ཀྲུའུ་ཞི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བར་ཚོགས་ཞུགས་སྐུ་མགྲོན་དང་སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 06-19


    “བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱེད་པ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པ་བཅས་ཀྱི་ཐུགས་རེ་གནང་བ་རེད”ཟླ6ཚེས14ཉིན“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”བོད་ལྗོངས་ལྷ་སར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

        གླེང་སྟེགས་ལ་ཞུགས་མཁན་གྱི་ཀྲུང་ཕྱིའི་སྐུ་མགྲོན་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་ཁྲོད་རྟེན་འབྲེལ་འཕྲིན་ཡིག་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་། ཚང་མས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་འཐབ་ཇུས་གནས་བབ་གལ་ཆེན་སླར་ཡང་ནན་བཤད་གནང་བ་དང་། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པའི་དོན་སྙིང་གལ་ཆེན་གཏིང་ཟབ་བསྟན་གནང་ནས་བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་འགོད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད་པའི་ངོས་འཛིན་བྱས།
        བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དུས་རབས་གསར་པར་བོད་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུར་དགོངས་པ་གསར་པ་མཁོ་འདོན་གནང་བ་དེས་བོད་ཀྱི་རླབས་ཆེན་གྱི་མཆོང་སྐྱོད་གསར་པར་སྒུལ་ཤུགས་གསར་པ་བསྣན་ཡོད་པ་དང་། གངས་ལྗོངས་ཀྱི་བུ་ཕྲུག་ཚོར་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པའི་རེ་བ་གསར་པ་གནང་ཡོད་པའི་ངོས་འཛིན་བྱས་པ་རེད།


        དགོངས་པ་གསར་པ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཐད་བཀོད་སྒྲིག་གནང་བ།

        ལོ་དྲུག་ཅུའི་གོང་གི་དབྱར་ཁར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ལྷན་གྱི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག《བོད་ལྗོངས་ཡོངས་སུ་དམངས་གཙོའི་བཅོས་སྒྱུར་བྱ་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་མཐུན་བྱུང་ནས། རླབས་ཆེན་གྱི་སྤྱི་ཚོགས་འཕོ་འགྱུར་ཞིག་གནའ་བོའི་ས་གཞི་དེའི་ཐོག་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།
        རབ་བྱུང་གཅིག་དེ་ཡུད་ཙམ་ཞིག་ལ་འདས། གངས་ལྗོངས་ས་མཐོའི་རྣམ་པ་གསར་པར་གྱུར།
        ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག དུས་ཐུང་ལོ་ངོ་བཅུ་ཕྲག་རིང་བོད་ལ་ལོ་རྒྱུས་ཐོག་གི་སྤྱི་ཚོགས་འཕོ་འགྱུར་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་བྱུང་ཞིང་། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར།
        “ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་དབུལ་ཕོངས་རྗེས་ལུས་ཀྱི་བོད་རྙིང་པ་དེ་ཉིད་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན། སྣོད་བཅུད་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་བོད་ལྗོངས་གསར་པ་ཞིག་ཏུ་བསྐྲུན་ཡོད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུ་ཚུན་གྱི་བོད་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་རེད།
        བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཨེ་ཤེ་ཡ་ལྷོ་མ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱང་ཡཱ་པོའོ་ཡིས། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་དྲུག་ཅུ་འཁོར་མཚམས་སུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་མི་རྣམས་ལ་སྐུལ་ལྕག་ཟབ་མོ་ཐེབས་པ་དང་། རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་ཕྱོགས་སྔར་བས་ཁ་གསལ་བསྟན་གནང་ཡོད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པར་བྱ་སྤྱོད་གསར་པ་སྤེལ་བ་དང་གནམ་ས་གསར་པ་གཏོད་པར་སྲ་ཞིང་བརྟན་པའི་བསམ་བློའི་རྨང་གཞི་ཡང་བཏིང་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གིས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ལ་དགོངས་པ་གསར་པ་མཁོ་འདོན་གནང་བ་དེས་ཁ་ལོ་སྒྱུར་ཆས་ཀྱི་ནུས་པ་ཐོན་ཡོད”
        མཚོ་བོད་ས་མཐོའི་ལྟེ་བར་གནས་པའི་བོད་འདི་ཉིད་ཀྲུང་གོའི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་རེད་ལ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་བཅས་ཀྱང་རེད། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཀྲང་ཡུན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱི་འཐབ་ཇུས་ཀྱི་ངེས་གནས་སླར་ཡང་ཁ་གསལ་བསྟན་གནང་བ་དེས་བོད་ལྗོངས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་གང་མགྱོགས་མཉམ་འདྲེས་ཐུབ་པར་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད་ཅེས་བརྗོད།

        “ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བཅས་བྱས་ཐོག མིག་སྔར་གཞི་ཚུགས་པ་མ་ཟད། དེ་བས་མིག་རྒྱང་རིང་པོ་ལྟ་དགོས་པའི་ཐུགས་རེ་གནང་ཡོད” བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས། ང་ཚོས་གངས་ལྗོངས་ས་མཐོའི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་། མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་འཛམ་གླིང་ཡོངས་ཀྱིས“མཐའ་སྣེ་གསུམ་པའི”སྔོ་ཞིང་དྭངས་པའི་རི་ཆུ་དང་འོད་སྟོང་འབར་བའི་རིག་གནས་མཉམ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།

        སྒུལ་ཤུགས་གསར་པ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ལ་སྒུལ་བྱེད་འཕྲུལ་འཁོར་ཤུགས་ཆེན་བསྒར་བ།
        “ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”2007ལོར་ཐེངས་དང་པོ་འཚོགས་ཤིང་། སྐབས་གོང་མ་གསུམ་ཝི་ཨིན་ན་དང་། རོ་མ། ཨ་ཐེན་སི་བཅས་སུ་འཚོགས་པ་དང་། 2014ལོར་གླེང་སྟེགས་དངོས་སུ་ལྷ་སར་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ནི་ལྷ་སར་འཚོག་ཐེངས་གསུམ་པ་དེ་ཡིན་པ་དང་། འཛམ་གླིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་རྣམ་པ་ངོ་མར་ལྟ་ཞིབ་བྱེད་པའི་སྐར་ཁུང་གལ་ཆེན་དུ་གྱུར་ལ། ཀྲུང་ཕྱིའི་སྐུ་མགྲོན་གྱིས་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་མཉམ་དུ་གྲོས་བསྡུར་བྱེད་པའི་ཇུས་འདོན་ཚོགས་པ་གལ་ཆེན་དུའང་གྱུར་ཡོད།
        “དེ་རིང་ང་རང་ལྷ་སར་སླེབས་དུས‘འབྱུང་འགྱུར་གྱི་ལམ’དུ་སྐྱོད་པའི་ཚོར་སྣང་ཞིག་བྱུང”ཧྥ་རན་སེའི་དར་གོས་ལམ་བུའི་དཔེ་སྐྲུན་ཁང་གི་རྩོམ་པ་པོ་དང་མཁས་དབང་སོ་ཉི་ཡ·པུ་རུའེ་སི་ལེ2007ལོར་བོད་དུ་ཐེངས་དང་པོར་སླེབས། ལོ་12རིང་ཁོང་གིས་སྔ་རྗེས་སུ་བོད་དུ་ཐེངས་མང་བསྐྱོད་དེ། ་བོད་ཀྱི་འཕེལ་རྒྱས་གསར་པར་དཔང་པོ་བྱས་ཡོད། འདི་ལོ་ཁོང་གིས་སླར་ཡང་བོད་ཀྱི་ས་ཆ་མང་པོར་རྟོག་ཞིབ་དང་འཚམས་འདྲི་བྱས་རྗེས་རང་ཉིད་ཀྱི་མྱོང་བ་ཟིན་བྲིས་སུ་བཀོད།
        མཚོ་བོད་ས་མཐོ་ཨེ་ཤེ་ཡའི་དབུས་སུ་ཆགས་ཤིང་། དར་གོས་ལམ་བུ་དང་། ཐང་བོད་གནའ་ལམ། ཇ་རྟའི་ཚོང་ལམ་བཅས་ཀྱིས་རི་མཐོ་གཡང་གཟར་བརྒྱུད་འཛམ་གླིང་དང་འབྲེལ་ཡོད། པུ་རུའེ་སི་ལེས། ལོ་རྒྱུས་ཐོག་མཚོ་བོད་ས་མཐོ་ནི་སྔ་བར་ཕྱི་གསུམ་དུ་འགྲོ་ལམ་ཚང་མ་ཕན་ཚུན་སྦྲེལ་བའི་ས་ཆ་ཞིག་དང་རིག་གནས་སྤེལ་རེས་ཀྱི་ས་ཆ་ཞིག་རེད་ཅེས་བརྗོད་པ་དང་ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་བོད་ལ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ལ་སྒུལ་ཤུགས་གསར་པ་མཁོ་འདོན་བྱ་སྲིད་པའི་ངོས་འཛིན་བྱས་པ་རེད།
    “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཀྲུང་ཕྱིའི་སྐུ་མགྲོན་ཚོར་ངོ་སྤྲོད་བྱས་དོན། བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཡངས་སུ་འགྲོ་ངེས་ཏེ། ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་དུ་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་གྱི་འགག་སྒོ་བསྐྲུན་པ་དང་། འདི་ལོའི་ཟླ་ལྔ་པར་འགྲམ་འགག་སྒོའི་ཟོག་འདྲེན་འགྲོ་ལམ་དངོས་སུ་སླར་གསོ་བྱུང་བ། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་དབར་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་མཉམ་ལས་ཀྱི་གྲོས་མཐུན་བཞག་སྟེ། “ལན་ཀྲོའུ་རྟགས་ཅན”གྱི་ཨེ་ཤེ་ཡ་ལྷོ་མའི་གཞུང་ལམ་དང་ལྕགས་ལམ་གྱི་མུ་འབྲེལ་སྐྱེལ་འདྲེན་རྒྱལ་སྤྱིའི་ཟོག་འདྲེན་མེ་འཁོར་དང་ཀོང་བོད་ཨེ་ཤེ་ཡ་དབུས་ལྷོའི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས12བཏང་བ་དང་། སྐམ་སའི་རྒྱལ་མཚམས་སྒྲོལ་བའི་འོད་སྐུད་ཤར་གཏོང་བྱས་ནས་ནེ་པ་ལ་ཀྲུང་གོའི་དྲ་སྦྲེལ་གྱི་ཞབས་འདེགས་ཁྱབ་ཁོངས་ལ་དངོས་སུ་བཅུག་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་གྱི་གནས་མཇལ་བ་བོད་དུ་བསྐྱོད་པའི་མི་གྲངས་ནི་དུས་རབས20པའི་ལོ་རབས80ཡི་ལོ་རེའི་མི་བརྒྱ་གྲངས་ནས2018ལོའི་མི་ཁྲི2བར་མང་དུ་སོང་ཡོད། བོད་རང་སྐྱོང་ལྗོངས་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་པད་མ་གཡང་འཛོམས་ཀྱིས། ང་ཚོས་ངེས་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་། སྔར་ལས་ལྷག་པའི་སྒོ་ནས་སྣེ་ལེན་གྱི་སྒྲིག་བཀོད་ལེགས་སུ་དང་ཞབས་འདེགས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་བོད་དུ་གནས་མཇལ་ལ་ཡོང་མཁན་དེ་བས་མང་བའི་དགོས་མཁོ་བསྐང་རྒྱུ་མ་ཟད། དམངས་ཁྲོད་ཀྱི་ཕྱི་འབྲེལ་ལ་གྲུབ་འབྲས་དངོས་དེ་བས་མང་བ་ཐོབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
        “ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཐུགས་རེ་གནང་བ་ནི་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ལ་དམིགས་པ་གང་ཞིག་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན་གྱི་ཡོད”བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ལི་ཝུན་ཀེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནི་དུས་རབས་གསར་པའི་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་ཡིན་པས། ང་ཚོས་ཀྲུང་གོའི་བོད་ལྗོངས་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་ས་ཁུལ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”གི་ཕྱོགས་མང་མཉམ་ལས་ཀྱི་ལམ་སྲོལ་འཚོལ་ཞིབ་དང་མཉམ་དུ་བསྐྲུན་ནས་ཕྱི་ཕྱོཌ་ཚོང་དོན་སྤུས་མཐོ་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད།

        རེ་བ་གསར་པ། དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ལ་དེ་བས་བརྗིད་ཆེའི་འཆར་གཞི་བཀོད་པ།
        “བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སྐབས་ཚང་མར་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་བཅུ་གྲངས་དང་སྐུ་མགྲོན་བརྒྱ་གྲངས་ཞུགས་ཡོད་ཅིང་། བསམ་བློ་དང་ལྟ་བ་སྣ་ཚོགས་འདི་གར་གྲོས་མོལ་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐུན་མོང་གི་ངོས་འཛིན་ཞིག་ཆགས་པ་ནི་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད” ཟླ་བ་གོང་མར་ཨ་རིའི་སྦི་རག་དུས་ཆེན་ལ་ཞུགས་ནས་ལོག་སླེབས་མ་ཐག་པའི་བློ་བཟང་ཚེ་རིང་ནི་བོད་ཀྱི་སྦི་རག་ཁེ་ལས་ཀྱི་འགན་འཁུར་བ་ཡིན་ཞིང་། ཁོང་གིས་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འཛམ་གླིང་གི་མཐའ་སྣེ་གསུམ་པ་ལས་ཐོན་སྐྱེད་བྱས་པའི་ནས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ངས་ད་ཆ་ཕྱི་རྒྱལ་གྱི་སྙོལ་བཟོ་བ་ཆེ་མོ་དང་མཉམ་དུ་ནས་འཛམ་གླིང་གི་ས་ཕྱོགས་ཁག་ཏུ་ཕྱིར་ཚོང་བྱེད་རྩིས་ཡོད་ཅེས་བརྗོད།
        བློ་བཟང་ཚེ་རིང་གིས“ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་རྒྱལ་ཁབ་ཀྱི་ངོས་ནས་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ལ་བཀོད་སྒྲིག་གནང་བ་ལས་ང་ཚོ་དམངས་གཉེར་ཁེ་ལས་ཀྱིས་རེ་བ་མཐོང་བྱུང་ལ་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་སོང་། བོད་ལྗོངས་ཟམ་མི་ཆད་པར་སྒོ་འབྱེད་པ་དང་བསྟུན་ནས་ས་ཆ་འདི་གའི་ཁེ་ལས་ལ་དེ་བས་མང་བའི་ཕན་པ་འཐོབ་སྲིད”ཅེས་བརྗོད།
        ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་ཝང་ཉན་ཏུང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་འདོད་འདུན་ལ་དམིགས་ནས་བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ལ་དེ་བས་མཐོ་བའི་བླང་བྱ་བཏོན་ཡོད་པས། ལྷ་ས་གྲོང་ཁྱེར་གྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་མཉམ་འདྲེས་ཧུར་ཐག་བྱས་ཏེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་གང་མགྱོགས་སྐྲུན་དགོས་པ་དང་། མུ་མཐུད་སྒོ་དབྱེ་རྒྱ་སྐྱེད་བཏང་ནས་ས་ཁོངས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།
        རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་གཙོ་གནད་མཚམས་ཚིགས་ཀྱི་གྲོང་ཁྱེར་གཞིས་རྩེ་གྲོང་ཁྱེར་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་ཁུལ་མདུན་མ་རེད། གཞིས་རྩེ་གྲོང་ཁྱེར་གྱི་ཧྲི་ཀྲང་ལིའུ་ཧུའུ་ཧྲན་གྱིས་གཞིས་རྩེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་འཕེལ་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་དང་། ས་ཁོངས་དང་མི་ཆོས་རིག་གནས་ཀྱི་ལེགས་ཆར་གཞི་ཚུགས་པ། ཚོང་དོན་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གྱི་འཛུགས་སྐྲུན་ལ་ཞུགས་པ། ཕྱོགས་ཡོངས་དང་རིམ་པ་མང་བ། ཁྱབ་ཁོངས་བརྒལ་བ་བཅས་ཀྱི་ཕྱི་ནང་ལ་ཕྱོགས་པའི་སྒོ་དབྱེའི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་བོད་དང་ཐ་ན་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་ཞིག་གཏོད་ཀྱི་ཡིན་ཞེས་བརྗོད།
        “ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག བོད་ལ་ལོ་ལྟར་ཡར་རྒྱས་ཆེན་པོ་བྱུང་བ་དང་། ཞིང་འབྲོག་ཁུལ་དུའང་ལོ་ལྟར་རྣམ་པ་གསར་པ་ཐོན་བཞིན་ཡོད” ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་སྒྲུབ་སྡེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དབྱངས་ཅན་སྒྲོལ་དཀར་གྱིས་གྲོང་ཚོ་ཧྲིལ་པོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་27གྱི་མི་101ཚང་མ་གཞེས་ནིང་ལོར་དབུལ་ཞྭ་ཕུད་ཟིན་པ་དང་། ད་ཆ་གྲོང་ཚོར་ཕྱུགས་ཟོག་ཉུང་དུ་བཏང་སྟེ་རྩྭ་ཐང་སྣོད་བཅུད་སླར་གསོ་བྱས་ནས་དེང་རབས་འབྲོག་ལས་འཕེལ་རྒྱས་གཏོང་རྩིས་ཡོད། “ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་བསྐྱལ་རྒྱུ་ཡོང་ངེས་རེད”ཅེས་བརྗོད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1