག་པའི་རྒྱལ་པོ་དང་། གཉིས་པ་ནི། སུང་རྒྱལ་རབས་(宋朝)སྐབས་ཀྱི་བྱང་མི་ཉག་སི་ཧུ་རྒྱལ་པོ་དང་།གསུམ་པ་ནི། ཆིང་རྒྱལ་རབས་(清朝)སྐབས་ཀྱི་གོང་མ་གོ་ཆིན་ཝཾ་གི་(果亲王)རྒྱུད་པ་ལས་བྱུང་བར་བཤད།
དང་པོ་འབྲོག་རྒྱལ་ནི། ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ལས། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཡས་མས་སུ་ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར་ན་འབྲོག་པའི་རྒྱལ་ཁམས་(旄牛国)ཞིག་ཡོད་པར་བསྟན་ཡོད། དེའི་ཕྱིར་ལོ་རྒྱུས་སྨྲ་བ་ལ་ལས་དེ་ལྕགས་ལའི་རྒྱལ་རྒྱུད་ཀྱི་འབྱུང་ཁུངས་དང་། མ་ཟད་མི་ཉག་གི་མིང་གི་བྱེ་བྲག་ཅིག་ཡིན་པར་བསྟན་ཡོད། འབྲོག་རྒྱལ་དང་ལྕགས་ལའི་རྒྱལ་རྒྱུད་གཉིས་ཀྱི་བར་དུ་དུས་ཡུན་ཧ་ཅང་རིང་པོར་བརྒྱུད་ཡོད་པས།འབྲོག་རྒྱལ་གྱི་བརྒྱུད་པ་ཡིན་ཞེས་ཁ་ཚོན་གཅོད་པར་དཀའ་མོད། འོན་ཀྱང་འབྲོག་རྒྱལ་དང་མི་ཉག་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པར་མངོན་ཏེ། ཧན་རྒྱལ་རབས་ཀྱི་ལོ་རྒྱུས་སོགས་ལས། བཙན་རྒྱལ་དང་། བཙན་རྟ་དང་། བཙན་ནོར་ལ་“笮都”“笮马,牦牛”ཞེས་པ་དང་། བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་ལ་ཙ་མི་དང་མི་ཉག་ཙ་མི་རྒྱལ་པོ་ཞེས་བྲིས་འདུག་པས། རྒྱ་བོད་ཀྱི་ཡི་གེ་གཉིས་སྒྲ་དོན་གཉིས་ཀ་གཅིག་མཐུན་དུ་གྱུར་འདུག་པ་དང་། རྒྱའི་དེབ་ཐེར་དག་ལས་ཐོག་མར་མི་ཉག་གི་ལྟེ་བ་མདོ་ཁམས་ཕྱོགས་དང་། དེའི་རྗེས་དེང་དུས་ཀྱི་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ས་ཆ་དག་ཡིན་པར་བསྟན་ཡོད་པ་དང་། བོད་ཀྱི་དེབ་ཐེར་རྣམས་སུ་སྲོང་བཙན་གྱིས་མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་ཁབ་ཏུ་བཞེས་པ་དང་། ཤར་ཕྱོགས་ན་ཙ་མིའམ་མི་ཉག་གནས་ཞེས་པ་སོགས་ལ་དཔག་ན། མི་ཉག་ལྕགས་ལའི་ས་ཆ་དང་འབྲེལ་བ་དམ་ཟབ་ཡོད་པ་ཤིན་ཏུ་གསལ་ལོ།།
གཉིས་པ་སི་ཧུ་རྒྱལ་པོ་ནི། འགའ་ཞིག་གིས་བྱང་མི་ཉག་སི་ཧུ་རྒྱལ་པོ་དང་། ཁམས་མི་ཉག་སེ་བོའི་རོང་གཉིས་གཅིག་ཏུ་འཁྲུལ་ནས་ལྕགས་ལའི་རྒྱལ་རྒྱུད་དེ་བྱང་མི་ཉག་སི་ཧུ་རྒྱལ་པོ་ལས་བྱུང་བར་སྨྲ། གོང་ཞུས་ལྟར་ལྟ་བ་དེ་དམངས་ཁྲོད་ཀྱི་བཤད་རྒྱུན་ལས་བྱུང་བ་ཞིག་ཡིན། སི་ཧུའི་སྒྲ་ནི་རྒྱ་ཡིག་གི་ཤིས་ཞཱ་(西夏)ཞེས་པའི་སྒྲ་གདངས་ལས་བྱུང་བ་དང་། སེ་བོའི་རོང་ནི་ཡུལ་མིང་གི་སྒོ་ནས་བྱུང་བ་ཡིན་མོད། འོན་ཀྱང་དེ་གཉིས་གཅིག་ཏུ་འཁྲུལ་ནས་ནོར་འཁྲུལ་བྱུང་བར་མངོན་ནོ།།
གསུམ་པ་གོ་ཆིན་དབང་(果亲王)ནི། རྒྱ་ཡིག་ལས་甲拉དང་甲木ཞེས་པའི་ཚིག་དེ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལྟར་ན་གོ་ཡིན་དགོས་པ་ལས་ཇི་ལྟར་ལྕགས་ཡིན་ཞེ་ན། དེའང་ཁོ་ཚོས་འགྲེལ་བཤད་འདི་ལྟར་བྱས་ཡོད། གོ་(果)ཞེས་པའི་ཡི་གེ་དེ་ཡིག་འབྲུ་གཉིས་སུ་བྱས་པས་ལྕགས་(甲)ཡིག་དེ་བྱུང་བ་ཡིན་ཟེར་རོ།། འདོད་ཚུལ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་དཀའ་སྟེ། གོ་ཆིན་ཝཾ་ནི་སྤྱི་ལོའི་(1697—1738)སྐབས་ཀྱི་མི་སྣ་ཞིག་ཡིན། ལྕགས་ལ་ཞེས་པའི་ཚིག་དེ་གོ་ཆིན་དབང་གི་སྔོན་ནས་བྱུང་ཡོད་པ་རྒྱ་བོད་ཀྱི་ཡིག་ཚང་གཉིས་ཀར་ཁ་གསལ་དུ་བཞུགས། དེའང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱི་ལོ་1702ལོར་བརྩམས་པའི་《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་སྙེ་མ་》ལས།“དེ་ཡང་དར་རྩེ་མདོ་ས་སྐྱོང་འཕྲིན་ལས་རྒྱ་མཚོའི་དུས་བླ་མ་རབ་འབྱམས་པའི་ལག་ནས་བཞེས་པའི་གཞུང་ཞབས་སུ་ཆུག་པ་ལས། གོང་མ་རྒྱལ་པོའི་མངའ་ཞབས་ནས་ཤོར་བ་སོགས་མིན་རུང་། ཕྱིས་རྒྱ་བོད་ཀྱི་སྣེ་མོ་བ་འགའི་བྱེད་རྐྱེན་ལ་བརྟེན་དར་རྩེ་མདོ་རྒྱ་འོག་ཡིན་པའི་རྩོད་གླེང་དང་། ཉེ་ལམ་ལ་ལོ་རྩེ་པ་དང་ལྕགས་ལ་བཟློས་པའི་མི་ཆེན་དཔོན་བསད་མིན་སྐོར་དང་།”⑥ ཞེས་པས་ལྕགས་ལ་ཞེས་པའི་ཚིག་དེ་གསལ་པོར་བྲིས་འདུག་པས་སོ།། ལྕགས་ལའི་རྒྱལ་རྒྱུད་འདི་དར་རྩེ་མདོ་རང་ས་ནས་བྱུང་བ་ཞིག་ཡིན་ནམ་ཡང་ན་ཡུལ་གཞན་ནས་བྱུང་བ་ཞིག་ཡིན་པ་ཁ་ཚོད་གཅོད་དཀའ་མོད། འོན་ཀྱང་དུས་རབས་བཅུ་བཞི་པའི་སྐབས་སུ་ལྕགས་ལའི་རྒྱལ་པོ་ནམ་མཁའ་ལེགས་པའི་རྒྱལ་མཚན་ཡིན་པ་དང་རྒྱལ་ས་དར་རྩེ་མདོ་ན་ཡོད་པ་ནི། སྐབས་དེར་མཛད་པའི་མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ་《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར་》ལས་ཁ་གསལ་བཀོད་ཡོད་པས་རྩོད་པ་གང་ཡང་མེད་དོ།། དེ་ནས་དེང་གི་ལྕགས་ལ་རྒྱལ་མཚན་གྱི་བར་རྒྱལ་རབས་བར་མ་ཆད་པར་བྱུང་ཡོད་དོ།།
ལྔ་པ། ལྕགས་ལའི་རྒྱལ་རྒྱུད་ཀྱི་སྲིད་འཛིན་མངའ་ཁོངས།
ལྕགས་ལ་ལ་སྲིད་འཛིན་གྱི་མངའ་ཁོངས་འདི་དང་འདི་ལྟ་བུ་མངའ་ཞེས་ཁ་ཚོད་གཅོད་དཀའ་སྟེ། གཅིག དུས་རབས་མི་འདྲ་བའི་ནང་དུ་སྲིད་འཛིན་གྱི་མངའ་ཁོངས་ཀྱང་མི་འདྲ་བ་བྱུང་ཡོད་པ་དང་། གཉིས། ལོ་རྒྱུས་ཀྱི་རྒྱུ་ཆ་ཁ་གསལ་མི་བཞུགས། འདིར་རྒྱ་བོད་ཀྱི་ཡིག་ཆ་དག་ལ་བརྟེན་ནས་མདོ་ཙམ་ཞིག་བརྗོད་ན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ས་ཆ་ཉག་ཆུ་དང་ཤར་རྒྱལ་མོ་རྔུལ་ཆུ་གཉིས་ཀྱི་བར་དུ་གནས་པའི་སྨད་ཀྱི་ཡུལ་ཁམས་རྣམས་ཡིན། སྔོན་རྒྱ་བོད་བར་གྱི་ཆོས་སྲིད་དང་ཚོང་ལས་ཀྱི་མི་སྣ་རྣམས་ལྕགས་ལའི་རྒྱལ་ས་དར་མདོར་འབབ་ཅིང་། རྒྱལ་པོ་དང་མཇལ་འཕྲད་གནང་ནས་རང་རང་གི་བྱ་བ་རྣམས་བསྒྲུབ་དགོས་ཀྱིན་ཡོད་པས། རྒྱ་བོད་སོགས་ཀྱི་དཔོན་ཆེན་དང་བླ་ཆེན། ཚོང་ཆེན། མི་ཆེན་དག་ཀྱང་ལྕགས་ལའི་རྒྱལ་རབས་རིམ་བྱོན་དང་འབྲེལ་བ་ཤིན་ཏུ་ཆེ་ཞིང་། ལྷག་པར་དུ་རྒྱ་ནག་གོང་མ་ཆིང་རྒྱལ་རབས་ཀྱི་སྐབས་སུ་ཁམས་ཀྱི་རྒྱལ་པོ་མིང་འཛིན་རྣམས་ཀྱི་ཁྲོད་སྙན་གྲགས་དང་མངའ་ཁོངས་ཆེ་ཤོས་ཀྱི་རིགས་ཤིག་ཡིན། དེའང་རྒྱའི་ཡིག་ཚང་དག་ལས་ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་རྒྱལ་པོས། རྒྱལ་མོ་རྔུལ་ཆུའི་ནུབ་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་ཞིག་བསྐོས་པར་བསྟན་འདུག (长河西鱼通宁远军民宣慰使司) ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་ཞེས་པའི་ས་གནས་དེ་ལྕགས་ལའི་རྒྱལ་ས་དར་རྩེ་མདོ་དང་། མ་ཟད་ཐོབ་དེ་ལྕགས་ལའི་རྒྱལ་རྒྱུད་ཀྱིས་བཟུང་ཡོད་པར་འདོད།འདོད་ཚུལ་དེ་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པར་འདྲ་སྟེ།ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་གོང་གི་ཐོབ་རྒྱལ་མོ་རྔུལ་ཆུའི་ནུབ་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་ཞེས་པ་དེ་ལྕགས་ལའི་རྒྱལ་རྒྱུད་ངག་དབང་རྒྱལ་མཚན་ལ་གནང་ཞིང་། དེ་ནས་རིམ་བཞིན་དེའི་སྲས་ནམ་མཁའ་ལེགས་པའི་རྒྱལ་མཚན་སོགས་ལ་གནང་འདུག ཆིང་རྒྱལ་རབས་སྐབས་སུ་གོང་གི་ཐོབ་དེ་ལྕགས་ལའི་རྒྱལ་རྒྱུད་བསྟན་འཛིན་གྲགས་པ་སོགས་ལ་རིམ་བཞིན་གནང་འདུག དེའི་ཕྱིར་ཡོན་དང་ས་སྐྱའི་སྐབས་སུ་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་སམ་དར་མདོའི་དཔོན་པོ་དེ་ལ་སྲིད་འཛིན་གྱི་མངའ་ཁོངས་རྒྱ་ཆེན་པོ་ཞིག་མཆིས་པར་གསལ། ཆིང་རྒྱལ་རབས་སྐབས་སུ་སྔར་གྱི་སྲོལ་རྒྱུན་གྱི་ཐོབ་དེ་གནང་ཡོད་མོད། འོན་ཀྱང་འགུ་ཐང་། ཉང་ཡན་བཅས་ཀྱི་ས་ཆ་ལ་དབང་བསྒྱུར་ཐུབ་ཀྱིན་མེད་པར་མངོན་ཏེ། ཆིང་རྒྱལ་རབས་ཀྱི་སྐབས་སྤྱི་ལོ་1739ལོར་བསྒྲིགས་པའི་དེབ་ཐེར་《གཡག་རྔའི་སྲིད་གཞུང་གི་ལོ་རྒྱུས་ཆེན་མོ》(《雅州府志》)ལས། ལྕགས་ལའི་མངའ་འོག་ཏུ། སྤྱི་དཔོན་དྲུག་དང་། སྟོང་དཔོན་གཅིགབརྒྱ་དཔོན་ཞེ་བརྒྱད་ཡོད་པར་བསྟན་འདུག སྤྱི་དཔོན་དྲུག་པོ་ནི། ཉག་སྟོད་དཔོན་པོ། ཉག་སྐེད་དཔོན་པོ། ཉག་སྨད་དཔོན་པོ། པ་ཝཾ་རྒྱལ་པོ། དགེ་གཤིས་ཙ་རྒྱལ་པོ། ཁྲོ་སྐྱབས་རྒྱལ་པོ། སྟོང་དཔོན་གཅིག་ནི། བཙན་ལུང་དཔོན་པོ། བརྒྱ་དཔོན་ཞེ་བརྒྱད་ནི། མི་ཉག་གི་ས་གནས་སོ་སོའི་དཔོན་པོ་རྣམས་ཡིན་པར་བསྟན་ཡོད། (曕对安抚司、喇滚安抚司、喇滚安抚副司、把底安抚司、单东革什杂安抚司、绰斯甲安抚司、咱里土千户)⑦ཞེས་གསུངས་སོ།།《གཡག་རྔའི་སྲིད་གཞུང་གི་ལོ་རྒྱུས་ཆེན་མོ་》ལས་དར་རྩེ་མདོ་ནས་ཤར་ལྕགས་ཟམ་ཁ་འགག་སྟོད་བར་ལེ་བར་190། ནུབ་ཉག་སྟོད་བར་ལེ་བར་520། ལྷོ་ཉག་ཆུའི་བར་ལེ་བར་280། བྱང་བཙན་ལྷའི་བར་ལེ་བར་550། ཤར་ལྷོ་འབོ་གཤིས་(建昌)བར་ལེ་བར་500། ལྷོ་ནུབ་ཉག་སྨད་བར་ལེ་བར་480། བྱང་ཤར་རྒྱ་རོང་ཆུ་ཆེན་བར་ལེ་བར་450།ནུབ་བྱང་ཀ་མཛའ་གཡུ་ལུང་བར་ལེ་བར་80ཡོད་ཅེས།བཀོད་འདུག་པས་སོ།། ཉེ་ལམ་བསྒྲིགས་པའི་《དར་མདོ་རྫོང་གི་ལོ་རྒྱུས་》(《康定县志》)ལས། “ལྕགས་ལའི་མངའ་ཁོངས་ནི། དེང་དར་མདོ་རྫོང་དང་། བརྒྱད་ཟུར་རྫོང་གི་ས་ཆ་ཚང་། རྟའུ་རྫོང་གི་ལྷོ་ཕྱོགས། རོང་བྲག་རྫོང་གི་དགེ་གཤིས་ཆུ་དང་སྟོང་མགོའི་ཆུའི་ཡུལ་གྱི་ས་ཆ། ཉག་ཆུ་རྫོང་གི་ཤར་ཕྱོགས་ཀྱི་ས་ཆ། ལྕགས་ཟབ་རྫོང་གི་བཙན་ལུང་སྟོང་དཔོན་གྱི་ས་ཆ་རྣམས།”⑧ ཡིན་ཞེས་བཀོད་འདུགདེའི་ཕྱིར་དུས་རབས་མི་འདྲ་བ་སོ་སོའི་ནང་དུ་སྲིད་འཛིན་གྱི་མངའ་ཁོངས་ཀྱང་མི་འདྲ་བ་བྱུང་ཡོད་པ་རྟོགས་ནུས་སོ།།
དྲུག་པ། ལྕགས་ལའི་རྒྱལ་རབས་རིམ་བྱོན།
མེ་ཕོ་སྟག་སྤྱི་ལོ་846ལོར་རྒྱལ་པོ་གླང་དར་མ་བཀྲོངས། གླང་དར་གྱི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་སྲིད་དབང་གི་ཆེད་དུ་འཁྲུག་རྩོད་སྣ་ཚོགས་བྱུང་། དེ་ནས་རིམ་བཞིན་བོད་ཀྱི་སྲིད་དོན་འཐོར་ཞིག་ཏུ་འགྲོ་བའི་མགོ་བརྩམས། ལྷག་པར་འོད་སྲུང་དགུང་ལོ་ཉེར་བརྒྱད་ས་གླང་སྤྱི་ལོ་869ལོར་བོད་ཡོངས་ནས་འབངས་གྱེན་ལོག་བྱུང་བས་བོད་སིལ་བུར་འཐོར། དེ་ནས་གཅིག་འོག་གཅིག་ལ་འདུ་དཀའ་བའི་ས་གནས་ཀྱི་དཔོན་པོའམ་རྒྱལ་པོའི་མིང་འཛིན་མང་དུ་བྱུང་བ་སྟེ། མདོ་ཁམས་ལ་མཚོན་ན་ཙོང་ཁ་རྒྱལ་པོ་དང་། གླིང་གེ་སར་རྒྱལ་པོ། བྱང་མི་ཉག་སི་ཧུ་རྒྱལ་པོ་སོགས་སྟོབས་ཆེ་ཤོས་ཡིན། ལྷག་པར་བྱང་མི་ཉག་སི་ཧུ་རྒྱུལ་པོས་རྒྱ་བོད་སོག་གསུམ་བཅས་མི་རིགས་མང་པོ་ལ་དབང་བསྒྱུར། ཤར་མི་ཉག་ལྕགས་ལ་རྒྱལ་པོ་ལ་མཚོན་ན་ཡང་བོད་འཐོར་ཞིག་ཁྲོད་ཀྱི་དཔོན་པོའམ་རྒྱལ་པོའི་མིང་འཛིན་གྱི་རྒྱལ་རྒྱུད་ལས་མཆེད་པ་ཞིག་ཡིན་སྲིད་དེ། ཤར་པ་སངས་རྒྱས་བསྟན་འཛིན་གྱིས་དུས་རབས་ཉི་ཤུ་པའི་ནང་མཛད་པའི་《ཤར་པ་ཆོས་འབྱུང་དང་མེས་རབས་》ཞེས་པ་ལས། “མི་གཉགས་རི་མང་ཟེར། མདའ་ངོས་ལ་ཚ་མོ་རོང་ཟེར་བ་ཡིན། སྒེར་རྒྱལ་གྱི་སྲས་ཐ་ཆུང་མགོན་སྐྱབས་ལས་མི་བརྒྱུད་མང་ཞིག་རིམ་པར་མཆེད་པ་ལས། མི་ཆེན་བསམ་པ་ལགས་འཁྲུངས། དེ་ལ་མི་ཆེན་དབང་ཏ་རེ་འཁྲུངས། དེ་ལ་མི་ཆེན་གྲགས་པ་དང་ཐར་པ་གཉིས་འཁྲུངས། གོང་གི་མེས་པོ་སྒེར་རྒྱལ་གྱི་བུ་བརྒྱུད་མང་ཆེ་བ་མི་མཉགས་རི་མང་ལ་ཆགས་པས། མི་དེ་རྣམས་ལའང་།མི་གཉགས་པ་ཞེས་ཟེར་བ་ཡིན། གླིང་གེ་སར་རྒྱལ་པོས་དམག་དྲངས་ཏེ་ཡུན་རིང་འཐབས་པའི་རྐྱེན་གྱིས། གོང་གི་མི་ཆེན་གྲགས་པ་སོགས་ཁམས་ཀྱི་མི་མང་ཙམ་ཞིག་བྲོས་འཁྱམས་ལ་ཕྱིན་པ་ཡིན།”⑨ཞེས་གསུངས་པས། དེང་སྐབས་བལ་ཡུལ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་ཤར་པ་རྣམས་ནི། བོད་སིལ་བུའི་སྐབས་དུས་རབས་བཅུ་གཅིག་ནང་ཁམས་ཕྱོགས་ནས་བྲོས་བཤོལ་བྱས་པའི་རིགས་སྡེ་ལས་བྱུང་བ་ཡིན་པ་དང་། མ་ཟད་མི་ཉག་མི་ཆེན་གྲགས་པ་དེ།ཤར་མི་ཉག་གི་ཡུལ་དང་། དཔོན་གྱི་བརྒྱུད་པ་ཡིན་པ་བཅས་གསལ་པོར་བསྟན་ཡོད་པས། མི་ཆེན་གྲགས་པ་ནི་དར་རྩེ་མདོ་དང་ལྕགས་ལའི་རྒྱལ་རྒྱུད་ལ་འབྲེལ་བ་དམ་ཟབ་ཡོད་པར་གསལ། གཞན་ཡང་《ལྷ་མོ་རྩེ་དགོན་པའི་ལོ་རྒྱུས་》ལས། “བླ་མ་དད་པ་བཟང་པོ་ནི་རབ་བྱུང་གསུམ་པའི་ཆུ་ཕོ་རྟའི་མདོ་དཔོན་གྲགས་པ་རྒྱ་མཚོའི་ཁྱིམ་དུ་སྐུ་འཁྲུངས། དགུང་ལོ་དྲུག་ཏུ་གཞན་ཕན་གླིང་དུ་རབ་ཏུ་བྱུང་། དགུང་གྲངས་བཅུ་བཞིར་གྲྭ་ས་གསང་ཕུ་རུ་ཞུགས།གཞུང་ཆེན་ལྔར་གསན་སྦྱངས་མཛད།”⑩ཅེས་གསུངས་པས། དུས་རབས་བཅུ་གཉིས་པའི་སྐབས་སུ་དར་མདོའི་དཔོན་པོ་ནི་གྲགས་པ་རྒྱལ་མཚན་ཞེས་འབོད་པ་དེ་ཡིན་པ་ཤིན་ཏུ་གསལ་པོར་བསྟན་ཡོད། དེའི་ཕྱིར་《ཤར་པ་ཆོས་འབྱུང་》ལས་བྱུང་བའི་མི་ཉག་མི་ཆེན་གྲགས་པ་དང་།《ལྷ་མོ་རྩེ་དགོན་པའི་ལོ་རྒྱུས་》ལས་བྱུང་བའི་མདོ་དཔོན་གྲགས་པ་རྒྱལ་མཚན་དེ་འོག་གི་ལྕགས་ལའི་རྒྱལ་རབས་དག་དང་འབྲེལ་བ་ངེས་ཅན་ཞིག་ཡོད་སྲིད་དེ། དེ་དག་འབྱུང་སའི་གནས་དང་རྒྱལ་པོའི་མཚན་སོགས་ཤིན་ཏུ་མཚུངས་པས་སོ།།
1.ས་སྐྱའི་སྲིད་འཛིན་གྱི་དུས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སེ་ཆེན་རྒྱལ་པོས་ཁམས་ཕྱོགས་སོགས་ས་གནས་ཀྱི་དཔོན་པོ་རྣམས་ལ་སྤྱི་དཔོན། ཁྲི་དཔོན།སྟོང་དཔོན་། བརྒྱ་དཔོན་བཅས་ཀྱི་གོ་སར་གནང་། དཔེར་ན་ཤར་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་ཞིག་བསྐོས། (长河西鱼通宁远军民宣慰使司) རྒྱ་ཡིག་གི་དེབ་ཐེར་དག་ལས་གོང་གི་རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་ཞེས་པའི་ས་གནས་དེ་དར་མདོ་དང་། མ་ཟད་ཐོབ་དེ་ལྕགས་ལའི་རྒྱལ་རྒྱུད་ཀྱིས་བཟུང་ཡོད་པ་དང་། རྒྱལ་མོ་རྔུལ་ཆུའི་ནུབ་ན་ཏཱ་ར་ཁ་ཆེའམ་སྤྱི་དཔོན་གཅིག་དང་། ཁྲི་དཔོན་གཉིས་བཅས་ཡོད་པར་བསྟན་ཡོད་དོ།།
2.ཕག་གྲུ་དང་གཙང་པའི་དུས། (1) ངག་དབང་རྒྱལ་མཚན། (始祖阿旺坚参、始祖阿克旺嘉尔参、土目阿旺甲木参)ངག་དབང་རྒྱལ་མཚན་གྱིས་སྲིད་བཟུང་བའི་དུས་ནི། ཕག་གྲུའི་སྡེ་སྲིད་ཁྲི་རབས་ལྔ་པ་ཝཾ་གྲགས་པ་རྒྱལ་མཚན་གྱི་སྐབས་ཡིན་ཏེ། 《མིང་རྒྱལ་རབས་ཀྱི་ལོ་རྒྱུས་དངོས་བཀོད་》ལས། “ཡུང་ལོ་ཁྲི་ལོ་ལྔ་པའི་(སྤྱི་ལོ་1407)ལོར་ངག་དབང་རྒྱལ་མཚན་ལ་ཟངས་ཀྱི་ཐམ་ག་གནང་།རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་དང་། འགུ་ཐང་། ཉང་ཡན་(宁远)བཅས་ཀྱི་བདག་པོར་བསྐོས།” ཞེས་གསུངས་པས།སྐབས་དེར་ངག་དབང་རྒྱལ་མཚན་ནི་མདོ་དཔོན་ཡིན་པ་མ་ཟད་གོང་མས་ཁོང་ལ་སྔར་ཡོན་གྱི་སྐབས་ཀྱི་ཐོབ་སྟེ། རྒྱལ་མོ་རྔུལ་ཆུའི་ནུབ་ཕྱོགས་དང་། འགུ་ཐང་། ཉང་ཡན་བཅས་ཀྱི་སྤྱི་དཔོན་གྱི་འཇའ་ས་དེ་གནང་ཡོད་པར་གསལ་ལོ།། ཁོང་གིས་སྲིད་ལོ་ཅི་ཙམ་བཟུང་བའི་སྐོར་ལ། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཡུང་ལོ་ཁྲི་ལོ་ལྔ་པའི་ལོར་ངག་དབང་རྒྱལ་མཚན་གྱིས་རྒྱལ་རྒྱུད་ཀྱི་གོ་སར་བཟུང་། མི་ལོ་བཅུ་དྲུག་གི་ཡུན་ལ་སྲིད་བསྐྱངས།”⑾ཞེས་གསུངས་པས། ཁོང་གིས་སྤྱི་ལོ་1407-1422ལོའི་བར་ཏེ་མི་ལོ་བཅུ་དྲུག་གི་ཡུན་ལ་སྲིད་བཟུང་ཚུལ་བསྟན་ཡོད་དོ།།རྒྱལ་རོང་བ་བྲག་བར་དཔལ་ལྡན་གྱིས་དུས་རབས་ཉེར་གཅིག་པའི་མགོར་བརྩམས་པའི་《བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་》 ལས། “ངག་དབང་རྒྱལ་མཚན།(ཡུང་ལོ་ཁྲི་ལོ་ལྔ་པ)སྤྱི་ལོ་1407-1423ལོ། སྲིད་འཛིན་ལོ་བཅུ་དྲུག” ཅེས་གསུངས། ཐང་སྟོང་རྒྱལ་པོ་ཡང་རྒྱལ་པོ་དེའི་རིང་ལ་མི་ཉག་དང་དར་མདོ་སོགས་སུ་ཕེབས་ཤིང་།རྒྱལ་མོ་རྔུལ་ཆུ་ལ་ལྕགས་ཟམ་བཙུགས། དམངས་ཁྲོད་ཀྱིས་རྒྱ་ཡུས་ལྕགས་ཟམ་(炉定桥)ཟེར། ས་འགུལ་གྱི་ཁ་གནོན་དུ་དར་མདོ་གྲོང་དུ་མཆོད་རྟེན་ཞིག་བཞེངས། མཚན་ལ་ཐང་རྒྱལ་མཆོད་རྟེན་ཞེས་འབོད། མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མའི་ཐུགས་རྗེའི་དབང་གིས་དེང་སྐབས་མཆོད་རྟེན་དེ་སྔར་ལྟར་བསྐྱར་གསོ་གནང་འདུག
(2) ནམ་མཁའ་ལེགས་པའི་རྒྱལ་མཚན་(喃哩)ནི། དུས་རབས་བཅུ་གསུམ་པའི་ནང་སྐུ་འཁྲུངས། ཡབ་ངག་དབང་རྒྱལ་མཚན་ཡིན། མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ་《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར་》 ལས།“ཤར་མི་ཉག་རིང་མོ་སྤྱིའི་དཔོན་དུ་རྒྱལ་པོ་ཆེན་པོ་ནས་བསྐོས་པ་བྱང་ཆུབ་སེམས་དཔའ་ནམ་མཁའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོས། གོས་ཆེན་ལྕགས་ནག་ཡུག་གཅིག་ལ་མགོན་པོ་ཕྱག་དྲུག་པ་གཙོ་འཁོར་ལྔ་བཞེངས་པ་དང་། གོས་ཡིག་མང་པོ་དང་། གསེར་དངུལ་དང་།རྒྱ་ཇ་ནག་པོ་སིག་སུམ་ཅུ་ལ་སོགས་ཕྱག་རྫས་མང་དུ་ཕུལ་ནས། འཁོར་བ་ལ་ངེས་པར་འབྱུང་ནས་རབ་ཏུ་བྱུང་བར་མཛད་པ་ལ་གཞི་བྱས་ཀྱི་ཇ་སིག་ཉི་ཤུ་ཕུལ་ནས་ཞུ་བ་བྱས་སོ།། དཔོན་གྱིས་ངེད་ཀྱི་ལོ་བཅུ་དགུ་ལ་མཁས་གྲུབ་ཆེན་པོ་འཇམ་དབྱངས་གྲགས་པ་དང་མཇལ། བློ་སྦྱོང་བསྡུས་པ་ཉམས་སུ་ལེན་བདེ་བ་དང་། དཔལ་བིརྺ་པ་ཞུས།”⑿ ཞེས་གསུངས་པས། རྒྱ་ཡིག་ལས་ནམ་ལེགས་ཞེས་དང་གཅིག་མཚུངས་སུ་འདུག ཡུང་ལོ་ཁྲི་ལོ་ཉེར་གཅིག་པ་སྤྱི་ལོ་1423-1437ལོ་སྟེ་མི་ལོ་བཅུ་དྲུག་ལ་རྒྱལ་སྲིད་བཟུང་། མཁས་མཆོག་འཇམ་དབྱངས་གྲགས་པ་དར་མདོའི་མདུན་རི་ལྷ་མོ་རྩེར་བཞུགས་སྐབས། རྒྱལ་པོ་མཆོག་གིས་ཞབས་ཕྱི་ལེགས་པོར་བསྒྲུབས་ཤིང་། མཐར་མཁས་མཆོག་འཇམ་དབྱངས་གྲགས་པའི་མདུན་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་། ཆོས་སྲིད་གཉིས་ལ་མཁས་པའི་རྒྱལ་པོ་ཞིག་ཡིན་པར་མངོན་ནོ།། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཡུང་ལོ་ཁྲི་ལོ་ཉེར་གཅིག་སྤྱི་ལོ་1433ལོར་ངག་དབང་རྒྱལ་མཚན་གྱི་སྲས་ནམ་ལེགས་ཀྱིས་རྒྱལ་རྒྱུད་བཟུང་། མི་ལོ་བཅུ་དྲུག་གི་ཡུན་ལ་སྲིད་བསྐྱངས།”⒀ ཞེས་གསུངས། 《མིང་རྒྱལ་རབས་ཀྱི་ལོ་རྒྱུས་དངོས་བཀོད་》ལས། “ཡུང་ལི་ཁྲི་ལོ་ཉེར་གཉིས་པའི་ལོར་ནམ་ལེགས་དཔོན་འཁོར་ཉེར་བཞི་གོང་མའི་དྲུང་དུ་ཕེབས། ཀྲོང་ཐང་ཁྲི་ལོ་གཉིས་པའི་ལོར་ནམ་ལེགས་སྐུ་གཤེགས། སྲས་རྒྱལ་སྲས་དཔལ་བཟང་གིས་རྒྱལ་རྒྱུད་བཟུང་”ཞེས་གསུངས། བྲག་བར་དཔལ་ལྡན་གྱིས་མཛད་པའི་《རྒྱལ་མོ་རོང་གི་ལོ་རྒྱུས་》 ལས། “གནམ་ཡེ་ཤེས། (ཡུང་ལོ་ཁྲི་ལོ་ཉེར་གཅིག་པ་)སྤྱི་ལོ་1423-1495ལོ།སྲིད་འཛིན་ལོ་བཅུ་དྲུག་”ཅེས་གསུངས་པའི་གནམ་ཡེ་ཤེས་ཞེས་པ་དེ། རྒྱ་ཡིག་ལས་喃哩袭ཞེས་པའི་སྒྲ་དེ་ཐད་བསྒྱུར་བྱས་པ་ཡིན། འོན་ཀྱང་སྒྲ་བསྒྱུར་དེ་ལ་ནོར་བ་ཅུང་ཟད་བྱུང་འདུག་སྟེ། 喃哩ཞེས་པ་ནི་ནམ་ལེགས་ཏེ་རྒྱལ་པོའི་མཚན་གྱི་བསྡུས་མིང་ཡིན། 袭ཞེས་པ་ནི་རྒྱུད་འཛིན་གྱི་དོན་ཡིན་པ་ལས་རྒྱལ་པོའི་མཚན་གྱི་ཆ་ཤས་མ་ཡིན་ནོ།། མ་ཟད་“(ཡུང་ལོ་ཁྲི་ལོ་ཉེར་གཅིག་པ་)སྤྱི་ལོ་1423-1495ལོ།སྲིད་འཛིན་ལོ་བཅུ་དྲུག”ཅེས་པའི་སྤྱི་ལོའང་ནོར་འདུག
(3) རྒྱལ་སྲས་དཔལ་བཟང(加思八僧、加八僧)་ནི།ནམ་མཁའ་ལེགས་པའི་རྒྱལ་མཚན་གྱི་སྲས་ཡིན། དེའང་འཇམ་དབྱངས་གྲགས་པའི་རང་རྣམ་《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར་》ལས། “མཁའ་འགྲོའི་ཕོ་བྲང་ལ་མོ་རྩེར་ཤིང་གི་པང་ཁང་ཡང་དག་པ་དཔོན་གྲགས་པ་རྒྱལ་མཚན་ལ་སོགས་པའི་དར་རྩེ་མདོ་སྤྱིས་བཟོས་ནས་ཁོ་བོ་ལ་ཕུལ།” ⒁ ཞེས་གསུངས་པའི་དཔོན་གྲགས་པ་རྒྱལ་མཚན་དང་གོང་གི་རྒྱ་ཡིག་ལས་བྱུང་བའི་རྒྱལ་སྲས་དཔལ་བཟང་གཉིས་དཔོན་པོ་གཅིག་གི་མཚན་ཡིན་པར་མངོན་ཏེ། གཅིག དུས་མཚུངས་པ་དང་། གཉིས། ས་མཚུངས་པ།གསུམ། མཚན་མཚུངས་པ་སྟེ་ལྕགས་ལའི་རྒྱལ་རྒྱུད་ཀྱི་མཚན་ཕལ་མོ་ནི་རྒྱལ་མཚན་མིང་ཅན་ཤ་སྟག་ཡིན་པས་སོ།།《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཀྲོང་ཐང་ཁྲི་ལོ་གཉིས་པ་(正统二年)སྤྱི་ལོ་1437ལོར་ནམ་ལེགས་ཀྱི་སྲས་རྒྱལ་སྲས་དཔལ་བཟང་གིས་རྒྱལ་རྒྱུད་བཟུང་། མི་ལོ་བཅུ་བཞིའི་ཡུན་ལ་སྲིད་བསྐྱངས།”⒂ ཞེས་སྤྱི་ལོ་1437ལོ་ནས་སྤྱི་ལོ་1495ལོའི་བར་སྲིད་བཟུང་བར་བསྟན། བྲག་བར་དཔལ་ལྡན་གྱིས་མཛད་པའི་《རྒྱལ་མོ་རོང་གི་ལོ་རྒྱུས་》 ལས།“དཔལ་འཛིན་ཡེ་ཤེས། (ཀྲེན་ཐུང་ཁྲི་ལོ་གཉིས་པ)སྤྱི་ལོ་1437-1453ལོ། སྲིད་འཛིན་ལོ་བཅུ་དྲུག”ཅེས་གསུངས་པས།རྒྱལ་པོའི་མཚན་དང་ལོ་ཚིགས་བཅས་ནོར་ཡོད་དོ།།
(4) མགོན་ཕུར་པ་(观卜巴)ནི། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཞིན་ཀྲི་ཁྲི་ལོ་བརྒྱད་པ་སྤྱི་ལོ་1495ལོར་རྒྱལ་སྲས་དཔལ་བཟང་གི་སྲས་མགོན་ཕུར་པས་རྒྱལ་རྒྱུད་བཟུང་།མི་ལོ་ང་བརྒྱད་ཀྱི་ཡུན་ལ་སྲིད་བསྐྱངས།”⒃ ཞེས་སྤྱི་ལོ་1495ལོ་ནས་སྤྱི་ལོ་1552ལོའི་བར་སྲིད་བཟུང་ཚུལ་བསྟན།གོང་གི་《རྒྱལ་མོ་རོང་གི་ལོ་རྒྱུས་》ལས། “མགོན་འཕགས་པ་ཡེ་ཤེས། (ཞོན་ཀྲི་ཁྲི་ལོ་བརྒྱད་པ་)སྤྱི་ལོ་1458-1514ལོ།སྲིད་འཛིན་ང་བརྒྱད་”ཅེས་པའི་སྤྱི་ལོ་དང་རྒྱལ་པོའི་མཚན་ནོར་འདུག་སྟེ། 观卜巴ཞེས་པ་ནི་རྒྱལ་པོའི་མཚན་མགོན་ཕུར་པ་ཟེར་བ་ཡིན། 以袭ཞེས་པ་ནི་རྒྱུད་འཛིན་གྱི་དོན་ཡིན་པ་ལས་རྒྱལ་པོའི་མཚན་གྱི་ཆ་ཤས་མ་ཡིན་ནོ།། སྤྱི་ལོ་1584ལོ་ནས་མན་འཇུ་དང་ཏྭ་མོང་གོང་མ་གཉིས་ཀྱིས་སྲིད་དབང་གི་ཆེད་དུ་དགྲ་འཛིང་གི་མགོ་བརྩམས་ཏེ། མི་ལོ་དྲུག་ཅུ་ལྷག་རིང་ལ་དགྲ་འཛིང་བྱས། སྤྱི་ལོ་1644ལོར་མན་འཇུའི་རིགས་དེ་རྒྱལ། དེ་ནི་ལྕགས་ལ་དང་ཏྭ་མོང་གཉིས་ཕན་ཚུན་འབྲེལ་བ་ཆད་པའི་རྐྱེན་དུ་མངོན་ནོ།།
3.དགའ་ལྡན་ཕོ་བྲང་གི་དུས། རྒྱལ་དབང་ལྔ་པ་སོགས་ཀྱིས་ཇིང་གིར་ཧན་གྱི་བརྒྱུད་པ་སོག་ཨོ་རོད་ཚོ་བཞིའི་ཡ་གྱལ་གུ་ཤྲི་ཧན་དང་མཉམ་འབྲེལ་བྱས་ཏེ། གུ་ཤྲི་ཧན་གྱིས་སྤྱི་ལོ་1636ལོར་མཚོ་སྔོན་ཚ་འདམ་གཞུང་དུ་དམག་དྲངས། 1637ལོར་མཚོ་སྔོན་ཡུལ་དུ་གནས་པའི་ཧོར་ཆོག་ཐུ་(却图汗)རྒྱལ་པོ་གཏོར། 1639ལོར་ཁམས་ཕྱོགས་སུ་དམག་དྲངས་ཏེ་གཙང་པ་རྒྱལ་པོ་དང་བཀའ་བརྒྱུད་པ་དང་འབྲེལ་བ་ཡོད་པའི་སྡེ་དཔོན་དང་དགོན་པ་ཐམས་ཅད་གཏོར། 1640ལོར་ཁམས་བེ་རུ་རྒྱལ་པོ་གཏོར། 1641ལོར་དབུས་ལ་དམག་དྲངས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་1642ལོར་གཙང་པ་རྒྱལ་པོའི་ལག་ནས་སྲིད་དབང་འཕྲོག་སྟེ། ལྷ་ས་འབྲས་སྤུངས་དགོན་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས། དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གིས་མདོ་ཁམས་ཡུལ་དུ་གཞུང་ཚབ་ཁང་ངམ་རྫོང་མང་དུ་བཙུགས་ཏེ། མདོ་ཁམས་ཕལ་མོ་ཆེ་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་གྱུར། ལྕགས་ལའི་ས་ཆ་ར་རྔ་ཁའི་ཉེ་འགྲམ་དུ་གཞུང་ཚབ་ཁང་ངམ་རྫོང་བཙུགས། དེང་སྐབས་ཀྱང་ས་ཆ་དེ་ལ་རྫོང་ཞབས་ཞེས་འབོད། མི་ཉག་གམ་ལྕགས་ལའི་ས་ཆ་ཐམས་ཅད་ལ་དབང་བསྒྱུར་བྱས་སོ།།
(1) བསྟན་འཛིན་གྲགས་པ་(丹怎扎克巴,噔睁吒吧)ནི།《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཁོང་གིས་ཁང་ཤིས་ཁྲི་ལོ་ལྔ་པ་ནས་ཁྲི་ལོ་ཉི་ཤུའི་(སྤྱི་ལོ་1666-1681)བར་ཏེ་མི་ལོ་བཅོ་ལྔའི་ཡུན་ལ་སྲིད་བཟུང། ཁང་ཤིས་ཁྲི་ལོ་ཉི་ཤུའི་ལོར་ནད་ཀྱིས་སྐུ་གཤེགས།”⒄ ཞེས་གསུངས། དེ་བཞིན་དུ་རྒྱའི་དེབ་ཐེར་《ཆིང་རྒྱལ་རབས་ཀྱི་ལོ་རྒྱུས་དངོས་བཀོད་》དང། 《དར་མདོའི་ལོ་རྒྱུས》 《བོད་ཁམས་ལོ་རྒྱུས་ཟིན་ཐོ་》 དག་ལས་ཀྱང་དེ་ལྟར་གསུངས་པས། བསྟན་འཛིན་གྲགས་པ་ནི་ཆིང་རྒྱལ་རབས་དང་འབྲེལ་བ་དམ་ཟབ་བྱུང་བའི་མདོ་དཔོན་ཐོག་མ་ཡིན། དེ་ནས་ལྕགས་ལའི་རྒྱལ་རྒྱུད་རྣམས་ཆིང་རྒྱལ་རབས་ལ་བརྟེན་ནས་སྲིད་དབང་དང་དཔལ་འབྱོར་སོགས་རིམ་བཞིན་ཡར་རྒྱས་ཆེན་པོར་བྱུང་།
(2) དགྲ་ལྷ་གྲགས་པ་(咤蜡喳吧,蛇蜡札巴、锡拉扎巴、索郎扎巴) ནི། རྒྱ་ཡིག་གི་ཡིག་ཚང་དག་ལས་ཁོང་གི་མཚན་ལ་མི་འདྲ་བ་དུ་མ་བྲིས་འདུག དེའི་ཕྱིར་དེ་དག་བོད་སྐད་དུ་བསྒྱུར་སྐབས། ཤེས་རབ་གྲགས་པ། བསོད་ནམས་གྲགས་པ། ཞེས་བསྒྱུར་འདུག་ཅིང་། དོན་དངོས་སུ་ཁོང་ལ་མཚན་མི་འདྲ་བ་མང་པོ་ཞིག་ཡོད་པ་མིན་ཏེ། རྒྱའི་ཡིག་རྙིང་《བོད་ཁམས་ལོ་རྒྱུས་ཟིན་ཐོ་》ལས་དགྲ་ལྷ་གྲགས་པ་(咤蜡喳吧)ཞེས་བྲིས་འདུག “咤”ཞེས་པ་རྒྱའི་སྤྱི་སྐད་ཀྱིས་zha་དང་། སི་ཁྲིད་སྐད་ཀྱིས་zaཞེས་ཀློག་པས། བོད་སྐད་ཀྱི་དགྲ་ཡི་སྒྲ་གདངས་བྲིས་པ་གསལ། འོན་ཀྱང་དེའི་རྗེས་རིམ་བཞིན་འབྲི་ནོར་བྱུང་བས། ཤེས་རབ་གྲགས་པ་(蛇蜡札巴,锡拉扎巴)དང་བསོད་ནམས་གྲགས་པ་(索郎扎巴)ཞེས་འབྲི་འདུག རྒྱ་ཡིག་ལ་ནོར་བ་བྱུང་བའི་ཐོག་མའི་ཡིག་འབྲུ་གཉིས་པོའི་(蛇蜡,锡拉,索郎) རྩ་བའི་སྒྲ་གདངས་ནི་སུ་(S)དང་ཤས་(X)ལ་(L)བཅས་ལས་གྲུབ་པས། ལོ་རྒྱུས་སྨྲ་བ་དག་གིས་བོད་སྐད་དང་མཐུན་པར་འོང་པའི་ཆེད་དུ་ཡིག་གཟུགས་དང་སྒྲ་མི་འདྲ་བ་བྲིས་པ་གསལ། དོན་ལ་ནི་གོང་གི་ཡི་གེ་དགྲ་(咤)ཞེས་པའི་ཡིག་འབྲུ་གཅིག་པོ་ལ་བརྟེན་ནས་ནོར་བ་བྱུང་བའོ།། རྒྱའི་དེབ་ཐེར་《དར་མདོའི་ལོ་རྒྱུས》དང། 《བོད་ཁམས་ལོ་རྒྱུས་ཟིན་ཐོ་》དག་ལས།ཁོང་ནི་བསྟན་འཛིན་གྲགས་པའི་སྲས་ཡིན་པ་དང། བཙུན་མོ་ཀུན་དགའ་ཁབ་ཏུ་བཞེས་པ། སྲས་མོ་གཅིག་ཡོད་པ།མཚན་ལ་སངས་རྒྱས་ཞེས་འབོད་པ། གོང་མ་ཁང་ཤིའི་ཁྲི་ལོ་ཉི་ཤུའི་ལོར་ཡབ་སྐུ་གཤེགས། དེ་ནས་དེའི་སྲས་ཀྱིས་རྒྱལ་རྒྱུད་བཟུང། ཁང་ཤིའི་ཁྲི་ལོ་སོ་དགུའི་ལོར་ཟིང་འཁྲུག་གི་རྐྱེན་ལས་སྐུ་གཤེགས། (སྤྱི་ལོ་1681-1700ལོ་སྟེ་ལོ་ཉི་ཤུར་སྲིད་བཟུང་)ཞེས་གསུངས། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཁང་ཤིའི་ཁྲི་ལོ་སོ་བརྒྱད་ལོར་བོད་སྡེ་པ་གཞུང་།རྫོང་དཔོན་ཚངས་སྲས་འཕྲིན་ལས་ཀྱིས་བཀྲོངས། ལོ་བཅུ་དགུར་སྲིད་བཟུང་།”⒅ཞེས་གསུངས། རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོ་1699ལོར་མི་ཉག་ར་རྔ་ཁའི་ཉེ་འགྲམ་རྫོང་ཞབས་ན་གནས་པའི་དགའ་ལྡན་ཕོ་བྲང་གི་གཞུང་ཚབ་དཔོན་པོ་ཚངས་སྲས་འཕྲིན་ལས་ཀྱིས་ལྕགས་ལའི་སྟེང་དུ་དམག་དྲངས། སྤྱི་ལོ་1700ལོར་ཆིང་གོང་མ་དང་མུ་ཕྱིའམ་འབྲོང་པ་རྒྱལ་པོ་བཅས་ཀྱིས་ལྕགས་ལ་སོགས་ཀྱི་ཆེད་དུ་ཕ་རོལ་པོའི་སྟེང་དུ་དམག་འབོར་ཆེན་དྲངས།སྐབས་དེར་ཆིང་གི་དམག་དཔོན་ཆེན་པོ་གཅིག་བཅས་ཕྱོགས་གཉིས་ཀའི་དམག་མང་གཤེགས་རྨས་བྱུང་ཡོད། མ་ཟད་དགྲ་ལྷ་གྲགས་པ་ཡང་དམག་ཐོག་ནས་བཀྲོངས་སོ།། ཁོང་གིས་སྤྱི་ལོ་1681-1700ལོའི་བར་ཏེ་མི་ལོ་ཉི་ཤུ་ལ་སྲིད་བཟུང་།
(3) བཙུན་མོ་ཀུན་དགའ་ནི། (米古卡、衮噶、工喀)རྒྱ་ཡིག་གི་ཡིག་ཚང་དག་ལས་བྱུང་བའི་ཁོང་གི་མཚན་དེ་རྒྱལ་རོང་བྲག་བར་དཔལ་ལྡན་གྱིས་གོང་དཀར་ཞེས་བསྒྱུར་འདུག ཀུན་དགའ་ཞེས་བསྒྱུར་ན་དོན་དངོས་དང་མཐུན་སྙམ་མོ།། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། ཁང་ཤིའི་ཁྲི་ལོ་བཞི་བཅུའི་ལོར་བཙུན་མོ་ཀུན་དགའ་ཡིས་སྲིད་བཟུང།དམུ་ཕྱི་རྒྱལ་པོའི་གཡུང་དྲུང་འཕྲིན་ལས་ལ་སྲས་མོ་སངས་རྒྱས་བཙུན་མོར་གནང་། “ཁང་ཤིའི་ཁྲི་ལོ་ང་དྲུག་ལོར་ནད་ཀྱིས་ཀུན་དགའ་སྐུ་གཤེགས། (སྤྱི་ལོ་1701-1717ལོ་སྟེ་ལོ་བཅུ་བདུན་སྲིད་བཟུང་)”⒆ཞེས་གསུངས། བྲག་བར་དཔལ་ལྡན་གྱིས“བཙུན་མོ་གོང་དཀར། (ཁང་ཞི་ཁྲི་ལོ་ཉི་ཤུ་པ་)སྤྱི་ལོ་1681-1701ལོ། སྲིད་འཛིན་ལོ་བཅུ་དགུ” ཞེས་བཀོད་འདུག ལོ་ཚིགས་དེ་དགྲ་ལྷ་གྲགས་པའི་སྲིད་ལོ་དང་ནོར་བ་ཡིན་ནོ།། ལྕགས་ལའི་རྒྱལ་མོ་ཀུན་དགའི་སྐབས་ཏེ་སྤྱི་ལོ་1700ལོར་དགའ་ལྡན་ཕོ་བྲང་གི་གཞུང་ཚབ་ཁང་དེ་རྩ་བ་ནས་གཏོར། འོན་ཀྱང་དགའ་ལྡན་ཕོ་བྲང་གིས་མུ་མཐུད་ནས་ལྕགས་ལའི་སྲིད་གཞུང་ལ་སྐུ་དྲག་མངག་བཞིན་ཡོད་པ་གསལ་ཏེ། ལྕགས་ལ་རྒྱལ་པོ་ལ་བློན་འཁོར་རམ་ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་ཡོད་པ་ལས་བཀའ་བློན་ཞལ་པད་ཚང་དང་རྩེ་དྲུང་ཚང་གཉིས་ནི་བོད་སྡེ་པ་གཞུང་གིས་ཐད་གར་མངག་པ་ཞིག་ཡིན། དེའི་ཕྱིར་སྔ་ཕྱི་ཀུན་ཏུ་ བོད་སྡེ་པ་གཞུང་གིས་ལྕགས་ལའི་ས་ཆ་ལ་དབང་བསྒྱུར་བྱེད་བཞིན་ཡོད་པ་རྟོགས་ནུས་སོ།།
(4) རྒྱལ་མོ་སངས་རྒྱས་(桑结)ནི། དགྲ་ལྷ་གྲགས་པ་དང་བཙུན་མོ་ཀུན་དགའ་གཉིས་ཀྱི་སྲས་མོ་ཡིན། དམུ་ཕྱི་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ཀྱི་བཙུན་མོར་ཕྱིན། ཁོང་གཉིས་ལ་སྲས་གཅིག་འཁྲུངས། མཚན་ལ་རྒྱལ་མཚན་དར་རྒྱས་ཞེས་འབོད། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་གོང་མ་ཁང་ཤིས་ཁྲི་ལོ་ཞེ་དགུ་པ་སྤྱི་ལོ་1710ལོར་དམུ་ཕྱི་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ཉིད་ཉང་ཡོན་(宁远)དུ་གྱེན་ལང་བྱུང་བ་འདུལ་བར་ཆས་སྐབས་དམག་ཐོག་ནས་སྐུ་གཤེགས། དེ་ནས་སྲས་མོ་སངས་རྒྱས་ཀྱིས་དམུ་ཕྱིའི་རྒྱལ་ས་བཟུང་། གོང་མ་ཁང་ཤིས་ཁྲི་ལོ་ང་བདུན་སྤྱི་ལོ་1718ལོར་སྲས་མོ་སངས་རྒྱས་རང་ཉིད་ཀྱིས་དམག་སྣ་ཁྲིད་དེ་དམག་མི་ལྔ་བརྒྱ་དང་བཅས་ཉང་ཡོན་མགོ་གནོན་ལ་ཆས་ཏེ་རྒྱལ་ཁ་ཐོབ། ཁང་ཤིས་ཁྲི་ལོ་ང་དྲུག་སྤྱི་ལོ་1717ལོར་ལྕགས་ལའི་རྒྱལ་མོའམ་མ་ཡུམ་ཀུན་དགའ་སྐུ་གཤེགས་པས། གོང་མས་ཐོབ་དེ་སྲས་མོ་སངས་རྒྱས་ལ་སྤྲད། དེ་ནས་སྲས་མོ་སངས་རྒྱས་ཀྱིས་དམུ་ཕྱི་དང་ལྕགས་ལ་གཉིས་ཀྱི་རྒྱལ་མོ་མཛད།དེའི་ཕྱིར་ཁོང་ནི་ཤེས་རབ་དང་དཔའ་རྩལ་གཉིས་ལྡན་གྱི་བུད་མེད་ཅིག་ཡིན་པར་རྟོགས་ནུས་སོ།། རབ་བྱུང་བཅུ་གཉིས་པ་ཤིང་སྦྲུལ་ཡུང་ཊིང་ཁྲི་ལོ་གསུམ་པ་སྤྱི་ལོ་1725ལོར་ས་འགུལ་གྱི་གནོན་རྐྱེན་གྱིས་སྲས་མོ་སངས་རྒྱས་དར་མདོ་ནས་སྐུ་གཤེགས་སོ།། རྒྱའི་དེབ་ཐེར་《བོད་ཁམས་ལོ་རྒྱུས་ཟིན་ཐོ་》 ལས། “ཀུན་དགའ་ཡིས་བུ་མོ་སངས་རྒྱས་ཉིད་འབྲོང་པ་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ལ་བཙུན་མོར་བྱིན། ཁང་ཤིའི་ཁྲི་ལོ་ཞེ་དགུའི་ལོར་གཡུང་དྲུང་འཕྲིན་ལས་སྐུ་གཤེགས། དེ་ནས་སངས་རྒྱས་ཀྱིས་འབྲོང་པའི་རྒྱལ་ས་བཟུང་། ཁང་ཤིའི་ཁྲི་ལོ་ང་བདུན་ལོར་ལྕགས་ལའི་རྒྱལ་ས་བཟུང་། ཡུང་ཊིང་ཁྲི་ལོ་གསུམ་པའི་ལོར་ས་འགུལ་གྱིས་སྐུ་གཤེགས།” ཞེས་གསུངས། དེའི་ཕྱིར་ཁོང་གིས་དམུ་ཕྱིའམ་འབྲོང་པའི་རྒྱལ་ས་མི་ལོ་བཅུ་དྲུག་དང་། ལྕགས་ལའི་རྒྱལ་ས་མི་ལོ་བརྒྱད་ལ་བཟུང་། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཁང་ཤིའི་ཁྲི་ལོ་ང་དྲུག་སྤྱི་ལོ་1717ལོར་ཀུན་དགའ་སྐུ་གཤེགས། ཡུང་ཊིང་ཁྲི་ལོ་གསུམ་པ་སྤྱི་ལོ་1725ལོར་ས་འགུལ་གྱི་རྐྱེན་གྱིས་སྲས་མོ་སངས་རྒྱས་སྐུ་གཤེགས། ལོ་བདུན་ལ་ལྕགས་ལའི་རྒྱལ་ས་བཟུང་།”⒇ཞེས་གསུངས། བྲག་བར་དཔལ་ལྡན་གྱིས། “བུ་མོ་སངས་རྒྱས། (ཁང་ཞི་ལོ་ཁྲི་ལོ་ང་དྲུག་པ་)སྤྱི་ལོ་1701-1717ལོ། སྲིད་འཛིན་ལོ་བཅུ་བདུན།” ཞེས་གསུངས་པས། དེ་ནི་བཙུན་མོ་ཀུན་དགའི་སྲིད་འཛིན་གྱི་ལོ་ཚིགས་དང་ནོར་བ་ཡིན་ནོ།།
(5) རྒྱལ་མཚན་དར་རྒྱས་(坚参达结)ནི། གཡུང་དྲུང་འཕྲིན་ལས་དང་བཙུན་མོ་སངས་རྒྱས་གཉིས་ཀྱི་སྲས་ཡིན།དམུ་ཕྱིའི་རྒྱལ་སར་སྐུ་འཁྲུངས། བྱིས་པའི་དུས་སུ་ཡབ་སྐུ་གཤེགས། མ་ཡུམ་སོགས་ལ་བརྟེན་ནས་འཚར་ལོངས་བྱུང་།རྒྱལ་མཚན་དར་རྒྱས་ཁོང་གིས་བཙུན་མོ་ཆེ་ཆུང་གཉིས་ཁབ་ཏུ་བཞེས། ཆེ་བ་རྒྱལ་རོང་བཙན་ལྷ་རྒྱལ་པོའི་སྲས་མོ་ལྷ་སྒྲོན་དང་། ཆུང་བ་དམུ་ཕྱིའི་བློན་ཆེན་ཞིག་གི་བུ་མོ་ཝཾ་དམུ་དམུ་ཞེས་འབོད། བཙུན་མོ་ཆེ་བ་ལ་སྲས་མ་བྱུང་། བཙུན་མོ་ཆུང་བ་ལ་སྲས་གཉིས་འཁྲུངས། སྲས་ཆེ་བ་ལ་རྒྱལ་མཚན་ནམ་མཁའ་ནི་སྤྱི་ལོ་1720ལོར་འཁྲུངས། སྲས་ཆུང་བ་རྒྱལ་མཚན་བདེ་ཆེན་ནི་སྤྱི་ལོ་1721ལོར་འཁྲུངས། རབ་བྱུང་བཅུ་གཉིས་པ་ཤིང་སྦྲུལ་ཡུང་ཊིང་ཁྲི་ལོ་གསུམ་པ་སྤྱི་ལོ་1725ལོར་ས་འགུལ་གྱི་རྐྱེན་གྱིས་མ་ཡུམ་སངས་རྒྱས་སྐུ་གཤེགས། དེ་ནས་གོང་མས་རྒྱལ་མཚན་དར་རྒྱས་ལ་ལྕགས་ལ་དང་དམུ་ཕྱི་གཉིས་ཀྱི་དཔོན་ཐོབ་ཀྱི་འཇའ་ས་གནང་།《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཡུང་ཊིང་ཁྲི་ལོ་གསུམ་པ་སྤྱི་ལོ་1725ལོར་ས་འགུལ་གྱིས་མ་ཡུམ་སངས་རྒྱས་སྐུ་གཤེགས། ལོ་དེར་རྒྱལ་མཚན་དར་རྒྱས་ཀྱིས་འབྲོང་པའི་རྒྱལ་སར་བཟུང་། ཡུང་ཊིང་ཁྲི་ལོ་བཞི་པ་སྤྱི་ལོ་1726པའི་ལོར་ལྕགས་ལའི་རྒྱལ་སར་བཟུང་། ཡུང་ཊིང་ཁྲི་ལོ་བཅུ་གཅིག་པ་སྤྱི་ལོ་1733ལོར་སྐུ་གཤེགས།”(21) ཞེས་གསུངས། དེའི་ཕྱིར་ཁོང་གིས་དམུ་ཕྱིའི་རྒྱལ་ས་ལོ་དགུ་དང་། ལྕགས་ལའི་རྒྱལ་ས་ལོ་བརྒྱད་བཟུང་། དཔྱད་གཞི་དག་ལ་དཔག་ན་ཁོང་དགུང་ལོ་སུམ་ཅུ་ཡས་མས་སུ་སྐུ་གཤེགས་ཡོད་པ་འདྲའོ།།
(6) བཙུན་མོ་ལྷ་སྒྲོན་(喇章) ནི། རྒྱལ་རོང་བཙན་ལྷ་རྒྱལ་པོ་ཐར་འབུམ་གྱི་སྲས་མོ་དང་། རྒྱལ་མཚན་དར་རྒྱས་གྱི་བཙུན་མོ་ཆེ་བ་ཡིན། བཙུན་མོ་ལྷ་སྒྲོན་ལ་རིགས་རྒྱུད་མ་བྱུང་། རྒྱལ་མཚན་དར་རྒྱས་སྐུ་གཤེགས་རྗེས་བཙུན་མོ་ལྷ་སྒྲོན་གྱིས་ལྕགས་ལའི་རྒྱལ་ས་བཟུང་། བཙུན་མོ་ཆུང་བ་ཝཾ་དམུ་མུས་མུ་ཕྱིའི་རྒྱལ་ས་བཟུང་། བཙུན་མོ་ལྷ་སྒྲོན་རང་ཉིད་ཁོ་ནས་སྤྱི་ལོ་1733-1744ལོའི་བར་ཏེ་མི་ལོ་བཅུ་གཉིས་ལ་སྲིད་བཟུང་། སྤྱི་ལོ་1745-1771ལོའི་བར་ཏེ་ལོ་ཉེར་བདུན་གྱི་རིང་རྒྱལ་མཚན་བདེ་ཆེན་ལ་སྲིད་རོགས་མཛད།དེའི་ཕྱིར་སྔ་ཕྱི་སྡོམ་པས་མི་ལོ་སོ་དགུར་སྲིད་བཟུང་ཞིང་།ཆན་ལུང་ཁྲི་ལོ་སོ་དྲུག་སྤྱི་ལོ་1771ལོར་སྐུ་གཤེགས། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཡུང་ཊིང་ཁྲི་ལོ་བཅུ་གཅིག་པ་སྤྱི་ལོ་1733ལོར་རྒྱལ་མཚན་དར་རྒྱས་སྐུ་གཤེགས། དེ་ནས་བཙུན་མོ་ཆེ་བ་ལྷ་སྒྲོན་གྱིས་ལྕགས་ལའི་རྒྱལ་ས་བཟུང་།བཙུན་མོ་ཆུང་བ་ཝཾ་དམུ་མུས་མུ་ཕྱིའི་རྒྱལ་ས་བཟུང་། ཆན་ལུང་ཁྲི་ལོ་བཅུ་པ་སྤྱི་ལོ་1745ལོར། རྒྱལ་མཚན་བདེ་ཆེན་དགུང་ལོ་ཉེར་བཞིའི་སྟེང་ལྕགས་ལའི་རྒྱལ་ས་བཟུང། དེ་ནས་ལྷ་སྒྲོན་གྱིས་སྲིད་རོགས་མཛད། སྔ་ཕྱི་ལོ་སོ་བརྒྱད་ལ་སྲིད་བཟུང་། ཆན་ལུང་ཁྲི་ལོ་སོ་དྲུག་སྤྱི་ལོ་1771ལོར་ལྷ་སྒྲོན་སྐུ་གཤེགས་སོ།།”(22) ཞེས་གསུངས། བྲག་བར་དཔལ་ལྡན་གྱིས“བཙུན་མོ་ལྷ་ཚང་དང་བུ་ཆུང་རྒྱལ་མཚན་བདེ་ཚང་གཉིས་མཉམ་དུ། (ཆིན་ཆན་ལུང་ཁྲི་ལོ་བཅུ་པ)སྤྱི་ལོ་1733-1745ལོ། སྲིད་འཛིན་ལོ་ཉི་ཤུ།” ཞེས་གསུངས། ཁོང་གིས་བཀོད་པའི་ལྕགས་ལའི་རྒྱ་རབས་ཀྱི་ལོ་ཚིགས་རྣམས་རྒྱའི་ཡིག་ཆ་ཁོ་ན་ལ་བརྟེན་པ་ཞིག་ཡིན་མོད། འོན་ཀྱང་ཞིབ་ཕྲ་མ་བྱུང་བའི་རྐྱེན་གྱིས་ནོར་བ་མང་དུ་བྱུང་འདུག་གོ།
(7) རྒྱལ་མཚན་བདེ་ཆེན་(坚参德昌,甲勒德沁)ནི།《དར་མདོ་རྫོང་གི་ཡིག་ཚགས་》ལས། “ཁང་ཤིས་ཁྲི་ལོ་ང་དགུའི་(1720)ལོར་ཝཾ་དམུ་མུ་ལ་རྒྱལ་མཚན་ནམ་མཁའ་འཁྲུངས། ཕྱི་ལོར་རྒྱལ་མཚན་བདེ་ཆེན་འཁྲུངས། རྒྱལ་མཚན་དར་རྒྱས་སྐུ་གཤེགས་སྐབས། སྲས་ཆེ་བ་དགུང་ལོ་བཅུ་གསུམ། སྲས་ཆུང་བ་དགུང་ལོ་བཅུ་གཉིས།” ཞེས་གསུངས་པས། ཁང་ཤིས་ཁྲི་ལོ་དྲུག་ཅུ་སྤྱི་ལོ་1721ལོར་འཁྲུངས་པ་དང་། སྤྱི་ལོ་1733ལོར་ཡབ་སྐུ་གཤེགས་སྐབས་དགུང་ལོ་བཅུ་ལ་ཟིན་ཡོད་པར་བསྟན་ཡོད་དོ།། དེའི་ཕྱིར་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ་1721ལོར་རྒྱལ་མཚན་དར་རྒྱས་དང་ཝཾ་དམུ་མུ་གཉིས་ཀྱི་སྲས་སུ་དམུ་ཕྱིའི་རྒྱལ་སར་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་ལྷ་སྒྲོན་གྱི་སྲས་ཚབ་བྱས། དེ་ནས་བཙུན་མོ་ལྷ་སྒྲོན་དང་མཉམ་དུ་ལྕགས་ལའི་རྒྱལ་ས་རུ་བཞུགས། དགུང་ལོ་ཉེར་ལྔ་སྤྱི་ལོ་1745ལོར་དངོས་སུ་ལྕགས་ལའི་རྒྱལ་ས་བཟུང་། དེའི་ཕྱིར་ཁོང་ནི་སྤྱི་ལོ་1721ལོར་འཁྲུངས། སྤྱི་ལོ་1745-1791ལོའི་བར་ཏེ་མི་ལོ་ཞེ་བདུན་ལ་རྒྱལ་ས་བཟུང་། སྤྱི་ལོ་1791སྐུ་གཤེགས་པའོ།། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཆན་ལུང་ཁྲི་ལོ་བཅུ་པ་(སྤྱི་ལོ་1745)་པར། རྒྱལ་མཚན་བདེ་ཆེན་གྱིས་ལྕགས་ལའི་རྒྱལ་ས་བཟུང། ལྷ་སྒྲོན་གྱིས་སྲིད་རོགས་མཛད། ཆན་ལུང་ཁྲི་ལོ་ང་དྲུག་ལོར་(སྤྱི་ལོ་1791)སྐུ་གཤེགས། མི་ལོ་ཞེ་དྲུག་རྒྱལ་ས་བཟུང་།” ཞེས་གསུངས་སོ།། 《དར་མདོ་རྫོང་གི་ཡིག་ཚགས་》ལྡེབ་34ན། “ཆན་ལུང་ཁྲི་ལོ་བཅུ་གཉིས་པའི་(སྤྱི་ལོ་1747)ལོར་རྒྱལ་རོང་ཆུ་ཆེན་རྒྱལ་པོ་བཏུལ་བ་ལ་དཔུང་རོགས་མཛད། དཔའ་རྟགས་ཐོབ། ཆན་ལུང་ཁྲི་ལོ་ཉི་ཤུ་པ་སྤྱི་ལོ་1755ལོ་དང་། ཆན་ལུང་ཁྲི་ལོ་ཞེ་གཉིས་པ་སྤྱི་ལོ་1777ལོ། ཆན་ལུང་ཁྲི་ལོ་ང་གཅིག་པ་སྤྱི་ལོ་1786ལོར་བཅས་ལ་དར་མདོའི་གྲོང་ལ་ལྕགས་རི་བསྐྲུན། ཆན་ལུང་ཁྲི་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ་1771ལོར་རྒྱལ་རོང་བཙན་ལྷའི་དོན་གནད་བཏུལ་བ་ལ་དཔུང་རོགས་མཛད། རྟགས་རིམ་པ་གཉིས་པ་ཐོབ།”ཅེས་གསུངས། གཞན་ཡང་རྒྱ་ཡིག་ཡིག་ཚང་དག་ལས།ཆན་ལུང་ཁྲི་ལོ་ཉི་ཤུ་སྤྱི་ལོ་1791ལོར་བལ་ཡུལ་གོར་ཥའི་དམག་བཏུལ་བ་ལ་དཔུང་རོགས་མཛད། ལྕགས་ལ་ནི་བོད་ཀྱི་ས་གནས་སོ་སོའི་དཔོན་དང་འབྲེལ་བ་དམ་ཞིང་། དེ་ལྟར་ཆིང་མཇུག་བར་དུ་གོང་མ་དང་འབྲེལ་བ་དམ་པོར་བྱུང་།མ་ཟད་པེ་ཅིན་དུ་ལྕགས་ལའི་གཞུང་ཚབ་ཁང་ཞིག་ཀྱང་ཡོད།དེ་དམངས་རྒྱ་རབས་དུས་སུ་མེད་པར་བྱས་སོ།། ཞེས་གསུངས་སོ།།
(8) རྒྱལ་མཚན་ནོར་བུ་ (甲木参诺尔布) ནི། 《དར་མདོའི་རྫོང་གི་ལོ་རྒྱུས་》ལས། “ཆན་ལུང་ཁྲི་ལོ་ང་དྲུག་ལོར་(1791)རྒྱལ་མཚན་བདེ་ཆེན་འདས། སྲས་རྒྱལ་མཚན་ནོར་བུས་རྒྱལ་སར་བཟུང་། ཇཱ་ཆིན་ཁྲོ་ལོ་བཅུ་བཞི་པའི་(1809)བར་ཏེ་མི་ལོ་བཅོ་བརྒྱད་ལ་རྒྱལ་སར་བཟུང་བ།” (23)ཞེས་གསུངས། རྒྱལ་རོང་བྲག་བར་དཔལ་ལྡན་གྱིས“རྒྱལ་མཚན་ནོར་བུ། (ཆན་ལུང་ཁྲི་ལོ་ང་དྲུག་པ)སྤྱི་ལོ་1745-1791ལོ།སྲིད་འཛིན་ལོ་ཞེ་དྲུག” ཅེས་གསུངས། ཁོང་གི་ལོ་ཚིགས་ཕན་ཚུན་ནོར་འདུག ཆུ་བྱི་སྤྱི་ལོ་1792ལོར་མན་ཇུ་གོང་མ་དང་རྒྱལ་རོང་། ལྕགས་ལ་སོགས་ཀྱི་དམག་རོགས་བོད་དབུས་གཙང་དུ་བསྐྱོད། ཆུ་གླང་སྤྱི་ལོ་1793ལོར་རྒྱལ་ཁ་ཐོབ་སྟེ་གོར་དམག་གཡུལ་ཕུད་པའོ།། དེའང་རྡོ་རིང་པཎྡི་ཏའམ་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས་《དགའ་བཞི་བའི་རྣམ་ཐར་》ལས། “རྒྱལ་མོ་རོང་པའི་དཔོན་དམག་རྣམས་དཔུང་བུ་ཆུང་གི་ཚུལ་དུ་རྐང་འགྲོས་ལ་རྟ་ལས་མགྱོགས་པར་བསྐྱོད་དེ་ཕས་རྒོལ་རི་ནགས་སུ་བྲོས་པ་རྣམས་ལ་ཐག་རིང་བར་མེ་མདའ་དང་། ཉེ་བ་ལ་རལ་གྲིའི་འཕྲུལ་འཁོར་གྱི་སྒོ་ནས་གོར་དམག་ས་བསྲུངས་རྣམས་ཚང་མ་མཚན་འགེབས་ཀྱི་བཅོམ་ཐོག་སྐྱིད་གྲོང་ས་བསྲུང་དུ་ཡོད་པའི་གོར་དཔུང་རྣམས་ལའང་སྤྱང་ཀིས་ལུག་ཁྱུ་མཐོང་བ་ལྟར་རྫོང་འཚངས་བྱས་ཏེ་རེ་གཉིས་ཙམ་ཐར་ན་ལས། དེ་བྱིངས་ཚང་མ་གཏན་བརླག་ཏུ་བཅོམ་སྟེ་གཡུལ་ལས་རྣམ་པར་རྒྱལ་པའི་དཔའ་རྟགས་ཀྱི་རུ་མཚོན་སྲིད་རྩེར་སྒྲེང་བཞིན་དུ་བོད་ཀྱི་ས་སྣེ་བསྒལ་ནས་བལ་པོའི་རྫོང་དང་ཉེ་བའི་ཆར་འབྱོར་འདུག” (24)ཅེས་གསུངས་པས་སོ།།
(9) རྒྱལ་མཚན་གསལ་རྒྱལ་(甲木参沙克嘉)ནི། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཇཱ་ཆིན་ཁྲི་ལོ་བཅུ་བཞི་པའི(1809)ལོར་རྒྱལ་མཚན་གསལ་རྒྱལ་གྱིས་རྒྱལ་ས་བཟུང་། ཏོ་ཀཱང་ཁྲི་ལོ་བཞི་པའི་(1824)བར་ཏེ་རྒྱལ་ས་མི་ལོ་བཅོ་ལྔར་བཟུང།” (25)ཞེས་གསུངས། དེ་ལྟར་སྤྱི་ལོ་1809-1824ལོའི་བར་སྲིད་བཟུང་བ་ཡིན་ན་ལོ་ངོ་བཅུ་དྲུག་ཡིན་ནོ།། རྒྱ་རོང་ཆོས་ལྡན་གྱི་《རྒྱ་རོང་བོད་རིགས་ཀྱི་ལོ་རྒྱུས་》ལས།“ཇཱ་ཆིན་ཁྲི་ལོ་བཅུ་བཞི་པའི་(1809)ལོར་ལྕགས་ལ་རྒྱལ་པོ་ཉིད་གོང་མ་ཆེན་པོ་དགུང་གྲངས་ལྔ་བཅུ་འཁོར་བའི་སྐྱེ་སྐར་ལ་པེ་ཅིན་དུ་ཆས། གོང་མའི་ཕོ་བྲང་ནས་ལྕགས་རྒྱལ་ལ་གོང་མ་དང་མཚུངས་པའི་གུས་བཀུར་ཐོབ། ལོ་དེར་རྒྱལ་སར་བཟུང་། ཏོ་ཀང་ཁྲི་ལོ་བཞི་པའི་(1824)བར་ཏེ་རྒྱལ་ས་མི་ལོ་བཅོ་ལྔར་བཟུང་།” ཞེས་གསུངས་སོ།། རྒྱལ་རོང་བྲག་བར་དཔལ་ལྡན་གྱིས“རྒྱལ་མཚན་གསལ་རྒྱལ། (ཆིན་ཅཱ་ཆིན་ཁྲི་ལོ་བཅུ་བཞི་པ)སྤྱི་ལོ་1791-1809ལོ། སྲིད་འཛིན་ལོ་བཅོ་བརྒྱད།” ཅེས་གསུངས། ཁོང་གི་ལོ་ཚིགས་ཕན་ཚུན་ནོར་འདུག་གོ།
(10) རྒྱལ་མཚན་རྡོ་རྗེ་(甲木参多结) ནི། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཏོ་ཀཱང་ཁྲི་ལོ་བཞི་པའི་(1824)ལོར་རྒྱལ་ས་བཟུང་། ཏོ་ཀཱང་ཁྲི་ལོ་བཅུ་གསུམ་པའ་ི(1833)ལོར་སྐུ་གཤེགས། ལོ་ངོ་དགུའི་བར་སྲིད་བཟུང་།” (26) ཞེས་གསུངས་སོ།། 《མདོ་མཁྱེན་བརྩེའི་རང་རྣམ་》ལས། ལྕགས་ཡོས་སྤྱི་ལོ་1831ལོར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དར་མདོར་ཕེབས་ཏེ། ལྕགས་ལའི་མཁན་རྣམ་གཉིས་དང་ས་དབང་ཡབ་སྲས་འཁོར་བཅས་དང་མཇལ་འཕྲད་གནང།ཆོས་འབྲེལ་གསུངས། དེ་ནས་འོག་གི་རྒྱལ་མཚན་གླང་ཆེན་རིང་ལ་མདོ་མཁྱེན་བརྩེ་འཁོར་བཅས་དར་མདོར་ཐེངས་མང་ཕེབས་ཤིང་། ཆོས་སྲིད་གཉིས་ཀྱི་ཕྱོགས་ནས་ལྕགས་རྒྱལ་ལ་ཞབས་ཕྱི་གནང་། ལྕགས་ལའི་ས་ཆ་ནས་དགོན་པ་དང་རི་ཁྲོད་གསར་འདེབས་དང་། བསྐྱར་བཞེངས་སོགས་མཛད།མཆདོ ་ཡནོ ་གྱ་ི འབྲལེ ་བ་བླ་ན་མདེ ་པར་བྱུང་ཡདོ ་དོ། །
(11) རྒྱལ་མཚན་གླང་ཆེན (甲木参龄沁,甲木参龄,汉名延龄,梦九) ་ནི། རྒྱལ་མཚན་རྡོ་རྗེའི་སྲས་ཡིན། 《ཡེའུ་ཐེ་བོད་སྡོད་ཉིན་ཐོ་》(《有泰驻藏日记》,1903-9-24ཉིན་)ལས། “ལྕགས་ལ་བུ་སྤུན་གྱི་ཕ་ནི་རྒྱལ་མཚན་གླང་ཆེན།ཁོང་གི་རྒྱ་སྐད་མིང་ལ་延龄དང་梦九འབོད།” ཅེས་གསུངས་སོ།། རྒྱལ་པོ་ཁོང་གི་སྐབས་ནས་རྒྱལ་རྒྱུད་ཀྱི་མཚན་ལ་རྒྱ་བོད་གཉིས་ཀྱི་མཚན་འདོགས་སྲོལ་བྱུང་།《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཏོ་ཀཱང་ཁྲི་ལོ་བཅུ་གསུམ་པའི་(1833)ལོར་རྒྱལ་མཚན་རྡོ་རྗེ་སྐུ་གཤེགས། སྲས་རྒྱལ་མཚན་གླང་ཆེན་གྱིས་སྲིད་བཟུང། ཐོང་ཀྲི་ཁྲི་ལོ་བཅུ་གཉིས་པའི་(1873)ལོར་སྐུ་གཤེགས། མི་ལོ་བཞི་བཅུའི་རིང་ལ་སྲིད་བཟུང་།” (27) ཞེས་གསུངས། གཞན་ལོ་རྒྱུས་དེ་དག་ལས། མན་ཇུ་གོང་མས་ཉག་སྐེད་མགོན་པོ་རྣམ་རྒྱལ་མངའ་འོག་ཏུ་བསྡུ་བའི་ཆེད་དུ་དམག་ཐེངས་འགའ་དྲངས།སྐབས་དེ་དག་ཏུ་ལྕགས་ལར་བྱས་རྗེས་ཆེན་པོ་ཡོད་པས་གོང་མ་ནས་ལོ་གསུམ་ལ་ཁྲལ་མཇལ་མི་དགོས་པར་བྱས་ཞེས་བཀོད་འདུག བྲག་བར་དཔལ་ལྡན་གྱིས“རྒྱལ་མཚན་བདེ་ཆེན། (ཐུང་གྲི་ཁྲི་ལོ་བཅུ་གཉིས་པ་)སྤྱི་ལོ་1833-1873ལོ། སྲིད་འཛིན་ལོ་བཞི་བཅུ།”ཞེས་གསུངས་པས། རྒྱ་ཡིག་ལས་བྱུང་པའི་རྒྱལ་པོའི་མཚན་དེ་རྒྱལ་མཚན་བདེ་ཆེན་ཞེས་བསྒྱུར་འདུག་གོ།
(12) རྒྱལ་མཚན་ཆོས་དབང་(甲木参琼望)ནི། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཐོང་ཀྲི་ཁྲི་ལོ་བཅུ་གཉིས་པའི་(1873)ལོར་ཡབ་རྒྱལ་མཚན་གླང་ཆེན་སྐུ་གཤེགས། སྲས་རྒྱལ་མཚན་ཆོས་དབང་གིས་རྒྱལ་སར་བཟུང་། ཀོང་ཤིས་ཁྲི་ལོ་ཉེར་བརྒྱད་པར་(1902)རྒྱལ་མཚན་ཆོས་དབང་སྐུ་གཤེགས། མི་ལོ་ཉེར་དགུའི་ཡུན་ལ་སྲིད་བཟུང་། དེ་ནས་གཅུང་རྒྱལ་མཚན་ཆོས་འཕེལ་གྱིས་རྒྱལ་ས་བཟུང་།” (28)ཞེས་གསུངས། རྒྱལ་མཚན་ཆོས་འཕེལ་ནི་ཁོང་གི་གཅུང་མ་ཡིན་པར་སྲས་ཡིན་པ་འོག་ཏུ་གསལ་ལོ།།
(13) རྒྱལ་མཚན་ཆོས་འཕེལ་ལམ་འཇིགས་བྲལ་ (甲木参琼珀,汉名宜斋,敬亭) ནི། རྒྱའི་ཡིག་ཚང་ལྟར་ན་ཁོང་ནི་རྒྱལ་མཚན་གླང་་ཆེན་གྱི་སྲས་ཡིན། ཀོང་ཤིས་ཁྲི་ལོ་ཉེར་བརྒྱད་(1902)ལོར་རྒྱལ་ས་བཟུང་། གོ་མིན་ཏང་གི་ཁྲི་ལོ་བཅུ་གཅིག་(1922)ལོར་སྐུ་གཤེགས་པར་འདོད། བྲག་བར་དཔལ་ལྡན་གྱིས་“རྒྱལ་མཚན་མཆོག་འཕེལ། (ཞོན་ཐུང་ཁྲི་ལོ་གསུམ་པ) སྤྱི་ལོ་1911ལོར་ལྕགས་ལས་རྒྱལ་མཚན་མཆོག་འཕེལ་གྱིས་རྒྱལ་སྲིད་ལོ་ཉི་ཤུར་བཟུང་། མཐར་དམངས་རྒྱལ་ལོ་བཅུ་གཅིག་པ། སྤྱི་ལོ་1922ལོར་རྒྱལ་མཚན་མཆོག་འཕེལ་བཙོན་དུ་བཟུང་ཡང་བཙུན་མོ་དང་ལྷན་དུ་བཙོན་ར་ནས་བྲོས་ཏེ་ཡ་ལ་ཆུ་འགྲམ་དུ་གཤེགས་སོང་།” ཞེས་གསུངས། 《དར་མདོ་རྫོང་གི་ལོ་རྒྱུས་》ལས། “ཀོང་ཤིས་ཁྲི་ལོ་ཉེར་བརྒྱད་པར་(1902)རྒྱལ་མཚན་ཆོས་དབང་སྐུ་གཤེགས། གཅུང་རྒྱལ་མཚན་ཆོས་འཕེལ་གྱིས་རྒྱལ་རྒྱུད་བཟུང་། ཞོན་ཐུང་ཁྲི་ལོ་གསུམ་པའི་(1911)ལོར་དཔོན་ཐོབ་མེད་པར་བྱས། འོན་ཀྱང་གོ་མིན་ཏང་གི་སྐབས་ལྕགས་ལར་དཔོན་གྱི་དབང་ཆ་སྔར་ལྟར་གནས་པ་དང་། དམངས་རྒྱལ་ཁྲི་ལོ་བཅུ་གཅིག་པའི་(1922)ལོར་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཅུག བཙོན་ནས་སྐྱོབ་སྐབས་བར་ཆད་བྱུང་བས།ཁོང་གཡག་རའི་ཆུ་ནང་དུ་ལྕེབས་ཏེ་སྐུ་གཤེགས། སྲིད་འཛིན་ལོ་ཉི་ཤུ། ཁྱོན་སྡོམ་རྒྱལ་རབས་བཅུ་གཉིས་བྱུང་།འདི་ནས་དཔོན་ཐོབ་ཀྱི་རྒྱུན་ཆད།” (29) ཅེས་གསུངས། རྒྱ་ཡིག་ཡིག་ཚང་གཞན་ལས་འཇིགས་བྲལ་ནི་རྒྱལ་མཚན་གླང་ཆེན་གྱི་སྲས་ཡིན་པར་བསྟན་འདུག་མོད། འོན་ཀྱང་འཇིགས་བྲལ་གྱི་སྐུ་པར་དང་འཁྲུངས་དུས་སོགས་ལ་དཔག་ན་ཁོང་ནི་རྒྱལ་མཚན་གླང་ཆེན་གྱི་སྲས་རྒྱལ་མཚན་བདེ་ཆེན་གྱི་སྲས་ཡིན་པར་གསལ་ལོ།།
(14) རྒྱལ་མཚན་དབང་རྒྱལ་(包包旺吉,汉名;甲联芳) ནི། འཇིགས་བྲལ་གྱི་བཙུན་མོ་དངོས་ཀྱི་སྲས་ཡིན།རྒྱལ་ས་དར་མདོ་ནས་སྐུ་འཁྲུངས། ཡབ་སྐུ་གཤེགས་རྗེས་ཁོང་གིས་རྒྱལ་ས་བཟུང་། ཁོང་ལྕགས་ལའི་རྒྱལ་སྲས་ཡིན་པས། གོ་མིན་ཏང་གིས་ཁོང་ལ་མཐོང་ཆེན་བྱས་ཏེ་དམག་དོན་སློབ་གྲྭར་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་བྱིན། སློབ་མཐར་ཕྱིན་ནས་ཕྱིར་དར་མདོར་ཕེབས། དེ་ནས་འབྲོང་པའི་རྒྱལ་ས་འཛིན་པར་ཕེབས། ཧུང་ཡོས་ཏྲིས་(冯有志)མཛད་པའི་《ལྕགས་ལ་རྒྱལ་པོ་འཇིགས་བྲལ་དང་ཁོང་གི་སྲས་གསུམ་》(《末代明正土司甲宜斋和他的三个儿子》)ལས། “འཇིགས་བྲལ་ལ་བུ་གསུམ་ཡོད། ཆེ་བ་ཕུན་ཚོགས་རྣམ་རྒྱལ། (甲联升) འབྲིང་བ་ལྕགས་ལེན་ཁུ།(甲联科)ཆུང་བ་རྒྱལ་མཚན་དབང་རྒྱལ།(甲联芳) སྲས་ཆེ་བ་ཆུང་དུས་ནས་མི་ཉག་གི་འབྲོག་ཁུལ་དུ་བཞུགས། སྲས་འབྲིང་བ་དང་ཆུང་བ་གཉིས་ཀྱིས་དར་མདོའི་སློབ་ཆུང་ནས་རྒྱ་ཡིག་སྦྱངས། སྤྱི་ལོ་1925ལོར་ཁོང་རྣམ་གཉིས་གཡག་རྔ་ལ་སློབ་སྦྱོང་དུ་ཕེབས། སྲས་འབྲིང་བས་སྲིད་དོན་སྦྱངས། སྦྱོང་ཡུན་ལོ་གཅིག་ཡིན། འོན་ཀྱང་གཡག་རྔ་ནས་ས་ཆུ་མ་འཕྲོད་པཔ་སྐུ་གཤེགས། བུ་ཆུང་བ་རྒྱལ་མཚན་དབང་རྒྱལ་གྱིས་དམག་དོན་སྦྱངས། སྦྱོང་ཡུན་ལོ་གཉིས་ཡིན། སྤྱི་ལོ་1927ལོར་ཕྱིར་དར་མདོར་ཕེབས་ནས་བཞུགས། སྐབས་དེར་དམུ་ཕྱིའམ་འབྲོང་པ་རྒྱལ་པོ་ཚང་ལ་བུ་མོ་ཞིག་ལས་མེད་པས། ས་གནས་དེའི་དཔོན་ཞིག་གིས་འབྲོང་པའི་སྲིད་དབང་ལ་ངོ་རྒོལ་བྱས། འབྲོང་པ་ཚང་གིས་རྒྱལ་མཚན་དབང་རྒྱལ་ལ་འབྲོང་པའི་སྲིད་དབང་འཛིན་པར་ཕེབས་རྒྱུའི་རེ་བ་བཏོན། འབྲོང་པའི་སྲིད་དབང་ལ་བཅོས་བསྒྱུར་མ་བྱུང་བས་སྔར་ལྟར་གནས་ཤིང་། ལྕགས་ལའི་སྲིད་དབང་བསྒྱུར་བཅོས་བྱས་ཟིན་པས། ཁོང་འབྲོང་པའི་རྒྱལ་སྲིད་འཛིན་སར་ཕེབས། ས་གནས་ཀྱི་ངོ་རྒོལ་པ་དག་དྲག་གནོན་མཛད། འོན་ཀྱང་མཚན་མོ་ཞིག་ལ་ས་གནས་ཀྱི་ངོ་རྒོལ་པ་དག་གིས་རྒྱལ་པོའི་ཕོ་བྲང་བསྐོར་ཏེ་གྱེན་ལང་བྱེད་སྐབས་མདའ་ཡིས་ཕོག་ནས་སྐུ་གཤེགས།” (30) ཞེས་གསུངས། ཁོང་གིས་རྒྱལ་རོང་བྲག་སྟེང་རྒྱལ་པོའི་སྲས་མོ་བསོད་ནམས་གཡང་འཛོམས་ཁབ་ཏུ་བཞེས། ཁོང་གཉིས་ལ་མེ་སྟག་སྤྱི་ལོ་1926ལོར་སྲས་མོ་ཚེ་དབང་སྒྲོལ་མ་འཁྲུངས་སོ།།
(15) ཕུན་ཚོགས་རྣམ་རྒྱལ་(甲联升)ནི། རབ་བྱུང་བཅོ་ལྔ་པ་ས་བྱི་སྤྱི་ལོ་1888ལོར་མི་ཉག་སྐྱ་ཀེའི་རྫ་རི་ཁུག་པ་ཉག་ར་ཚང་གི་ཁྱིམ་དུ་སྐྱེས། འཇིགས་བྲལ་གྱི་བུ་ཡིན། ཁྱིམ་ཚང་དེ་ལྕགས་ལའི་མངའ་འོག་གི་དུད་ཚང་ཞིག་ཡིན། བྱིས་པའི་དུས་བོད་ཡིག་འབྲི་ཀློག་སོགས་ལ་བསླབས། དེ་ནས་སྡེ་དགེ་དགོན་ཆེན་དུ་ཕེབས་ནས་གསོ་བ་རིག་པར་སྦྱངས་ཏེ་གསོ་རིག་ལ་མཁས་པར་གྱུར། འཇིགས་བྲལ་གྱི་བུ་གཉིས་པོ་སྔ་ཕྱིར་སྐུ་གཤེགས། ལྕགས་ལའི་རྒྱལ་རྒྱུད་འཛིན་མཁན་གྱི་བུ་མེད་པས། ཁོང་དར་མདོར་གདན་དྲངས། སྤུན་རྒྱལ་མཚན་དབང་རྒྱལ་(甲联芳)གྱི་བཙུན་མོ་བསོད་ནམས་གཡང་འཛོམས་དེ་ཉིད་ཁོང་གི་བཙུན་མོའི་སྐལ་བ་བྱས།ཁོང་གཉིས་ལ་སྲས་གཅིག་དང་སྲས་མོ་གཅིག་འཁྲུངས།དགུང་ལོ་དྲུག་ཅུ་རེ་བརྒྱད་རབ་བྱུང་བཅུ་དྲུག་པ་ཤིང་ལུག་སྤྱི་ལོ་1955ལོར་དར་མདོར་སྐུ་གཤེགས་སོ།།
(16) པདྨ་རྒྱལ་མཚན་དཔལ་གྱི་དབང་ཕྱུག་གམ་ལྕགས་ལ་རྒྱལ་མཚན་ནི། གོང་སྨོས་ལྟར་ཕུན་ཚོགས་རྣམ་རྒྱལ་དང་བསོད་ནམས་གཡང་འཛོམས་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པ་ལྕགས་རྟ་སྤྱི་ལོ་1930ལོར་དར་མདོར་འཁྲུངས།དགུང་ལོ་བདུན་ཅུ་དོན་དགུ་སྟེ་རབ་བྱུང་བཅུ་བདུན་པ་ས་བྱི་སྤྱི་ལོ་2008ལོའི་ཟླ་བ་12པའི་ཚེས་24ཆུ་ཚོད་23དང་སྐར་མ་26སྟེང་ཁྲིན་ཏུའུའི་སྨན་ཁང་ཞིག་ནས་སྐུ་གཤེགས།དེའང་ཁོང་གིས་ཡབ་ཀྱི་དྲུང་ནས་གསོ་རིག་སྦྱངས་ཤིང་།གཞན་རྒྱ་ཡིག་སོགས་ལའང་སློབ་གཉེར་མཛད་འདུག འགུ་ཐང་རྒྱལ་པོའི་སྲས་མོ་ཁབ་ཏུ་བཞེས་ཏེ། སྲས་གཅིག་འཁྲུངས། འོན་ཀྱང་59ལོའི་དུས་འཁྲུགས་ཁྲོད་བཙུན་མོ་དང་སྲས་བཅས་སྐུ་བཀྲོངས། དེ་ནས་ཁོང་གིས་དར་མདོ་ཚེར་མ་ཐང་གི་འབྲོག་པ་ཞིག་གི་བུ་མོ་སྐལ་བཟང་སྒྲོན་མ་ཁབ་ཏུ་བཞེས། ཁོང་གཉིས་ལ་སྲས་མོ་གཉིས་འཁྲུངས། སྲས་མོ་ཆེ་བ་ལྕགས་ལྕགས་ནི་ཤིང་འབྲུག་སྤྱི་ལོ་1964ལོ་འཁྲུངས། སྲས་མོ་ཆུང་བ་བདེ་ཆེན་དབང་མོ་ནི་ས་བྱ་སྤྱི་ལོ་1969ལོར་འཁྲུངས་པའོ།། འདི་ནས་བཟུང་ལྕགས་ལ་རྒྱལ་པོ་ཞེས་པའི་མཚན་དེའི་རྒྱུད་འཛིན་གནས་སྐབས་མཇུག་རྫོགས་པའོ།།
མཆན་འགྲེལ།
①《སྐལ་བཟང་བདུད་འདུལ་གྱི་རང་རྣམ》 འབའ་གྲུ་པ་དགོན་པའི་ཤིང་པར་མ། p.4
②《འབོ་གངས་དཀར་སྤྲུལ་སྐུའི་རྣམ་ཐར་དད་པའི་པད་ཚལ》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1997ལོའི་ཟླ་བ་6པ། p.14
③《藏族通史吉祥宝瓶》 西藏人民出版社, 2001年出版,第43页。
④《གཡུ་ཐོག་གསར་རྙིང་གི་རྣམ་ཐར》 མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་བ་7པ། p.268
⑤《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1988ལོའི་ཟླ་བ་3པ། p. 444
⑥《ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་སྙེ་མ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1989ལོའི་ཟླ་བ་6པ། p.796
⑦《雅州府志》,中华民国五十六年六月二十五日成文出版社,第272页。
⑧《康定县志》四川辞书出版社,1995年出版,第424页。
⑨《ཤར་པ་ཆོས་འབྱུང་དང་མེས་རབས》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ་2003ལོའི་ཟླ་བ་9པ། p.132
⑩《ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས》 དེབ་གསུམ་པ། སྤྱི་ལོ་1999ལོར་པར་དུ་སྐྲུན། (ནང་ཁུལ་རྒྱུ་ཆ) p.44
⑾《康定县志》四川辞书出版社,1995年出版,第424页、第424页。
⑿《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2005ལོའི་ཟླ་བ་9པ། p.117
⒀⒁《康定县志》四川辞书出版社,1995年出版,第424页、第424页、第424页。
⒂《རྣམ་ཐར་གཞན་ལ་ཕན་པའི་ཉི་མའི་འོད་ཟེར》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2005ལོའི་ཟླ་བ་9པ། p.185
⒃⒄《康定县志》四川辞书出版社,1995年出版,第424页、第424页。
⒅⒆《康定县志》四川辞书出版社,1995年出版,第424页、第424页。
⒇(21)《康定县志》四川辞书出版社,1995年出版,第424页、第424页。
(22)(23)《康定县志》四川辞书出版社,1995年出版,第424页、第424页。
(24)《དགའ་བཞི་བའི་རྣམ་ཐར།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། སྤྱི་ལོ་1988ལོའི་ཟླ་བ་8པ། p.719
(25)(26)康定县志》四川辞书出版社,1995年出版,第424页、第424页。
(27)(28)(29)《康定县志》四川辞书出版社,1995年出版,第424页、第424页、第424页。
(30)《康定县文史资料选辑》,第一辑,第72页。
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1