སྡེ་བར་ཁ་ཞེ་མེད་པར་བསྡད།། སྡེ་དམངས་སེམས་པ་མགུ་བར་བྱེད།།

ཚུལ་ཁྲིམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-18


འཛམ་ཐང་རྫོང་རྫོང་མདའ་ཡུལ་ཚོའི་བཀྲ་སྐོར་སྡེ་བའི་ཧྲུའུ་ཅི་དང་པོ་ཧྥང་དབྱིན་གྱི་གནས་ཚུལ་རགས་བཀོད།
       2015ལོའི་ཟླ9པར། འཛམ་ཐང་རྫོང་སྤྱི་བདེ་ཅུས་ཀྱི་ཆབ་སྲིད་ལས་ཀའི་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རེན་གཞོན་པ་ཧྥང་དབྱིན་རྫོང་མདའ་ཡུལ་ཚོའི་བཀྲ་སྐོར་སྡེ་བར་ཧྲུའུ་ཅི་དང་པོའི་ལས་འགན་ཁུར་དུ་མངགས། འདས་པའི་ལོ་ངོ་གསུམ་གྱི་རིང་དུ། དེ་གའི་མང་ཚོགས་རྣམས་ཀྱིས་ཁོ་ལ་ཉེན་རྟོག་པ་ཞེས་འབོད་ཅིང་། སྔར་དཔལ་འབྱོར་གྱིས་ཤིན་ཏུ་དབུལ་བའི་བཀྲ་སྐོར་སྡེ་བ་ཧྲུའུ་ཅི་ཧྥང་དབྱིན་གྱི་སྣེ་ཁྲིད་ལ་བརྟེན་ཏེ། མང་ཚོགས་ཀྱི་འཚོ་བ་ཡར་ངོའི་ཟླ་བཞིན་ཇེ་བཟང་དུ་འགྱུར་བཞིན་འདུག
        2019ལོའི་ཟླ4པའི་ཚེས22ཉིན། སི་ཁྲོན་ཞིང་ཆེན་གྱི་ཧྲུའུ་ཅི་དང་པོ་ཕུལ་བྱུང་གི་འོས་མིར་གཟེངས་བསྟོད་བྱེད་པའི་མིང་ཡིག་བཀྲམ་པ་དང་། ཞིང་ཆེན་ཡོངས་སུ་ཧྲུའུ་ཅི་དང་པོ་ཕུལ་དུ་བྱུང་བ550བདམ་པའི་ཁྲོད་དུ་བཀྲ་སྐོར་སྡེ་བའི་ཧྲུའུ་ཅི་དང་པོ་ཧྥང་དབྱིན་གྱི་མིང་ཡོད། གཟེངས་བསྟོད་དེ་ཁོར་རང་དགར་ཐོབ་པ་ཞིག་མ་ཡིན་པར་ལོ་ངོ་གསུམ་གྱི་རིང་ལ་འབད་པ་ལྷོད་མེད་བྱས་པའི་འབྲས་བུར་ཐོབ་པ་རེད།


སེམས་ཡིད་རྣལ་དུ་ཕབ་སྟེ། ཁྱིམ་ཚང་རེ་རེར་འཚམས་འདྲིར་འགྲོ།

       ལུས་ལ་ཉེན་རྟོག་པའི་ལྭ་བ་སྔོན་པོ་ཞིག་གྱོན་འདུག་པ་དང་། བྱ་བ་གང་ཡིན་ལ་གཟབ་ནན་ཆེ་ཞིང་། དུས་རྒྱུན་སྨྲ་བ་ཉུང་ལ་ངོ་ལ་འཛུམ་མདངས་ཀྱིས་དབུལ་བ་ཞིག་རེད། སྐད་ཆ་འདི་ཧྥང་དབྱིན་གྱིས་བཀྲ་སྐོར་སྡེ་བའི་མང་ཚོགས་རྣམས་ལ་བཞག་པའི་ཐོག་མའི་བག་ཆགས་ཡིན་འདུག་ལ། དང་ཐོག་མང་ཚོགས་ཚང་མ་ཁོ་ལ་དེ་འདྲ་བཅར་མི་ཕོད་ལ། བར་ཐག་ཀྱང་རིང་པོ་འཇོག་བཞིན་འདུག་པས། དེས་ཁོས་ལས་དོན་བསྒྲུབ་པར་དཀའ་ཁག་མང་པོ་བཟོས།  དེའི་ཕྱིར། གལ་ཏེ་མང་ཚོགས་ཀྱི་དགའ་བསུ་མི་ཐོབ་ལ། མང་ཚོགས་དང་བར་ཐག་ཉེ་བ་ཞིག་མ་འོངས་ཚེ། མང་ཚོགས་ཀྱི་སྣེ་ཁྲིད་ནས་དབུལ་བྲལ་ཕྱུག་འགྱུར་བྱ་རྒྱུ་ཕར་ཞོག  རྩ་བའི་ལས་ཀ་ཙམ་ཡང་བསྒྲུབ་དཀའ་བར་འདུག་པས། ངེས་པར་མང་ཚོགས་དང་སེམས་པ་འོ་ཆུ་འདྲེས་པ་ལྟ་བུ་ཞིག་འོང་པར་འབད་པ་དགོས་པའི་ངེས་ཤེས་ཟབ་མོ་སྐྱེས།
        དེ་བས། ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་རྣམས་ཁྱིམ་ཚང་རེ་རེར་འཚམས་འདྲིར་སོང་པ་དང་། ཁྱིམ་ཚང་དབུལ་བོའི་གྲས་སུ་འཇོག་འོས་མིན་ལ་གསར་དུ་ཞིབ་འཇུག་བྱས་ཀྱིས་བསྐྱར་དུ་དཔང་ཡིག་ར་སྤྲོད་བྱས། ཟླ་བ3གྱི་དུས་ཡུན་དུ། ཁོ་ཚོ་འབྲོག་ཁུལ་དུ་ཟབ་ཞུགས་བྱས་ཤིང་། མང་ཚོགས1500ལྷག་ལ་འཚམས་འདྲི་བྱས་པར་མ་ཟད། ཁྱིམ་ཚང་དབུལ་བོའི་ཡིག་ཚགས་དག་ལའང་ཡང་བསྐྱར་ཞིབ་བསྡུར་དང་། ཡང་བསྐྱར་གནད་དུ་ཁེལ་བར་བྱས་ཏེ། དེ་དག་ལ་གློག་རྡུལ་ཡིག་ཚགས་བཟོས་པར་མ་ཟད། ཁྱིམ་ཚང་དབུལ་བོའི་གྲས་སུ་འཇོག་མི་འོས་པའི་ཁྱིམ་ཚང3ཕྱིར་ཕུད་པ་དང་། དེའི་ཚབ་ཏུ་དབུལ་བོ་ཡིན་ཤག་གི་ཁྱིམ་ཚང3ཡར་བཞག་སྟེ། དབུལ་སྐྱོར་གནད་དུ་ཁེལ་བར་བྱས་འདུག
         སྡེ་བའི་མང་ཚོགས་རྣམས་དང་ཟླ་བ3ལྷག་འབྲེལ་འདྲིས་བྱས་པས། མང་ཚོགས་ཀྱིས་ད་གཟོད་ཕར་བལྟས་ན་ཁ་ཡང་ཆེན་པོ་མི་གྲག་པའི་ཉེན་རྟོག་པ་འདི་དོན་དངོས་སུ་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་ཞུ་བསྒྲུབ་པར་འབད་མཁན་ཞིག་ཡིན་པར་ཤེས།
ང་ཆེ་ང་བཙན་གྱི་ཆེ་བ་ཤར་དུ་གཡུགས་ཏེ། མང་ཚོགས་ལ་ཞབས་ཞུ་སྒྲུབས།
      བཀྲ་སྐོར་སྡེ་བའི་མང་ཚོགས་རྣམས་ཀྱིས་ནོར་འཚོ་བ་དང་། སྨན་རྩྭ་རྐོ་བ་ཙམ་གྱི་ཡོང་འབབ་ལ་བརྟེན་ཏེ་འཚོ་བ་སྐྱེལ་བཞིན་ཡོད་པས། དཔལ་འབྱོང་གྱི་ཡོང་སྒོ་ཤིན་ཏུ་ཉུང་། སྡེ་བ་ཡོངས་ལ་ཁྱིམ་ཚང139ཡོད་པ་དང་། མི520ཡོད་ལ། དེའི་ནང་གི་ཁྱིམ་ཚང34དང་མི139དེ་དབུལ་བོ་ཁོ་ན་ཡིན།  ལོ་ངོ་གསུམ་གྱི་རིང་དུ། ཧྥང་དབྱིན་དང་ལས་སྒྲུབ་ཚོ་ཆུང་གིས་ལྡུམ་ཚལ་འདེབས་པ་དང་། ཁྱིམ་འབྲེལ་གྱིས་ནོར་འཚོ་བ་སོགས་དབུལ་བྲལ་ཐུབ་པའི་ཐབས་ཤེས་མང་པོ་ཞིག་དྲན་ནའང་། སྡེ་བའི་མང་ཚོགས་ཀྱི་བསམ་བློར་རྗེས་ལུས་ཐེབས་པས། གཅིག་ཀྱང་བསྒྲུབ་མ་ཐུབ་པར་ལུས། དེའི་ཕྱིར། ཧྥང་དབྱིན་གྱི་སེམས་སུ་གལ་ཏེ་མང་ཚོགས་རྣམས་དབུལ་བྲལ་བྱ་དགོས་ན། ཐོག་མར་ཁོ་ཚོའི་བསམ་པའི་འདུ་ཤེས་བསྒྱུར་རྒྱུ་གནད་རྩ་ཡིན་པར་ཤེས།
       ལོ་ངོ10ལྷག་གི་རིང་ལ་གཞི་རིམ་ནས་བྱ་བ་བསྒྲུབས་མྱོང་བའི་ཧྥང་དབྱིན་ལ་མཚོན་ན། དབུལ་བྲལ་གནད་སྒྲོལ་གྱི་ཕྱོགས་སུ་ལག་གསར་ལྟ་བུ་ཡིན་ནའང་། གཞི་རིམ་གྱི་ལས་ཀར་ཆ་ཡོད་རྒྱུས་ཡོད་ཅན་ཡིན་ཟེར་ནའང་མི་ཆོག་པ་ཅི་ལ་ཡོད་དེ། ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་རྣམས་མང་ཚོགས་དང་མཉམ་ཟ་མཉམ་འཐུང་ཡིན་ལ། མཉམ་དུ་ཞག་ལ་བསྡད་པ་དང་། མཉམ་དུ་ལས་ཀ་བྱེད་བཞིན་འདུག་ལ། མཚན་མོའི་སློབ་གྲྭ་སྟེ། བཞི་བཟང་སྡེ་བ་དང་། གཅིག་དྲུག་གི་ལས་ཀ་སྒྲུབ་པ་སོགས་ཀྱི་བྱེད་སྒོ་བསྒྲུབས་ཏེ། ཁྱིམ་ཚང་དབུལ་བོ་རྣམས་དང་འབྲེལ་འདྲིས་བྱེད་པའི་སྟེགས་བུ་བཟོས།
       ཐབས་ཤེས་སྣ་ཚོགས་སྤྱད་དེ། ལོ་རེ་བཞིན་ཁྱིམ་ཚང་ཆེས་ལེགས་པོ་རེ་བདམ་ཞིང་། ཡོང་འབབ་ཇེ་མང་དུ་འགྲོ་བར་འབད་པ་དང་། སྡེ་ཁྲིམས་དང་དམངས་ཁྲིམས་བརྩི་ལ། ཁྱིམ་གྱི་ཁོ་ར་ཁོར་ཡུག་ཀུན་ལ་གཙང་སྦྲ་བཟང་བའི་ཁྱིམ་ཚང་དབུལ་པོ་རྣམས་ལ་གཟེངས་བསྟོད་ཀྱིས་སྐུལ་མ་བྱས། དེ་ལྟར་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཐབས་ཤེས་སྣ་ཚོགས་སྤྱད་པས། སྡེ་བ་དེའི་མང་ཚོགས་རྣམས་ཀྱི་བསམ་བློར་རིམ་གྱིས་འགྱུར་ལྡོག་ཐེབས།
         སྡེ་བ་དེའི་མང་ཚོགས་མགོན་པོ་བྱ་བར་མཚོན་ནའང་། སྔར་བྱ་བ་གང་ཡང་མི་བསྒྲུབས་པར་རང་དགར་འཁྱར་ཉུལ་ཁོ་ནས་དུས་འདའ་བ་ཞིག་ཡིན་ནའང་། ཧྥང་དབྱིན་སྡེ་བ་དེར་ཐོན་པའི་དུས་ཐོག་མ་ཉིད་ནས་ལེ་ལོའི་དབང་དུ་གྱུར་པའི་མགོན་པོ་ངོ་ཤེས་པར་གྱུར་པ་དང་། དེ་ནས་མགོན་པོའི་ཁྱིམ་དུ་བལྟར་སོང་པར་མ་ཟད། ཁྱིམ་གཞིས་ཀྱང་རྒྱུ་ནོར་གྱིས་ཤིན་ཏུ་དབུལ་བ་ཞིག་ཡིན་པར་ཤེས་ཏེ། ཁོར་རྒྱུ་འབྱོར་གྱིས་དབུལ་བར་སྐྲག་དགོས་དོན་མེད། ད་ལྟ་སྲིད་ཇུས་བཟང་པོ་ཡོད་པས། རང་ཉིད་ཀྱིས་རང་གི་འཚོ་བའི་དོན་དུ་འབད་པ་བྱས། ལེ་ལོ་སྒྱིད་ལུག་གི་དབང་དུ་མ་སོང་ན། འཚོ་བ་བཟང་པོར་ལོངས་སྤྱོད་ཐུབ་པར་དཀའ་ཁག་ཅི་ཡོད་ཅེས་ཡང་ནས་བསྐྱར་དུ་སློབ་གསོ་བྱས་པར་མ་ཟད། ལས་སྒྲུབ་ཚོ་ཆུང་གི་བཀོད་སྒྲིག་འོག་ཏུ་ཁོ་རང་ཡུལ་ཚོའི་ནང་དུ་ལས་གླ་བྱེད་པར་ཁྲིད། དེ་ལྟར་ཧྲུའུ་ཅི་ཧྥང་དབྱིན་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་ཚོའི་སྣེ་ཁྲིད་དང་། ཁོ་རང་ཉིད་ཀྱི་འབད་པར་བརྟེན་ཏེ། ཁྱིམ་ཚང་དབུལ་བོ་གནས་ནས་ཐར་པར་གྱུར་ལ། རང་གི་བྱིས་པ་གཉིས་པོའང་བྱིས་གཉོར་ཁང་དུ་མངགས་འདུག   ཁོས་ཧྥང་དབྱིན་ལ། ད་ནས་བཟུང་དབུལ་ཞྭ་མི་གྱོན་སེམས་ཐག་ཡིན། ངས་རང་ཉིད་ཀྱི་ལག་པ་ཟུང་ལ་བརྟེན་ཏེ། འཚོ་བ་མཛེས་སྡུག་དང་ལྡན་པ་ཞིག་རོལ་ངེས་ཡིན་ཞེས་བཤད།
         མགོན་པོའི་འགྱུར་ལྡོག་གིས་མང་ཚོགས་རྣམས་ལའང་ཤུགས་རྐྱེན་བཟང་པོ་བཞག  མང་ཚོགས་རྣམས་ལ་རྒྱལ་ཁབ་ཀྱི་སྲིད་ཇུས་ནས་ངལ་རྩོལ་གྱི་ལག་རྩལ་སོགས་བསླབས་ཏེ། ཁོ་ཚོའི་བསམ་བློར་འགྱུར་ལྡོག་ཐེབས་པར་མ་ཟད། སྣུམ་ཚལ་དང་། སྔོ་ཚལ་སོགས་འདེབས་འཛུགས་དང་། ཁང་རྩིག རྡོ་རྐོ་སོགས་ཀྱི་ལག་རྩལ་ཀྱང་ཁོང་དུ་ཆུད་པས། ཧྲུའུ་ཅི་དང་པོ་སླེབས་པ་ནས་བཟུང་། ཐོན་ལས་གྱི་དབུལ་སྐྱོར་ཡང་ཡོད་པར་གྱུར་པས། སྡེ་དམངས་ཀྱི་སེམས་པ་རེ་བས་ཁེངས་ཤིང་དམིགས་འབེན་གསལ། ཧུར་སེམས་ཀྱང་ཆེ་བར་གྱུར་ཏོ།།
ཐོན་ལས་དབུལ་བྲལ་འཕེལ་རྒྱས་བཏང་། སྡེ་དམངས་ཕྱུག་པའི་ལམ་དུ་བཀོད།
       2017ལོའི་ལོ་མཇུག་ཏུ། ཧྥང་དབྱིན་གྱིས་ལོ་ངོ་གཉིས་ཀྱི་རིང་གི་འགན་ཡུན་རྫོགས་ཤིང་། ཕྱིར་རྗོང་ཐོག་ཏུ་འོངས་ན་ཆོག་པ་ཡིན་མོད། མཐར་མང་ཚོགས་རྣམས་ཀྱི་རེ་བ་ཇི་བཞིན། རྗོང་ཐོག་ཏུ་ཕྱིར་མ་ལོག་པར་མུ་མཐུད་བཀྲ་སྐོར་སྡེ་བར་བྱ་བ་བསྒྲུབ་རྒྱུའི་ཐག་བཅད། དེ་ནི་བཀྲ་སྐོར་སྡེ་བའི་མང་ཚོགས་ཀྱི་རེ་བ་ཁོ་ན་ཙམ་གྱིས་བསྡད་པའང་མ་ཡིན་པར། རང་ཉིད་གནས་དེ་དང་འབྲལ་མི་ཕོད་པ་ལྟ་བུའི་བརྩེ་བ་ཆགས་ཟིན་པས་རེད། 2018ལོ་ནི་སྡེ་བ་དེ་ཉིད་དབུལ་བྲལ་བྱས་ཏེ། དབུལ་ཞྭ་ཕུད་དགོས་པའི་ལོ་འཁོར་གལ་ཆེན་ཞིག་ཡིན་ལ། ཏག་ཏག་ལོ་འཁོར་དེར་ཧྥང་དབྱིན་གྱི་ཆུང་མར་མངལ་ཆགས་ཡོད་པས། རང་གི་ཆུང་མའི་གམ་ནས་ཆུང་མར་འདུག་རོགས་བྱ་དགོས་པའི་ཚད་དུ་ཡོད་ནའང་། བཀྲ་སྐོར་སྡེ་བ་དབུལ་བྲལ་བྱེད་པའི་ལས་དོན་ལ་གཡེངས་ཆེས་པས། ཐ་ན་ཆུང་མར་ཕྲུ་གུ་བཤའ་བཙའ་བྱེད་པའི་སྐབས་སུའང་འགྲོ་ཁོམ་བྱུང་མི་འདུག
        ཁོས་ཆུང་མར་ཕྲུ་གུ་བཙའ་བའི་སྐབས་སུའང་འགྲོ་ཁོམ་མ་བྱུང་བས། ངས་བྱ་བ་འདི་ལེགས་པར་བསྒྲུབ་དགོས། དེ་ལྟར་བྱས་ན་ཆུང་མར་ཡང་བཤད་རྒྱུ་ཞིག་འདུག་ལ། མང་ཚོགས་རྣམས་ཀྱི་ཡིད་ཆེས་ཀྱང་སྟོང་ཟད་དུ་བཏང་མི་འདུག་ཅེས་བཤད།
       ཁོ་དང་ལས་སྒྲུབ་ཚོ་ཆུང་གི་ལས་བྱེད་པ་ཚོས་དཔྱད་སྡུར་ཡང་ཡང་བྱས་མཐར། བཀྲ་སྐོར་སྡེ་བ་དབུལ་བྲལ་བྱ་དགོས་ན། ངེས་པར་དུ་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་པའི་བསམ་བློ་སྐྱེས་པས། ཁོ་ཚོ་ཡང་བསྐྱར་ཁྱིམ་ཚང་རེ་རེར་སོང་སྟེ་བསམ་འཆར་དྲིས་ཤིང་། ཡུལ་ཚོ་དང་། རྫོང་ཐོག་སོགས་སུ་སོང་སྟེ། སྡེ་བ་དེར་འཚམས་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་རྙེད་པར་གྱུར།
         2018ལོར། “ཀྲི་པུའུ+ཁྱིམ་ཚང་+ཁེ་བགོ”ཡི་འཕེལ་རྒྱས་ཀྱི་རྣམ་པས། མ་རྩའི་རྣམ་གྲངས་བཞི་ཡི་ཁྱོན་སྒོར་ཁྲི105.69བེད་སྤྱོད་བཏང་ནས་བཀྲ་སྐོར་སྡེ་བའི་སྐྱེ་ཁམས་དབུལ་སྐྱོར་ཏེ། རོང་གྲོང་གི་ལྗོངས་རྒྱུ་སྣེ་ལེན་བྱེད་ས་བཙུགས་ཤིང་། རྣམ་གྲངས་དེས་ཁྱིམ་ཚང་དབུལ་བོའི་ཁྱིམ་ནས་འོངས་པའི་མི་བདུན་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པར་མ་ཟད། ཡིག་ཚགས་བཀོད་ཅིང་བྱང་བུ་བཟོས་པའི་དབུལ་བོ་རེ་རེར་ལོ་གཅིག་གི་རིང་ལ་ཡོང་འབབ་སྒོར400ལྷག་རེ་བགོ་ཆོག་པར་གྱུར་ལ། ཐུན་མོང་གི་དཔལ་འབྱོར་ཡོང་འབབ་ཀྱང་སྒོར་ཁྲི9ལྷག་འཕར་བར་བྱས། དེ་དང་ཆབས་ཅིག་ཏུ། རྒྱ་ཁྱོན་ལ་མུའུ120ཡོད་པའི་སྣུམ་ཚལ་འདེབས་སའི་རྟེན་གཞི་བཙུགས་པ་དང་། རྒྱ་ཁྱོན་ལ་མུའུ5ཡོད་པའི་སྤྲོ་འཆམ་ལྟ་སྐོར་དང་། སྨན་ལྡུམ་འདེབས་འཛུགས་གཉིས་པོ་གཅིག་འདུས་ཡིན་པའི་རྩྭ་པདྨའི་དཔེ་སྟོན་མུའུ་དང་། མེན་དབྱང་དགེ་འོས་སློབ་གླིང་དང་ཐུན་མོང་གིས་རྒྱ་ཁྱོན་ལ་མུའུ1.2ཡོད་པའི་གྲོ་མའི་དཔེ་སྟོན་མུའུ་བསྐྲུན་ཅིང་། སྡེ་བ་ཡོངས་དབུལ་བྲལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་རེ་བ་སྔར་བས་ཆེ་བར་གྱུར། 2018ལོའི་ལོ་མཇུག་ཏུ་བདེ་བླག་ངང་དབུལ་ཞྭ་ཕུད་ཐུབ་པར་གྱུར།
         ད་ལྟ། བཀྲ་སྐོར་སྡེ་བའི་སྣུམ་ཚལ་གྱི་མེ་ཏོག་རབ་ཏུ་བཞད་ཅིང་། ཧྥང་དབྱིན་གྱི་སེམས་པའང་དགའ་བ་དང་སྤྲོ་བ་ཚད་མེད་ཀྱིས་ཁེངས་འདུག་སྟེ། སྡེ་བ་འདིར་ལོ་ངོ་གསུམ་གྱི་རིང་ལ་འབད་པ་ཆེས་ཆེར་བྱས་ལ། ཁོ་དང་མང་ཚོགས་བར་གྱི་མཛའ་བརྩེའི་མེ་ཏོག་ཀྱང་གནས་འདིར་བཞད་ཡོད་པས། ཁོ་རང་སྡེ་བ་འདིར་དགའ་ཞིང་། སྡེ་བ་འདིར་དུངས་སོ།།      


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1