༄༅།། ཉི་ཧོང་གི་སློབ་ཆུང་ཞིག་གི་གུང་ཇ།

པད་མ་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-19



ཟི་ལིང་། པད་མ་རྡོ་རྗེ།
        དེ་ཡང་སློབ་ཆེན་གྱི་དུས་སུ། ངེད་ལ་བོང་བ་གསེར་གཟིགས་ཀྱིས་ཕྱི་འགྲིམས་ཀྱི་གོ་སྐབས་ལེགས་པོ་ཞིག་གནང་སྟེ། སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁམས་ཆེན་མོ་ཉི་ཧོང་དུ་ལོ་གཅིག་རིང་ལ་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་པར་གྱུར། ང་འགྲོ་སའི་སློབ་གྲྭ་དེ་ལ་ཨོ་ས་ཁཱ་གཞུང་བཙུགས་སློབ་ཆེན(大阪府立大学)ཞེས་སུ་འབོད་ཅིང་། དེ་ནི་ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཉིས་པར་བགྲང་བའི་ཨོ་ས་ཁཱ(大阪)གྲོང་ཁྱེར་གྱི་ཉེ་མཐའ་རུ་ཆགས་ཡོད། སློབ་གྲྭས་ཕྱི་ཡོང་གི་སློབ་མ་རྣམས་ཀྱིས་ཁོ་ཚོའི་རྒྱལ་ཁབ་ཀྱི་རིག་གནས་ལ་རྒྱུས་ལོན་ཡོང་བ་དང་དགའ་ཞེན་བསྐྱེད་པའི་ཆེད་དུ། རྟག་ཏུ་གུང་གསེང་གི་སྐབས་སུ་ང་ཚོ་ཁྲིད་དེ་ཡར་མར་གྱི་དགོན་རྙིང་དང་རྟེན་མཛོད་ཁང་། བཟོ་གྲྭ་ཆེ་ཁག་སོགས་སུ་ལྟ་སྐོར་དུ་བསྐྱོད། དེ་རིང་གི་གུང་གསེང་ཡང་རྣམ་ཀུན་དང་མཚུངས་པར། དགུ་པའི་ཟླ་སྨད་ཀྱི་བསིལ་བསེར་དང་ལྷན་དུ། ངེད་ཅག་སློབ་གྲྭ་དང་ཁད་མི་རིང་བའི་གྲོང་གསེབ་ཀྱི་སློབ་ཆུང་ཞིག་ལ་ལྟ་སྐོར་དུ་ཕྱིན།
        ཉི་ཧོང་དུ་འགྲིམ་འགྲུལ་ཤིན་ཏུ་སྟབས་བདེ་ལ། ཕལ་ཆེར་གྲོང་དང་གྲོང་གསེབ་ཀུན་ཏུ་མེ་འཁོར་འབབ་ཚིགས་ཡོད་ཅིང་། འགྲུལ་སྐྱོད་མི་བདེ་བའི་རི་གྲོང་སོགས་སུ་གནམ་ཐང་བཟོས་ཡོད་པར་བཤད། ང་ཚོ་ནི་སློབ་གྲྭའི་བཀོད་སྒྲིག་བཞིན་འགྲུལ་སྐྱོད་རླངས་འཁོར་ཆེ་བ་ཞིག་ཏུ་བསྡད་ཅིང་། སྣེ་ཤན་པ་འགའ་ཤས་ལས་ཕལ་ཆེ་བ་ནི་རྒྱལ་ཁབ་སོ་སོ་ནས་ཡོང་བའི་སློབ་མ་ཡིན་ལ། ཚང་མ་ཉི་ཧོང་སྐད་ལ་བྱང་ཆ་ལྡན་པས། སྣེ་ཤན་པའི་སྣེ་དྲངས་ཏེ་ཉི་ཧོང་གི་གླུ་དབྱངས་མཉམ་ལེན་གྱིས་ལམ་རིང་མོ་གླུ་ཡིས་བཅད་དེ་ཕྱིན། ཉི་ཧོང་གི་གླུ་ཡིས་ཡར་བཀྱགས་པ་ཙམ་ནས་སྐྱོ་སྣང་གི་ཚོར་བ་ཞིག་སྦྱིན་ཡོང་ཞིང་། དེ་ཡི་དབྱངས་འགྲོས་དལ་ཞིང་འགྱུར་ཁུགས་སྙན་ལ། དེ་ནི་རང་ཅག་བོད་པའི་སྐད་མཐོ་རུ་འགྱོག་ཅིང་གདངས་རིང་དུ་བསྲིངས་པའི་གླུ་དང་ཀུན་ནས་མི་མཚུངས་པས། རྒྱ་མཚོའི་ངོགས་ཀྱི་གླུ་དབྱངས་ལ་དེ་མཚུངས་ཀྱི་དལ་ལྷོད་ཅིག་དང་། རྩྭ་ཐང་སྟེང་གི་གླུ་སྐད་ལ་དེ་བསྟུན་གྱི་འགུག་ལུགས་ཤིག་ནི་མངོན་པར་གསལ།ང་ཚོ་ཞོགས་པའི་དུས་ཚོད་བཅུ་ཙམ་དུ་སློབ་གྲྭ་དེ་གར་འབྱོར། མིང་དུ་ཐ་ནཱ་རྒ་ཝ་སློབ་ཆུང(多奈川小学)ཞེས་སུ་འབོད་ཅིང་། དེ་ནི་ཨོ་ས་ཁཱ་ནས་ལྷོ་རུ་སྤྱི་ལེ་ལྔ་བཅུ་ལྷག་སྐྱོད་མཚམས་ཀྱི་རྒྱ་མཚོའི་ཁ་རུ་ཆགས་འདུག རྒྱ་མཚོ་དང་ཁད་ཐག་ཤིན་ཏུ་ཉེ་ལ། ཁ་རྒྱ་མཚོར་ཕྱོགས་ནས་བསྐྲུན་འདུག་པས། སློབ་ཁང་གི་སྒེའུ་ཁུང་ལས་ཀྱང་སྔོ་ལྟེམ་ལྟེམ་གྱི་རྒྱ་མཚོ་དང་རྒྱ་མཚོའི་ཀློང་གི་གྲུ་གཟིངས། གནམ་མཚོ་འདྲེས་མཚམས་ཀྱི་སྤྲིན་པ་སོགས་མཐོང་ལ། ད་དུང་མཐའ་འཁོར་གྱི་གྲོང་སྡེ་ལས་ཅུང་མཐོ་སར་ཆགས་ཡོད་པས། མཐའ་ཡི་གྲོང་སྡེ་དང་མདུན་གྱི་གྲུ་ཁ་ཐམས་ཅད་ལག་མཐིལ་དུ་བླངས་པ་ལྟར་གསལ་ལེར་མངོན། གནས་འདི་ཡང་ཉི་ཧོང་གི་ཡུལ་ཁམས་སྤྱི་དང་འདྲ་བར་སྲང་ལམ་ཀུན་གྲ་དག་ཅིང་ག་ས་གང་དུ་ལྗོན་ཤིང་སྟུག་པོར་རྒྱས། ངོ་མ་ཉི་ཧོང་གི་ས་རྒྱ་ཆུང་ནའང་ས་ཡི་གསུམ་ཆའི་གཉིས་ནི་ནགས་ཀྱིས་ཁེངས་འདུག་ཅེས་པ་དོན་ལ་གནས་ཏེ། གྲོང་ཁྱེར་གཙོ་ཆེ་བ་དུ་མ་ཕུད་ཁང་བརྩེགས་མཐོན་པོ་ཆེར་མེད་ཅིང་། ག་ས་གང་དུ་སྤྱི་གླིང་དང་སྐྱེད་ཚལ་མང་ལ། ཐ་ན་གནམ་ཐང་སོགས་ཀྱང་ས་རྡོ་སྐྱེལ་ནས་རྒྱ་མཚོའི་དབུས་སུ་བསྐྲུན་ཏེ། ས་ཆུང་ཆུང་དེ་ལ་སྲོག་ལྟར་གཅེས་ཡོད།
        སློབ་གྲྭར་འབྱོར་པ་ན་དགེ་སློབ་ཀུན་གྱིས་ངེད་ཅག་ལ་དགའ་བའི་བསུ་མ་གནང་ཞིང་། སློབ་གཙོས་སློབ་གྲྭ་མཚམས་སྦྱོར་མདོར་བསྡུས་ཤིག་བྱས་རྗེས་སུ། ང་ཚོ་ཚོ་ཁག་དུ་མར་བགོས་ཏེ་འཛིན་གྲྭ་སོ་སོའི་ནང་དུ་སོང་ནས། གུང་ཇ་ལ་ཐུག་པའི་བར་དུ་སློབ་མ་དག་དང་ལྷན་དུ་རྩེད་མོ་སྣ་ཚོགས་བརྩེས་པར་མ་ཟད། སློབ་མ་ཚོར་རང་གི་ཕ་ཡུལ་སོགས་མཚམས་སྦྱོར་བྱས། ང་ནི་ཉི་ཧོང་གི་ཧྥུ་ཅི་རི་བོའི་དཔངས་དང་མཉམ་པའི་མཐོ་སྒང་ནས་འོངས་པ་དང་། བོད་ཡུལ་གྱི་གངས་རི་དག་ནི་དུས་བཞིར་ཁ་བས་གཡོགས་ཡོད་པ་སོགས་བཤད་པ་ན།བྱིས་པ་དག་ནི་ཡ་མཚན་པར་གྱུར། ཉི་ཧོང་ནི་ས་བབ་དམའ་ཞིང་ནམ་ཟླ་དྲོ་ལ། ལྷག་པར་དུ་ལྷོ་ཕྱོགས་སུ་དུས་ཚིགས་ཀྱི་དབྱེ་བ་མེད་པར་ཚ་བ་ཆེ་བས། སློབ་མ་རྣམས་ཀྱིས་ཁ་བ་ཞེས་པ་བརྙན་འཕྲིན་སོགས་བརྒྱུད་ནས་མཐོང་བ་ལས། དངོས་སུ་མཐོང་མ་མྱོང་ཟེར། དེ་ནས་གུང་ཇ་ལ་རན་པའི་ཚེ། སློབ་མ་རྣམས་ཀྱིས་མདུན་ཅོག་བཞི་བཞི་ཁ་སྤྲད་དེ་བསྒྲིགས་ཤིང་། གུང་ཟས་སློབ་ཁང་དུ་སྐྱེལ་ཡོང་བས། ངས་ད་གཟོད་ཁོ་ཚོའི་སློབ་ཁང་དང་གསོལ་ཁང་གཉིས་ཀ་གནས་གཅིག་ཡིན་པ་ཤེས། གུང་ཇ་ལ་ཐུག་པ་དང་བག་སོབ། བསྙལ་ཚོད། འོ་མ་བཅས་ཡོད། སློབ་གཙོས་སྒེའུ་ཁུང་ལས་ཕར་ཕྱོགས་ཀྱི་ཞིང་ཆུང་གྲུ་བཞི་འགའ་བསྟན་ནས། དེ་རིང་གི་ཐུག་པ་སྐོལ་བྱེད་ཀྱི་སྔོ་ཚོལ་ནི་ཞིང་ས་དེ་གར་སྐྱེས་པ་རེད་ཟེར། དེ་ནི་སློབ་གྲྭའི་ཞིང་ས་ཡིན་ཞིང་། སྐབས་སྐབས་སུ་སློབ་མ་རྣམས་ཁྲིད་དེ་རྨོ་འདེབས་ཀྱི་ལས་ཀ་བྱས་པ་ཡིན་ལ། སློབ་མ་རྣམས་ཀྱིས་ངལ་རྩོལ་གྱི་དཀའ་ཚེགས་དང་བཟའ་བཏུང་གི་རིན་ཐང་རྟོགས་སུ་འཇུག་པའི་སླད་དུ་ཡིན་ཞེས་སྨྲས་ལ། ང་ནི་ཁོ་ཚོའི་མི་ཚུལ་སློབ་གསོ་དང་འགན་འཁྲིའི་འདུ་ཤེས་དེ་ལ་སྨོན་པ་དབང་མེད་ཤོར། ཉི་ཧོང་ནི་གཞི་ནས་ཟས་རིགས་ལ་ཤིན་ཏུ་དང་དོད་བྱེད་པའི་མི་རིགས་ཤིག་རེད་ལ། ཁོ་ཚོར་བཟའ་བཏུང་གི་རིགས་སྣ་ཕུན་སུམ་ཚོགས་ཤིང་། ཇ་ཐུན་གཅིག་ལའང་ཟས་ཀྱི་ཚད་ཉུང་ཉུང་དང་སྣ་མང་པོ་བྱས་ཏེ་བཟའ། གུང་ཇའི་རིགས་སྣ་ལས་ཀྱང་གུས་པ་བསྐྱེད་པར་བྱེད་པ་ནི། སློབ་མ་དེ་རྣམས་ཀྱི་ཟ་མ་ཟ་ལུགས་དེ་རེད། ཚང་མས་ལག་པ་གཙང་མར་བཀྲུས་རྗེས་གྲལ་བསྒྲིགས་ཏེ་རང་གིས་རང་ལ་ཐུག་པ་བཅུ་ལ། སློབ་མ་ཀུན་ལོ་ན་ཤིན་ཏུ་ཆུང་ནའང་། གོམས་གཤིས་སུ་ཆགས་ཟིན་པས་ཁུ་བ་ཐིགས་གཅིག་ཀྱང་ཐང་གཅལ་དུ་ཕོ་མ་སོང་། དེ་ནས་རང་རང་གི་འདུག་སྟེགས་སུ་ལོག་སྟེ་ཁ་ཟས་གཙང་མར་བཟས། ཉི་ཧོང་པས་ཀྱང་ཟས་ལྷག་འཐུང་ལྷག་བསྐྱུར་བ་ནི་གོམས་སྲོལ་ཤིན་ཏུ་ངན་པ་ཞིག་ཏུ་བརྩི་ལ། ལྷག་མ་མི་བསྐྱུར་བ་དེ་ནི་ཉི་ཧོང་གི་ཁ་ཟས་གཡོས་སྦྱོར་བྱེད་སྟངས་ལའང་རག་ལས་སྟེ། ཁོ་ཚོས་ཁ་ཟས་བཟོ་དུས་རྡོག་རྡོག་ཆུང་ཆུང་ངམ་ཡང་ན་ཕོར་བ་ཆུང་ཆུང་རེ་བཟོ་བར་བྱེད། གུང་ཟས་བཟས་རྗེས་སུ། སློབ་མ་ཚོས་རང་རང་གི་ཕོར་བ་དང་དཀར་ཡོལ་གཙང་མར་བཀྲུས། སློབ་གཙོས་ང་ཚོ་ལ། གུང་ཟས་ཟ་བ་འདི་ཡང་སློབ་མ་ཚོའི་སྦྱང་བྱ་གལ་ཆེན་ཞིག་ཡིན་ལ། དེ་ཡིས་ཁོ་ཚོའི་རང་འགུལ་གྱི་ནུས་པ་སྐྱེད་སྲིང་བྱེད་ཅིང་། ལོ་ཆུང་དུས་ནས་རང་དོན་རང་གིས་བསྒྲུབས་པའི་འདུ་ཤེས་དང་ཁ་ཟས་བཟོ་བའི་དཀའ་ལས་ལ་གོ་བ་སྐྱེས་པར་འགྱུར་ཞེས་བཤད་བྱུང་། དུས་དེ་ལ་ངའི་ཡིད་ཀྱི་སྣང་ངོར་རང་ཡུལ་དུ་མལ་ཆས་ལྟེབ་པ་ནས་ཟས་ཕོར་བཀྲུ་བ་ཚུན་ཆད་དུ་ལས་མི་བཀོད་སྒྲིག་བྱས་ཏེ། ངེད་ཅག་གི་སློབ་གྲྭ་ནི་ལྷ་ཡུལ་ལས་ཀྱང་སྐྱིད་པར་སྒྲོག་པའི་དགེ་རྒན་དེ་དག་གི་གདོང་གི་འཛུམ་མདངས་དང་ཚིག་གི་བཤད་སྲོལ་ཚུན་ཆད་ཝ་ལེར་འཁོར་བྱུང་ལ། ཁོ་ཚོས་དོན་ངོ་མར་བྱིས་པ་དེ་ཀུན་སྐྱིད་པའི་ལྷ་ཡུལ་དུ་འདྲེན་བཞིན་ཡོད་དམ། ཡང་ན་ཉེན་ཁའི་གཡང་ཁ་ལ་ཁྲིད་ཀྱིན་ཡོད་པའི་དོགས་འདྲི་ཞིག་གིས་ལུས་སེམས་གཉི་ག་བློང་བློང་བོར་བཏང་། “སློབ་གསོ་ཞེས་པ་ནི་མི་ཡིས་མུ་མཐུད་དུ་ཤེས་རབ་ཀྱི་ཚེ་སྲོག་གོང་དུ་སྤེལ་བའི་བརྒྱུད་རིམ་ཞིག་ཡིན”ཞེས་གསུངས་པར་གཞིགས་ན། རང་གི་འགྲོ་འཆག་ཉལ་འདུག་ལ་བདག་པོ་ཐུབ་པར་བྱེད་པ་ནི་སློབ་གསོ་ཡི་སྔོན་འགྲོ་ལྟ་བུར་ཆགས་འདུག་ཅིང་། འབྲི་ཀློག་དག་པར་སློབ་པའི་སློབ་དང་། གཤིས་རྒྱུད་ལེགས་པར་འཆོས་པའི་གསོ་གཉིས་ཀྱིས་ད་གཟོད་སློབ་གསོ་ཞེས་པའི་ཐ་སྙད་འདི་གྲུབ་པ་ཡིན་ཕྱིར། ང་ཚོས་ཅིས་ཀྱང་ཕྱོགས་སུ་མ་ལྷུང་བར་རིག་གནས་འདི་ཡི་རྒྱུན་དང་མི་རབས་རྗེས་མའི་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་སྙིང་ཉེ་གནང་དགོས། སློབ་གསོ་ནི་ཆུ་མགོ་ལྟ་བུ་ཡིན་ཞིང་། ཆུ་མགོ་རྙོགས་ཚེ་ཆུ་རྔ་དྭངས་པའི་དཔེ་མེད་པས། ཆུ་མགོ་འདི་ཉིད་གཙང་མར་བསྲུངས་ཚེ། རི་མཐོ་ས་གཙང་གི་བོད་ཡུལ་དང་ཆུ་བོའི་འབབ་ཡུལ་གྱི་ཤེས་རིག་འདི་ཡང་སྐལ་བའི་བར་དུ་གཙང་མར་གནས་ཐུབ་པ་ཡིན། ཉི་ཧོང་འདི་ཉིད་འཛམ་གླིང་དམག་འཁྲུག་གཉིས་པ་མཇུག་བསྒྲིལ་རྗེས་ཀྱི་གྱང་རོའི་སྟེང་ནས་སླར་ཡང་ཡར་ལངས་ཤིང་། ལོ་ངོ་ལྔ་བཅུ་ལྷག་གི་དུས་ཡུན་ཐུང་ཐུང་ནང་འཛམ་གླིང་གི་སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་རྩེ་གྲས་སུ་ཆགས་པ་དེ་ཡང་། ལྷ་ཡི་མཐུ་དང་ཀླུ་ཡི་འཕྲུལ་གྱིས་བསྐྲུན་པ་མིན་པར། དེ་ནི་མཐར་ཐུག་ན་ཁོ་ཅག་གི་ཞིབ་ཚགས་ལ་གོམས་ཤིང་ལག་ལེན་ལ་བརྩོན་པའི་སློབ་གསོ་འདི་ལ་བརྟེན་ནས་བྱུང་བ་ཡིན་ནོ། །
        གུང་ཇ་འཐུངས་རྗེས། ང་ཚོས་སློབ་གྲྭའི་དགེ་སློབ་ཡོངས་ལ་གྱེས་ཕྱག་ཞུས་ནས་ལམ་དུ་ཆས། ཉིན་ཕྱེད་ལ་བྱིས་པ་དག་དང་ལྷན་དུ་རྩེད་མོར་གཡེང་བས། རླངས་འཁོར་དུ་བུད་མ་ཐག་ཚང་མ་ངལ་བས་དུབ་ནས་གཉིད་དུ་ཡུར། ང་ཡི་ལུས་སེམས་གཉིས་ཀ་བློང་བློང་བོར་གྱུར་པས། རླངས་འཁོར་གྱི་སྒེའུ་ཁུང་ཕྱེས་ཏེ་ཕར་ཕྱོགས་ཀྱི་རྒྱ་མཚོར་བལྟས། དགུ་པའི་ཚ་སྨུག་གི་ཀློང་དུ་ལུས་ནས་རྔུལ་ཆུ་ཕྲོམ་ཕྲོམ་བཞུར་ནའང་། དེ་རིང་སེམས་ཀྱི་གཏིང་རིམ་ནས་འཁྱག་བསིལ་བསིལ་བྱེད། རྒྱ་མཚོ་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས་པའི་མཚམས་ན་སྤྲིན་དཀར་ཐར་ཐོར་རེ་འཕྱོ་ཞིང་ལྡང་ལ། དཀར་བང་བོང་གི་ཁ་དོག་དེ་ཡིས་ང་ལ་ཡང་བསྐྱར་ཕ་ཡུལ་དྲན་དུ་བཅུག དཀར་པོ་ནི་ངའི་ཕ་ཡུལ་གྱི་ཁ་དོག་ཡིན་ཞིང་། ཕ་ཡུལ་གྱི་བྱིས་པ་སྣབས་ལུག་དེ་ཚོའི་རང་མདངས་ཀྱང་ཡིན། ཡིན་ནའང་། དེ་རིང་གི་གུང་ཇ་ཞིམ་པོས། ང་ལ་གཞིས་ཡུལ་གྱི་ཕྱི་རྫིག་ནང་སྟོང་གི་སློབ་གསོའི་སྣང་ཚུལ་མང་པོས་དབྱངས་གསལ་སོ་བཞིའི་འོད་ཀྱིས་གསོས་པའི་བྱིས་པ་དག་གི་རང་གཤིས་ལ་ནག་ཐིག་འབེབས་ཀྱིན་ཡོད་པའི་ཚོར་བ་སྦྱིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1