ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བོད་རིགས་ས་ཁུལ་གྱི་དམངས་ཁྲོད་དཔེ་རྙིང་ལེགས་སྒྲིག་དང་སྲུང་སྐྱོང་བྱེད་པའི་ལས་དོན།

ཁྲོ་གངས་སྲས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21



བོད་མི་རིགས་ནི་སྲོལ་རྒྱུན་ཀྱི་རིག་གནས་ཕུན་སུམ་པའི་མི་རིགས་ཤིག་ཡིན་པ་དང་བོད་ཡིག་གི་དཔེ་རྙིང་ཚད་ལྡན་དང་གནའ་དཔེ་ཡིག་ཆ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་ནང་གི་བཀྲག་མདངས་འཚེར་བའི་མུ་ཏིག་ལྡོག་གཅིག་ཡིན། རྒྱལ་ཁབ་ཀྱིས་བསྒྱུར་བཅོས་སྒོ་འབྱེད་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཤུགས་ཆེ་རུ་གཏང་པ་དང་རྒྱལ་ནང་གི་བོད་ཡིག་དཔེ་རྙིང་ཚད་ལྡན་དང་གནའ་དཔེ་ཡིག་ཆའི་ལས་ཁུངས་སོགས་གཅིག་རྗེས་གཉིས་མཐུད་ངང་བཙུགས་པས་བོད་ཡིག་གི་དཔེ་རྙིང་ཚད་ལྡན་དང་གནའ་དཔེ་ཡིག་ཆ་སྲུང་སྐྱོང་དང་མྱུར་སྐྱོབ་ལས་དོན་ཡང་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།

དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ལྟེ་གནས།


བོད་ཡིག་དཔེ་རྙིང་།
藏文古籍

 དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ལྟེ་གནས་ནི་2004ལོར་གསར་དུ་གཙུགས་ལ། བོད་ཁུལ་གྱི་དཔེ་རྙིང་མྱུར་སྐྱོབ་དང་ལེགས་སྒྲིག་གི་ཕྱག་ལས་གནང་བ་སྔ་ཤོས་དང་རྒྱ་ཆེ་བ། རྒྱུན་རིང་ཤོས་དེར་གྱུར་ཡོད་ལ་དེའང་སྔོན་འབྲས་སྤུངས་དགོན་དང་ཞ་ལུ་དགོན། བྱེ་མཁར་ཆོས་སྡེ་སོགས་དགོན་པ་མང་པོ་ཞིག་གི་དཔེ་མཛོད་ཁང་ཉམས་གསོ་དང་། རྒྱལ་ཕྱི་ནང་མང་པོ་ནས་བོད་ཡིག་དཔེ་རྙིང་མང་པོ་ཞིག་བསྡུ་རུབ་དང་ལེགས་སྒྲིག་ཀྱིས་《 མེས་པོའི་ཤུལ་བཞག 》 དང་། 《 བཀའ་གདམས་དཔེ་ཚོགས། 》 《 མཁྱེན་བརྩེའི་འོད་སྣང་། 》 《 ལོ་རྒྱུས་ཆོས་འབྱུང་ཕྱོགས་བསྒྲིགས། 》 སོགས་དཔེ་ཚོགས་བརྒྱད་ཙམ་གྱི་ཐོག་ནས་པོད་དེབ་ཆིག་སྟོང་ལྷག་བོད་ཁུལ་གཙོ་བོར་གྱུར་པའི་རྒྱལ་ཕྱི་ནང་ལ་འགྲེམ་སྤེལ་དང་། ད་དུང་ལས་མི་ཉི་ཤུ་ཙམ་གྱིས་བོད་ཀྱི་དཔེ་རྙིང་འབོར་ཆེན་དཀར་ཆག་ཏུ་འདེབས་པ་དང་། ལེགས་བསྒྲིགས། ཞིབ་འཇུག་སོགས་ཀྱི་རླབས་ཆེན་གྱི་བྱ་བ་བསྒྲུབས་དང་སྒྲུབ་བཞིན་བཞུགས་པ་ལགས་སོ། །

དཔལ་ལྡན་ས་སྐྱ་དགོན་པའི་དཔེ་རྙིང་དཔེ་མཛོད།

ས་སྐྱ་དགོན་གྱིས་བོད་ཡིག་དཔེ་རྙིང་དག་སྒྲིག་བྱེད་བཞིན་པའི་ཡུལ་དངོས།
 萨迦寺古籍整理现场

གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་དགོན་པ་ནི་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་མ་དགོན་ཞིག་དང་། བོད་ཀྱི་བཅུ་ཕྲག་རིག་གནས་ཐོག་མར་དར་བའི་གནས་ཞིག་ཡིན་པས་ལོ་རྒྱུས་སྟེང་གངས་ཅན་བོད་ཀྱི་རྡོ་རྗེ་གདན་ཞེས་པའི་མཚན་སྙན་མངའ་བ་ཡིན།

རྒྱ་མ་ཁྲི་སྒང་དང་མངའ་རིས་ཡུལ་ནས་ཐོན་པའི་ཚ་ཚ་ཡི་གེ་སྦྲགས་མ་ཅན།
印有藏文的泥塑擦擦
སྤྱི་ལོ་1073ལོར་འཁོན་དཀོན་མཆོག་རྒྱལ་པོས་ས་སྐྱ་གཟིམ་སྤྱིལ་དཀར་པོ་ཞེས་པའི་ལྷ་ཁང་ཞིག་བཞེངས་པ་དང་དུས་མཉམ་ཆོས་མཛོད་ཆེན་མོ་ཞེས་དཔེ་མཛོད་ཁང་དེའི་ཐ་སྙད་བྱུང་ཡོད་ལ་དེ་རྗེས་ས་ཆེན་ཀུན་དགའ་སྙིང་པོའི་སྐུ་དུས་སུ་སྒོ་རུམ་ཆོས་མཛོད་ཅེས་པའི་ཐ་སྙད་ལ་འགྱུར་བ་བྱུང་ཞིང་དཔེ་མཛོད་ཁང་དེའང་གཞི་རྒྱ་ཆེ་རུ་ཕྱིན་པ་མངོན་ཡོད། འཇམ་མགོན་ས་སྐྱ་པཎྜི་ཏའི་སྐུ་དུས་སུ་དཔེ་མཛོད་ཁང་འདིར་འཕེལ་རྒྱས་ངེས་ཅན་དུ་ཕྱིན་པ་མ་ཟད་ཡོངས་ཁྱབ་ལྟ་སྤྱོད་རང་དབང་ཅན་གྱིས་དཔེ་མཛོད་ཁང་ཞིག་ཏུ་ཆགས། དེ་རྗེས་ས་སྐྱ་གོང་མ་རིམ་བྱོན་གྱིས་དཔེ་རྙིང་བསྡུ་ཉར་གསོག་འཇོག་མཛད་དེ་འདིར་སློབ་དཔོན་ཐོན་མི་སམྦྷོ་ཊའི་ཕྱག་བྲིས་ཕྱག་བསྟར་མའི་འབུམ་དང་། བསྟན་པ་ཕྱི་དར་གྱི་བཀའ་འགྱུར་གསེར་ཆོས་ཆེས་ཐོག་མ། འཇམ་མགོན་ས་སྐྱ་པཎྜི་ཏས་མཆན་བུ་བཏབ་པའི་རྒྱ་གཞུང་ཡི་གེ། ཤིང་ཏ་ལའི་ལོ་མའི་དཔེ་ཆ། བོད་ཀྱི་རིས་མེད་མཁས་པའི་གསུང་རབ། ཆོས་བརྩེགས་བྲག་རི་མ་དང་། པུ་ཏི་ལྕགས་ལུང་མ། ཆོས་འཕགས་གསེར་ཆོས་མ་སོགས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་མཛོད་ཁང་ཞིག་ཏུ་ཆགས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་དང་། རྒྱ་གར་མཁས་པ་ར་ཧུ་ལ་གཉིས་ཀྱིས་དཔེ་མཛོད་ཁང་འདིར་བཞུགས་བའི་དཔེ་རྙིང་རིན་ཐང་ལ་འདེང་འཇོག་ངེས་ཅན་མཛད་ཡོད།

མི་ཉག་རྒྱལ་རབས་སྐབས་ཀྱི་ཁྲམ་བྱང་།
西夏王朝时的古籍

གདན་སའི་དཔེ་རྙིང་ཁྲོད་རྒྱལ་བའི་བཀའ་བསྟན་འགྱུར་རམ་གྲུབ་མཐའ་ཡ་གྱལ་བ་ཞིག་གི་གསུང་རབ་གླེགས་བམ་ཇི་སྙེད་པ་ཙམ་ཞིག་མ་ཡིན་པར་བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་པའི་མཁས་པའི་གསུང་རབ་སྣ་ཚོགས་པ་དང་། མུ་སྟེགས་པའི་གཞུང་ལུགས། བོད་ཀྱི་རིག་གནས་ཆེ་ཆུང་མ་ཚང་བ་མེད་པའི་གསུང་རབ་གླེགས་བམ་མཐའ་ཡས་པ་བཞུགས་སུ་གསོལ་ཡོད།

པར་མ་རྩ་ཆེན་འགའི་པར་གཞི།
珍稀藏文古籍雕版

  དེང་ས་སྐྱ་དགོན་པས་དཔེ་རྙིང་གི་རིན་ཐང་སྔོན་གཤེར་དང་དུས་རབས་རང་བཞིན་གྱི་དཔེ་རྙིང་སྲུང་སྐྱོབ། དུས་རབས་དང་འཚམ་པའི་འཕེལ་རྒྱས་གཏོང་ཕྱོགས་ཤིག་ལ་བསམ་སྟེ་ཆེད་དུ་མི་སྣ་བཀོད་སྒྲིག་གིས་དཔེ་རྙིང་དཀར་ཆག་ལེགས་བསྒྲིགས་དང་དཔེ་རྙིང་བཤེར་འབེབས་ཀྱི་གློག་རྡུལ་ཅན་དུ་བསྒྱུར་སྟེ་ཡོངས་ཁྱབ་བལྟ་སྤྱོད་རང་དབང་དུ་གྲུབ་རྒྱུའི་འཆར་གཞི་ལག་བསྟར་བྱེད་བཞིན་ཡོད་པ་ཡིན། ད་ལྟའི་ཆར་ས་སྐྱ་དགོན་པས་དཔེ་རྙིང་དཀར་ཆག་ལེགས་བསྒྲིགས་དང་དཔེ་རྙིང་གློག་རྡུལ་དཔེ་མཛོད་ཁང་དུ་བསྒྱུར་རྒྱུའི་ཐེངས་དང་པོའི་འཆར་གཞི་ཡོངས་སུ་མངོན་གྱུར་བྱུང་ཡོད་དེ་དཀར་ཆག་དཔེ་སྐྲུན་དང་གློག་རྡུལ་དཔེ་མཛོད་ཁང་གཉིས་ལེགས་གྲུབ་ཟིན་ཡོད། །

བོད་ཀྱི་དཔེ་རྙིང་རྩ་ཆེན་གྱི་ཤོག་ལྷེབ། 
藏文古籍叶片


སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་།

 སྤྱི་ལོ་2009ལོའི་ཟླ་10པའི་ཚེས་15ཉིན་རྒྱ་ནག་སྤོས་ལྡན་གྲོང་ཁྱེར་དུ་ལས་མི་བདུན་ཅན་གྱི་ཚོགས་པ་འཇམ་དབྱངས་ཤེས་རིག་དར་སྤེལ་ཁང་ཞེས་པ་དངོས་སུ་བཙུགས་པ་ནས་བཟུང༌། རིམ་པ་བཞིན་ལས་མི་ཇེ་མང་དང་ལས་ཀ་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ལས་གྲྭ་བ་ཡོངས་ཀྱིས་དཀའ་ཚེགས་ཁྱད་བསད་ཀྱིས་བྱ་བའི་ཐད་འབད་བརྩོན་ལྷོད་མེད་བྱས་པ་སྟེ། བོད་ཞིང་ལྗོངས་ལྔའི་དཔེ་མཛོད་ཁང་དང་། སློབ་གྲྭ་ཆེ་འབྲིང་། དགོན་སྡེ་གྲགས་ཅན། ཁྱིམ་རྒྱུད་རྙིང་པ་བཅས་ས་གནས་ཁག་གང་མང་ཞིག་ལ་ཆེད་དུ་སོང་ནས། དཔེ་དཀོན་ཧ་ཅང་མང་པོ་འཚོལ་བསྡུའི་བསྐལ་བཟང་ཐོབ་པ་དང་། གཟན་དཀར་ཐུབ་བསྟན་ཉི་མ་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཐང་གི་དབུ་ཁྲིད་ཚེ་པོ་སོགས་ཀྱིས་རྒྱབ་སྐྱོར་འོག་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་པའི་ཆོག་མཆན་དང་སྒོ་བྱང་བསྩལ། དེ་ནས་ལོ་ཧྲིལ་པོ་བཅུའི་རིང་ལ་《 གངས་ཅན་རིག་བཅུད།》 དང་། 《 ཐུན་མོང་རིག་མཛོད། 》《 ཐར་ལམ་གསར་སྒྲོན། 》 《 མེས་པོའི་ཕྱག་རྗེས། 》 《 མདོ་སྔགས་རིག་མཛོད། 》 སོགས་དཔེ་ཚོགས་ཉི་ཤུ་ལྷག་གི་སྒོ་ནས་པོད་སྟོང་ལྷག་པར་སྐྲུན་བྱས་ཟིན་པ་དང་། གཞན་ཡང་རྩོམ་སྒྲིག་དང་། ཡི་གཏགས། དཔེ་བསྡུར། ཞུ་དག་སོགས་བྱས་ཟིན་གང་མང་དང་། བོད་ཡིག་དཔེ་རྙིང་མང་པོ་སྲོག་གི་ཉེན་ཁ་ལས་བསྐྱབས་ཏེ་འཚོལ་བསྡུ་དང་། ཚུར་བླུས་པ་སོགས་བྱས་ཤིང་། གློག་རྡུལ་དང་ཟེར་བྲིས། དཔེ་རྙིང་སོགས་ཀྱི་ལྟེ་བ་ཆུང་ཆུང་ཞིག་ཏུ་གྱུར་ཅིང་། ད་དུང་དཔེ་རྙིང་བསྡུ་སྒྲིག་དང་པར་སྐྲུན་སོགས་ཀྱི་ཐད་ལ་འབད་པ་ཆུ་བོའི་རྒྱུན་བཞིན་བརྟེན་བཞིན་པ་ལགས་སོ། །

སེར་གཙུག་དཔེ་རྙིང་བསྡུ་སྒྲིག་ཁང་།

སེར་གཙུག་དཔེ་རྙིང་བསྡུ་སྒྲིག་ཁང་ནི་2004ལོར་སེ་ར་ཐེག་ཆེན་ཆོས་གླིང་དང་། ལྷ་ལྡན་གཙུག་ལག་ཁང་གཉིས་མཉམ་འབྲེལ་ཐོག་ཤེས་ཡོན་དང་ལྷག་བསམ་གྱི་དཔལ་མངའ་བའི་དགེ་འདུན་པ་འགས་དབུ་ཁྲིད་དེ་《 གངས་ཅན་ཁྱད་ནོར།》 ཞེས་པའི་དཔེ་ཚོགས་སུ་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དང་། རྒྱལ་དབང་སྐུ་ཕྲེང་རིམ་གྱི་གསུང་འབུམ་གཙོ་བོར་གྱུར་པའི་རྩ་ཆེའི་དཔེ་རྙིང་པོད་སྟོང་ལ་ཉེ་བ་པར་སྐྲུན་འགྲེམ་སྤེལ་ཞུས་ཟིན་པ་དང་། ད་ལྟའི་ཆར་ཡང་ཕྱོགས་ཡོངས་ནས་དཔེ་རྙིང་ལེགས་སྒྲིག་དང་དཔེ་སྐྲུན་གྱི་བྱ་བར་བརྩོན་བཞིན་ཡོད་དོ། །

ཧི་མ་ལ་ཡའི་རིག་མཛོད་ཁང་།

དཔེ་རྙིང་གསེར་བྲིས་མ། 
金汁藏文古籍

 ཧི་མ་ལ་ཡའི་རིག་མཛོད་ཁང་ནི་སྤྱི་ལོ་2011ལོའི་ཟླ་12པའི་ཚེས་1ཉིན་ལ་གསར་དུ་བཙུགས་ཤིང་། རྒྱལ་ཁབ་ཕྱི་ནང་དང་བོད་ཀྱི་དགོན་སྡེ་ཁག་དང་། ཞིང་ལྗོངས་ལྔའི་དཔེ་སྐྲུན་སོགས་ནས་གནའ་དེང་གི་དཔེ་ཆ་མང་པོ་འཚོལ་སྡུད་བྱས་ཤིང་། དཀར་ཆག་ཁོ་ན་པོད་ལྔ་དྲུག་ཏུ་བསྡུས། རྗེ་《བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ།》 པར་དུ་བསྐྲུན་ཅིང་། འཚོལ་སྡུད་ཞུ་དག་སོགས་ཚད་ལྡན་གྱིས་གསུང་འབུམ་ཆ་ཚང་ལ་པོད་དགུ་བཅུ་གོ་ལྔ་ཅན་གྱི་བོ་དོང་གསུང་འབུམ་ཆེན་མོ་ཚར་སུམ་སྟོང་དཔར་སྐྲུན་བགྱིས་ནས་དགོན་སྡེ་དང་སློབ་གྲྭ། དཔེ་མཛོད་ཁང་སོགས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་དང་ས་གནས་མང་པོར་རིན་མེད་གཟིགས་འབུལ་བྱས་དང་བྱེད་མུས་སུ་ཡོད་པ་ལྟར། ཆ་རྐྱེན་གསུམ་ཚང་བའི་དགོན་སྡེ་ཁག་དང་བཤད་གྲྭ། སློབ་གྲྭ། དཔེ་མཛོད་ཁང་སོགས་ལ་ཧི་མ་ལའི་རིག་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་མཛོད་ཆ་ཚང་རེ་རིན་མེད་གཟིགས་འབུལ་བྱ་རྒྱུའི་འཆར་གཞི་བཙུགས་པ་སོགས་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་པའི་ངལ་བ་རྒྱན་དུ་བཏགས་ནས་ཡོད།


བོད་ཡིག་དཔེ་རྙིང་གི་དབུའི་ལྷ་སྐུ། 
藏文古籍函首图案

བོད་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་མཁས་དབང་མང་པོ་ལྷན་དུ་བསྡུས་ཤིང་། བོད་ཀྱི་རིག་གནས་དབྱེ་བ་བཅོ་བརྒྱད་དུ་གཏན་འཁེལ་བྱས། 《 བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ། 》 པོད་སུམ་བརྒྱ་དང་། རིག་གནས་ཆུང་བ་ལྔའི་སྐོར་པོད་ཉིས་བརྒྱ་ལྷག་སྒོར་ཐོན་ལ་ཉེ། ད་ལྟ་རིག་གནས་ཆེ་བ་ལྔའི་སྐོར་གྱི་ལས་ཀར་འབད་བཞིན་པའི་སྐབས་ཡིན། །  

ལཉྫའི་དཔེ་རྙིང་། 
梵文版古籍


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1