༄༅།། བདག་གི་སྤོ་བོ་ནི་ཇི་ལྟར་ཕྱུག་པོར་གྱུར་པ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-17



ཀྲ་ཨེན་ཐེ་ནའེ་ཧྥུ་ཡིས་བརྩམས། གཡང་མོ་མཚོས་བསྒྱུར།
        བདག་གི་སྤོ་བོ་ནི་བྱམས་སྙིང་རྗེ་ཅན་ཞིག་ཡིན་མོད། འོན་ཀྱང་ཁོའི་ཀླད་པའི་རྩ་ཞིག་ཆད་ཡོད་པ་དང་འདྲ་བར་རྟག་ཏུ་ཧ་ན་ཧོན་ནེ་ཞིག་ཡིན། ངས་དངོས་གནས་རྨོ་མོས་བྱིས་པ་གཉོར་བཞིན་ཁོ་དང་མཉམ་དུ་ཚེ་གང་བོ་ཇི་ལྟར་བསྐྱལ་བ་ཡེ་ནས་མི་རྟོགས།
        ངེད་ཁྱིམ་མི་གང་བོ་ཐབས་ཆག་ཅན་གྱི་ཁང་པ་ཆུང་ངུ་ཞིག་གི་ནང་དུ་བཙིར་ནས་བསྡད་ཡོད་ལ། ཀུན་གྱི་ལུས་པོ་ནི་རྩི་ཐུར་ལྟར་སྐམ་ཞིང་རིད། བྱིས་པ་ཚོ་ཟ་མ་བཟའ་བའི་དུས་ལ་སླེབས་དུས་ནམ་ཡིན་རུང་འབོད་མི་དགོས། ངས་ནི་ཨ་མའི་ཁང་པའི་ནང་ནས་ཐུན་གཅིག་ཟ་བ་དང་། རྨོ་མོའི་ཁང་པའི་ནང་ནས་ཐུན་གཅིག་ཟ་བ། སྐབས་འགར་ད་དུང་ཁྱིམ་མཚེས་ཨ་ནེ་པེ་ཧྲ་ཚང་དུ་ཟ་རུ་ཕྱིན་པ་ཡིན།
        ང་རང་ལོ་བཅོ་ལྔའི་སྟེང་གྲོང་ཁྱེར་དུ་སོང་ནས་ལྷམ་ཚོང་ཁང་གི་དགེ་ཕྲུག་མ་བྱས་པའི་ཡར་སྔོན་དུ། ཀུ་ཤུ་སྨིན་པོ་ཡི་བྲོ་བ་ཡེ་ནས་མྱངས་མ་མྱོང་། རྒྱུ་མཚན་ནི་ང་ཚོའི་སྡེ་བ་ནས་ཀུ་ཤུ་སྨིན་པོ་མཐོང་མི་ཐུབ་སྟེ། དེ་ཡང་སྐད་ཆ་གཞན་ཞིག་ལ་བསྒྱུར་ནས་བཤད་ན། དེ་ཚོ་ནམ་ཡང་སྨིན་པའི་གོ་སྐབས་དབེན་ཏེ། ཡང་གཅིག་བཤད་ན་དེ་དག་སྨིན་རག་མ་ཆོད་པར་བྱིས་པ་ཚོའི་ཕོ་བའི་ནང་དུ་སོང་བས་ཡིན། ཀུ་ཤུ་སྔོན་པོ་ཡིན་རུང་ང་ཚོས་བཟའ་དུས་ཧ་ཅང་མངར་མོ་ཡིན་པའི་ཉམས་སྣང་སྟེར།
        དེ་ཡང་ང་རང་བྱིས་པའི་དུས་སུ། ཐེངས་ཤིག་ངས་ཟ་མ་རྒྱགས་ཆད་པ་ཞིག་ཟོས་མྱོང་སྟེ། ཨ་ནེ་པེ་ཧྲ་ཡིས་བཟའ་ཆས་སྒམ་གྱི་སྒོ་ཟྭ་རྒྱག་རྒྱུ་བརྗེད་སོང་བས། ངས་ལྐོག་ནས་སྒོ་ཕྱེས་ཏེ་དབུགས་ཐེངས་གཅིག་ལ་སྣུམ་གོར་ཉེར་གཉིས་ཟོས་སོང་། ཁྱིམ་མི་དག་གིས་དོན་དག་འདི་ནམ་ཡང་བརྗེད་མེད་ལ་བཟོད་སྒོམ་ཡང་གནང་མེད་དེ། ང་རང་ནར་སོན་རག་བར་དུ་ཚང་མ་མཉམ་འཛོམས་ཀྱི་གོ་སྐབས་ཤིག་ལྡན་ཚེ། མི་རེ་འགས་རྟག་པར་ཀུ་རེའི་ཚུལ་དུ“སྣུམ་གོར་ལ་མཉམ་འཇོག་བྱོས” ཟེར།
        སྤོ་བོ་ཕྱུག་པོར་གྱུར་དུས་ཀྱི་ཁྱིམ་ཚང་འདི་གང་བོའི་དགའ་སྤྲོའི་སེམས་ཁམས་དེ་ནི་ཁྱོད་ཚོའི་ཡིད་ལ་འཁོར་དཀའ་བ་ཞིག་ག་ལ་ཡིན། ཁོ་ནི་མེ་འཁོར་དོན་རྐྱེན་ཞིག་གི་ཁྲོད་ནས་ཁ་ལས་རླུང་རྟ་དར་བ་ཡིན་ལ། གལ་ཏེ་ཁྱོད་ཀྱང་དོན་དག་འདིའི་རིགས་ལ་འཕྲད་ནས་རྐྱེན་ལམ་དུ་མ་སོང་ན། ཁྱོད་ཀྱིས་ཀྱང་བྱས་རིན་ཡོད་པར་འདོད་ངེས། རྒྱུ་མཚན་ནི་ལྕགས་ལམ་གྱིས་གསབ་དངུལ་སྤྲོད་དགོས་པས་ཡིན། སྟབས་ལེགས་པར་སྲོག་ཉེན་ལས་ཐར་བའི་འགྲུལ་བཞུད་པ་དག་གིས་ཇི་ལྟར་བསྒྲུབ་དགོས་པ་གསལ་བོར་ངེས་ཏེ། ཁོ་ཚོ་དེ་གར་ཉལ་ནས་སྡུག་འབོད་བྱེད་པའམ་ཡང་ན་འགྲེ་ལོག་བརྒྱབ་སྟེ། སྨན་པ་དང་འགྱོགས་བྱམས་འོང་བར་བསྒུག་ངེས་ཡིན། འོན་ཀྱང་བདག་གི་སྤོ་བོ་གཅིག་པུས་དེ་ལྟར་མ་བསྒྲུབས་པ་རེད། ཁོའི་ཟས་ཀྱི་དང་ག་ཧ་ཅང་བཟང་ཞིང་། ཐ་ན་ང་ཚོའི་རྒྱལ་ཡོངས་ཀྱི་མི་གཞན་དག་བསྡོམས་པ་ལས་ཀྱང་ལྷག ཁོས་མི་ཚེ་གང་བོར་ཟས་ཐུན་གཅིག་ཀྱང་ཆད་དུ་བཅུག་མ་མྱོང་བ་དང་། ད་ལྟའང་ཆད་དུ་འཇུག་མི་འདོད་པས། འདི་འདྲའི་མེ་འཁོར་གྱི་དོན་རྐྱེན་ཆུང་ཆུང་ཞིག་གིས་ཁོས་ཟ་མ་བཟའ་བར་གེགས་ག་ལ་བྱེད་ཐུབ། ཁོས་ལག་རྟེན་སྦོམ་པོ་ཞིག་བཅད་དེ་རྐང་ཐང་དུ་ཡུལ་ལ་འགྲོ་བར་བརྩམས་ཤིང་། དུས་ཚོད་གསུམ་ཙམ་ལ་སོང་མཐར་གཞི་ནས་ཁྱིམ་ལ་སླེབས། སྐབས་དེར། མེ་འཁོར་ལ་དོན་རྐྱེན་བྱུང་བའི་གནས་ཚུལ་སྡེ་བའི་ནང་དུ་ཁྱབ་ཅིང་། གློག་འཕྲིན་ནང་དུ་ཤི་རྨས་མ་བྱུང་ཞེས་བསྒྲགས་ཡོང་།
        རྨོ་རྨོས་སྤོ་བོའི་ལུས་ཡོངས་ས་རྡུལ་གྱིས་ཁེངས་ཤིང་ངལ་དུབ་ཀྱིས་མནར་ནས་ནང་དུ་འཛུལ་ཡོང་བ་མཐོང་བའི་སྐབས་ཀྱི་གདོང་གི་རྣམ་འགྱུར་དེ་ནི་བརྗོད་ཐབས་བྲལ་བ་ཞིག་རེད། ཁོ་འཛུམ་མདངས་དང་བཅས་ཏེ་ནང་དུ་འོངས་ཤིང་ཕལ་ཆེར་འདི་འདྲའི་དོན་ཆེན་ཞིག་བྱུང་ཡང་ངས་ཕྱིར་ཡོང་ནས་ཟ་མ་བཟའ་བར་འགོར་འགྱངས་བྱས་མེད་ཅེས་ཟེར་བ་དང་ཀུན་ནས་མཚུངས། རང་གི་སྐྱེས་པར་རྨས་སྐྱོན་ཕོག་མེད་པ་མཐོང་བས་རྨོ་མོས་དབུགས་རིང་ཞིག་ལྷོད་ཀྱིས་བཏང་རྗེས་ཁོང་ཁྲོ་མེ་བཞིན་འབར་ཞིང་། དེ་མ་ཉིད་རྣམ་འགྱུར་འགྱུར་ནས། སྤོ་བོས་ཕྱུག་པོར་འགྱུར་བའི་གོ་སྐབས་ཉག་གཅིག་ཀྱང་དོར་བས། རྨོ་རྨོ་རབ་ཏུ་ཁྲོས་ཏེ་སྤོ་བོས་ཅི་ཡིན་མ་ཚོར་གོང་ལ་ཁོའི་རྐང་སྣམ་ཕུད་དེ་མལ་ཁྲིའི་ཐོག་ཏུ་མནན་ཞིང་ངོ་རྒོལ་བྱ་ལོང་ཡང་མ་བྱིན། དེའི་རྗེས་རྨོ་རྨོས་ཡང་ཁོའི་དཔྲལ་བའི་སྟེང་དུ་ལག་ཕྱིས་བརློན་པ་ཞིག་བཞག་ཅིང་། ཨ་མས་ཁྱིམ་དུ་ཡོད་པའི་སྨན་གཅིག་པུ་སྟེ་དན་ཁྲ་སྣུམ་བཙལ། སྤོ་བོ་སྐྲག་སྟེ་ངུ་འབོད་ཡང་ཡང་བྱེད་ཅིང་ཉལ་གདན་གྱིས་མགོ་བོར་དམ་པོར་བཏུམས་ནས་འདུག ཡིན་ཡང་ཨ་མས་ཁོའི་སྣ་བ་བཅིར་ཏེ་བཙན་གྱིས་སྨན་ཁ་ནང་དུ་བླུགས། དངོས་གནས་སྙིང་རྗེ་བ་ཞིག་རེད་དེ། ཁོས་དོན་གྱིས་ཟ་མ་ཞིག་ཟ་འདོད་པ་དེ་ཡིན་ཀྱང་། ཡང་ཆུང་མ་དང་བུ་མོའི་བྱ་སྤྱོད་ལ་རྒོལ་ཐབས་བྲལ།
        དན་ཁྲ་སྣུམ་བླུད་རྗེས་སུ། བྱིས་པ་ཞིག་སྨན་པ་འབོད་དུ་འགྲོ་རུ་བཅུག་ཅིང་། སྨན་པ་འོངས་ཏེ་སྤོ་བོའི་ལུས་ཡོངས་བརྟག་བཤེར་དཔྱིས་ཕྱིན་པ་ཞིག་བྱས་ལ། ཁོས་སྤོ་བོར་སྐྱོན་ཅི་ཡང་མེད་པར་རྟེན་འབྲེལ་ཞུ་རྩིས་བྱེད་སྐབས་ཨ་མས་སྐད་ཆ་བཤད་བྱུང་། ཁོ་མོས་བྲང་ཁོག་ཡར་དགྱེས་ཤིང་ལག་ཟུང་མཆན་ལ་བརྒྱབ་ནས་སྨན་པའི་མདུན་དུ་ལངས་ཏེ། ཁ་ཚོན་ཆོད་པའི་སྒོ་ནས་སྤོ་བོར་ཀླད་མཚོ་འཁྱམས་པའི་ནད་ལྕི་མོ་ཞིག་བྱུང་འདུག་ཅེས་བཤད། ཁྱིམ་མིས་བསམ་བཞིན་དུ་དེ་ལྟར་སྨྲས་པས་སྨན་པའང་ཅི་བྱ་གཏོལ་མེད་དུ་གྱུར། སྨན་པས་འུ་ཐུག་ཐབས་ཟད་ཀྱིས་ཁོ་མོ་ལ་མིག་ཞགས་ཤིག་འཕངས། ཁོས་སྔོན་ཆད་ཁོ་མོ་ལ་འབྲེལ་འདྲིས་བྱས་མྱོང་ལ་བཙན་པོ་ཞིག་ཡིན་པ་རྟོགས་པས། བློ་དང་འགལ་བར་བྱས་ནས་ཁོ་མོའི་ནང་དོན་ལྟར་མིང་རྟགས་བཀོད་ནས་ཕྱིར་ཕྱིན། དེའི་རྗེས་ངང་སྒུག་གི་དུས་ཚོད་ཀྱི་མགོ་བརྩམས་བྱུང་། བུད་མེད་གཉིས་ཀས་ཐབས་ཡོད་དགུ་བཀོལ་ནས་སྤོ་བོ་ཡར་ལངས་སུ་མི་འཇུག་པ་དང་། རྒྱུན་དུ་ཁོ་ལ་ལྕགས་ལམ་ཐོག་གི་མི་ཡོང་ན་གང་བཤད་དགོས་པ་དང་གང་བཤད་མི་དགོས་པ་བཅོལ་གདམས་བྱེད་ཅིང་། སྤོ་བོས་ནམ་ཡང་མགོ་བོ་ལྡེམ་ནས་ཡ་ལན་སྟེར་ཞིང་ཁོ་ཚོར་རམ་འདེགས་བྱེད་པར་ཁས་བླངས། འོན་ཀྱང་སུ་ཞིག་ལ་མི་གསོན་པོ་དེ་འདྲ་ཞིག་རྒྱུན་ཏུ་ཉལ་ནས་ཡར་ལངས་སུ་མི་འཇུག་པའི་ཐབས་མཆིས་སམ། མོ་གཉིས་ཏབ་ཅིག་ལ་མེད་ཚེ་ཁོ་རང་ལྐོག་ནས་ཡར་ལངས་པས། མོ་གཉིས་དངོས་གནས་ཅི་བྱ་གཏོལ་མེད་དུ་གྱུར་དུས་ཁོའི་རྐང་སྣམ་སྦ་བར་བྱེད་ལ། དེའི་ཚེ་ཁོས་ཐབས་བཀོལ་ནས་ང་ཚོའི་ཁྲོད་ཀྱི་བྱིས་པ་ག་གེ་མོ་ཞིག་ལ་ཕན་འབྲས་ཆུང་ངུ་རེ་བྱིན་ཏེ་རྐང་སྣམ་འཁྱེར་ནས་ཡོང་དུ་འཇུག་པ་ཡིན། གང་ལྟར་ཁོས་ཐབས་སྣ་ཚོགས་འཐེན་ཏེ་ཡར་ལངས་པ་རེད།
        ཉིན་ཞིག་ལ། ཁོ་རང་མལ་ཁྲིའི་སྟེང་གན་རྐྱལ་དུ་ལོག་མེད་པའི་སྐབས་སུ། ཕྱི་རོལ་ནས་འུར་ལོང་ལོང་བྱས་པས་ང་ཚོས་དྲ་མའི་ནང་ནས་ལྐོག་ལྟ་ཞིག་བྱས་པ་ན། ལྕགས་ལམ་ནས་མངགས་པའི་བརྟག་བཤེར་མི་སྣ་ངེད་ཚང་གི་ཕྱོགས་སུ་ཡོང་བ་དང་། རྗེས་སུ་ད་དུང་གནས་ཚུལ་ཕག་ཉན་བྱེད་འདོད་པའི་སྡེ་མི་སྐོར་ཞིག་ཀྱང་འོངས་བཞིན་པ་མཐོང་། མོ་གཉིས་བློང་བློང་པོས་སྤོ་བོ་མལ་ཁྲིའི་ཐོག་མནན་ཞིང་རྐང་སྣམ་དང་ལྷམ་སོགས་ཀྱང་ཕྱིར་བསྐྱལ་ལ། མལ་ཐུལ་ཁོའི་མ་ནེའི་མཚམས་སུ་བཀབ་ཅིང་། དན་ཁྲ་སྣུམ་མལ་ཁྲིའི་འགྲམ་གྱི་མཐོང་སླ་ས་ཞིག་ཏུ་བཞག་ནས་ཕྱི་རོལ་ཏུ་བརྟག་བཤེར་མཁན་དེ་དག་བསུ་རུ་སོང་།
        སྤོ་བོའི་བློ་ངོར་རྨོ་མོ་དང་ཨ་མས་རྒྱུན་དུ་བཅོལ་གདམས་བྱས་པའི་སྐད་ཆ་དག་ཉི་རྗེས་ཀྱི་སྨུག་པ་ནང་བཞིན་ཡལ་བར་གྱུར་ཏེ། ཁོས་འཛུམ་མདངས་དང་བཅས་སྐུ་མགྲོན་ལ་ངོ་བསྟོད་ཚད་མེད་གནང་བ་དང་། ཁོ་ཚོ་དང་ལྷན་དུ་ཁ་བརྡ་གློད་ཅིང་བཤད་མཚམས་མི་འཇོག་པ་དང་། མཐར་ལྕགས་ལམ་སྨན་པས་གླགས་དང་བསྟུན་ནས་ཁོའི་གང་ཞིག་ལ་རྨས་ཕོག་འདུག་ཅེས་འདྲི་དུས། ཨ་མས་རང་ཉིད་ཀྱི་མགོ་བོས་ཁོ་ལ་སྣེ་སྟོན་བྱེད་གང་ཐུབ་བྱས་མོད། སྤོ་བོས་འཛུམ་དམུལ་དམུལ་གྱིས“ཨ། ང་ལ་སྐྱོན་སྤུ་ཙམ་ཡང་མེད་དེ་ཁྱོད་ཚོས་ང་ལ་སྒོར་ཁྲི་བཅུ་བྱིན་རུང་སྟོང་ཟད་དུ་བཏང་བ་མ་ཡིན་ནམ”ཟེར།
        ཨ་མ་དེ་མུར་བརྒྱལ་ཞིང་རྨོ་རྨོ་ཡང་སྨྱོས་པ་ལྟར་སྐད་ཅོར་རྒྱག་བཞིན་ཕྱི་རོལ་ཏུ་བརྒྱུགས་སོང་། བརྟག་བཤེར་དུ་འོངས་པའི་མི་ཀུན་བགད་དེ་འགྲེ་ལོག་རྒྱག་བཞིན་འདུག་ལ། ཁོ་ཚོ་བགད་ཚར་རྗེས་སྙིང་རྗེ་བའི་ཨ་མའི་དབུགས་ཀྱང་སོས་པར་གྱུར། ལྕགས་ལམ་ཕྱོགས་ཀྱིས་སྤོ་བོར་སྒོར་ལྔ་སྟོང་ལྷག་བྱིན་ཞིང་ཁོ་རང་སྡེ་བའི་ནང་གི་ཆེས་ཕྱུག་པོར་གྱུར་དུ་བཅུག
        འོན་ཀྱང་སྤོ་བོ་ཚེ་ལས་འདས་པའི་ཉིན་དེར་ཡང་ཁོ་ཚོས་ཅིའི་ཕྱིར་ཁོ་ལ་སྒོར་དེ་འདྲ་མང་པོ་ཞིག་སྟེར་དགོས་པའི་རྒྱུ་མཚན་མ་རྟོགས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1