སེར་ཤུལ་རྫོང་དུ་ཕྱུག་པོའི་གཞུང་ལམ་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-18


     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་བཀྲ་ཤིས་ཁའི་རྩྭ་ཐང་ཐོག་བཙན་མདའ་ཤང་ཕུ་མ་གྲོང་ཚོའི་འབྲོག་པ་རྒྱལ་མཚན་དང་ཁྱིམ་མིས་ཞོགས་པ་སྔ་པོ་ནས་ཟོམ་འཁྱེར་ཏེ་བ་ཚང་དུ་བསྐྱོད་ནས་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས། 
     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་མཚན་སྡོད་སའི་བཙན་མདའ་ཤང་ཕུ་མ་གྲོང་ཚོ་དང་བཙན་མདའ་ཤང་བར་སྤྱི་ལེ་40ཙམ་ཡོད་ཅིང་། དེ་སྔ་བཙན་མདའ་ཤང་ནས་རྫོང་གྲོང་བར་ལམ་གཉིས་ཡོད་པ་ནས་གཅིག་ནི་སྤྱི་ལེ་120ཡོད་པའི་ལོ་ཤུན་གྲོང་རྡལ་ནས་རྫོང་གྲོང་བར་གྱི་ལམ་དང་། གཅིག་ཤོས་ནི་སྤྱི་ལེ་240ཡོད་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་བསྐོར་ཏེ་རྫོང་གྲོང་དུ་འབྱོར་ཐུབ་པའི་གཞུང་ལམ་རེད། ལམ་དེ་གཉིས་འབྲི་ཆུའི་ངོགས་ཀྱི་རི་རྩེར་བསྐྲུན་པའི་གཡང་གཟར་གྱི་ས་རྡོའི་ལམ་བརྒྱུད་དགོས་ཀྱི་ཡོད། 
     “དེ་སྔ་ལམ་ཡག་པོ་མེད་སྟབས། འོ་མ་རང་ཉིད་ཀྱིས་སྤྱོད་ཀྱི་ཡོད། མང་ཆེ་བ་མ་བཙོང་གོང་ཤི་འགྲོ་གི་འདུག”ཅེས་དེ་སྔ་འགྲིམ་འགྲུལ་སྟབས་བདེ་མེད་པའི་གནས་ཚུལ་དག་གྲོང་མི་རྒྱལ་མཚན་གྱི་བསམ་བློར་འཁོར་བཞིན་དེ་ལྟར་བརྗོད། གྲོང་མི་ཕྱིར་བསྐྱོད་རྒྱུ་དང་རྫོང་གྲོང་དུ་གཞུང་དོན་སྒྲུབ་པར་སྐྱོད་རྒྱུ་སོགས་ལ་དཀའ་ངལ་འཕྲད་ཀྱི་ཡོད་ལ། ཞིང་ཞོར་ཐོན་ཟོག་ཕྱིར་ཚོང་བྱེད་རྒྱུ་དེ་བས་སྤྲོས་བྲལ་རེད། 
     “ད་ཆ་ལམ་ཡག་པོ་ཡོད། ང་ཚོའི་གྲོང་ཚོ་རྫོང་གྲོང་དང་བར་ཐག་རིང་ཙམ་གྱི་ཡོད་ནའང་། གཞུང་ལམ་གསར་པ་བཟོས་པས་ད་ཆ་ཆུ་ཚོད་གཉིས་ནང་རྫོང་གྲོང་དུ་སླེབས་ཀྱི་ཡོད་ལ་འོ་མ་དང་། མར། ཞོ་བཅས་བྲིན་ཁ་རྒྱུག་པོ་འདུག”ཅེས་ད་ཆ་འགྲིམ་འགྲུལ་ལེགས་སུ་ཕྱིན་པའི་སྐོར་བརྗོད། 
     རྒྱལ་མཚན་གྱིས་བརྗོད་པའི་གཞུང་ལམ་གསར་པ་དེ་ནི་2018ལོར་བསྐྲུན་པ་ཞིག་ཡིན་ཞིང་། ཟླ་9པར་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་སེར་ཤུལ་རྫོང་ནུབ་ཁུལ་སྡེ་གཞུང་མ་ཤང་མཚོ་ཁྲ་གྲོང་ཚོའི་གྲོང་ཚོ་ཀུན་ཁྱབ་ཀྱི་ལས་གྲྭ་ཞིག་རེད། 
     ད་ཆ་སེར་ཤུལ་དུ་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་3095དང། ཤང་ཚང་མར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་265.9 གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི་མཁྲེགས་ལམ་སྤྱི་ལེ་1350.7བཅས་ཟིན་ཡོད། 2018ལོར་སེར་ཤུལ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་17.3བཏང་བ་དང་ལོ་དེའི་ཟླ་9པར་སྡེ་གཞུང་མ་ཤང་མཚོ་ཁྲ་གྲོང་ཚོའི་གྲོང་ཚོ་ཀུན་ཁྱབ་ཀྱི་ལས་གྲྭ་ཚུད་པའི་གྲོང་ཚོ་105ཡི་ལམ་ཚད་སྤྱི་ལེ་2404.2ཟིན་ནས་2019ལོར་གྲོང་ཚོ་ཚང་མར་ཤར་གཏོང་ཐུབ་པའི་རྣམ་གྲངས་སྔ་སྣུར་དུ་ལག་བསྟར་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1