གླེགས་བམ་གསེར་རི་ཚེ་གཅིག་གྲོགས་སུ་བསྟེན་པའི་ཚབ་མཚོན་མི་སྣ་འགའ་ཡི་ངོ་སྤྲོད།

གཟན་དཀར་ཐུབ་བསྟན་ཉི་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21


གཟན་དཀར་ཐུབ་བསྟན་ཉི་མ།ཛ

土登尼玛


གཟན་དཀར་ཐུབ་བསྟན་ཉི་མ་མཆོག་ནི། སྤྱི་ལོ་1943པ་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར་མདོ་ཁམས་མི་ཉག་ལྷ་སྒང་གི་ཉེ་འདབས་སུ་ཡབ་ཉི་མ་འོད་ཟེར་དང་། ཡུམ་རྒྱལ་རོང་རྫོང་འགག་པ་རིན་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་ནས་ཕལ་པའི་བྱིས་པ་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་ཡངས་ཤིང་། སྙིང་རྗེའི་ཐུགས་རྒྱུད་གཏམས་པ་དང་བྱང་སེམས་ཀྱི་སྤྱོད་པར་ལྷན་སྐྱེས་སུ་གོམས། མི་རིང་བར་མ་ཧཱ་སྐྱིད་ལུང་དགོན་པ་དང་ལྷ་སྒང་དགོན་པ་གཉིས་ཀྱིས་མདོ་མཁྱེན་བརྩེའི་རྣམ་རོལ་གཟན་དཀར་གྱི་ཡང་སྲིད་དུ་ངོས་འཛིན་སྐུ་བདག་བྱས།

སྤྱི་ལོ་1981ལོར་རྫོགས་ཆེན་དུ་ཞིང་ཆེན་བོད་ཡིག་སློབ་གྲྭ་གསར་འཛུགས་བྱས་ནས་སློབ་གཙོ་གཞོན་པའི་ཐུགས་འགན་བཞེས་ཏེ་ཕྱག་ལས་གནང་། སྤྱི་ལོ་1984ལོར་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་གེ་སར་གཞུང་ལས་ཁང་གི་གཙོ་འགན་བཞེས་པ་དང་། གཞན་ཡང་སྔ་རྗེས་སུ་བཀའ་བསྟན་འགྱུར་རོ་ཅོག་གིས་མཚོན། སྔ་འགྱུར་བཀའ་གཏེར་གྱི་ཕྱག་དཔེ་དང་། བོད་ཀྱི་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས། གེ་སར་སྒྲུང་ཡིག་སོགས་རྩ་ཆེའི་དཔེ་རྙིང་མང་པོ་འཚོལ་སྡུད་གནང་སྟེ། དཔེ་བསྡུར་དང་ལེགས་སྒྲིག་པར་སྐྲུན་བྱེད་པའི་ཐུགས་བཀོད་གནང་བ་མ་ཟད། བོད་རྒྱ་ཚིག་མཛོད་ཆེན་མོ་དང་གེ་སར་ཚིག་མཛོད། བོད་རྒྱ་ནང་དོན་རིག་པའི་ཚིག་མཛོད། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་སོགས་སྒྲིག་སྒྱུར་སྐབས་གཙོ་སྒྲིག་པ་དང་ཞུས་ཆེན་པའི་ཐུགས་འགན་བཞེས་པ་བཅས་གཟིགས་རྒྱང་རིང་བའི་སྤྱི་ཕན་གྱི་མཛད་པ་བསྐྱངས་པ་བསམ་གྱིས་མི་ཁྱབ། མ་ཟད་བོད་ཡིག་གི་དཔེ་རྙིང་ལ་སྲུང་སྐྱོབ་བྱས་པའི་ལོ་ངོ་30ལྷག་གི་རིང་ལ། མཆོག་སྤྲུལ་ཐུབ་བསྟན་ཉི་མ་མཆོག་གིས་རྒྱལ་ཁབ་ལ་གང་མགྱོགས་སྒོས་བོད་ཡིག་གི་དཔེ་རྙིང་རྩ་ཆེན་ལ་སྲུང་སྐྱོབ་བྱེད་པར་སྐུལ་བའི་དུས་མཚུངས་སུ། ཁོང་རང་ཉིད་ཀྱིས་ཀྱང་དཔེ་རྙིང་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་དངོས་ལ་ཞུགས།

ཁོང་གིས་སྔ་རྗེས་སུ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བརྒྱུད་ནས། རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་རྣམས་ལ《ཤེས་བྱ་ཀུན་ཁྱབ།》དང་《རྫ་དཔལ་སྤྲུལ་གྱི་གསུང་འབུམ་དང་རྣམ་ཐར།》 《 མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།》 《 ཐེག་པ་རིམ་པ་དགུའི་རྣམ་བཤད།》སོགས་དཔེ་དེབ་རྩ་ཆེན་ཁག་པར་སྐྲུན་འགྲེམས་སྤེལ་གནང་།

ཁོང་གིས་སི་ཁྲོན་ཞིང་ཆེན་མི་རིགས་དམངས་ཁྲོད་སྒྱུ་རྩལ་ཞིབ་འཇུག་ཁང་ནས་བོད་བརྒྱུད་ནང་བསྟན་གྱི་སྒྲུབ་བརྒྱུད་ཁག་གི་ཤིང་དཔར་དང་བྲིས་མ་སྟོང་ལྷག་ལ་ཚོན་པར་རྒྱག་པར་མཛུབ་སྟོན་གནང་སྟེ། སྐབས་ཐོག་དེར་དགོན་པ་དང་ཀློག་མཁན་ཚོར་དཔེ་ཆོས་ཡིག་ཆ་མེད་པའི་གནད་དོན་ཐག་གཅོད་བྱས། །

གཡུར་དུ་ཟ་བའི་གྲུབ་འབྲས་གང་མང་བླངས་ཡོད་ཀྱང་། དགུང་ལོ་བདུན་ཅུར་སོན་པའི་མཆོག་སྤྲུལ་ཐུབ་བསྟན་ཉི་མ་ལགས་ཀྱི་ངང་རྒྱུད་ཞི་ཞིང་དུལ་བ་དང་། ཁོང་གིས་བསྒྲུབས་མྱངས་པའི་བྱ་བ་བཟང་པོ་དེ་དག་གླེང་བའི་སྐབས་སུ་ཁོང་གིས་དེ་དག་ནི་མི་གཞན་གྱིས་བསྒྲུབས་པ་ཡིན་ཞིང་། ཁོང་གིས་དེར་རོགས་རམ་ཙམ་བྱས་པ་ཡིན་ཞེས་གསུངས་སྲིད། དུས་ད་ལྟ་ཁོང་ཡང་ཕྱག་ལས་གནང་བར་བྲེལ་ལ། ཁོང་གི་ཞི་ཞིང་དུལ་བའི་ཐུགས་རྒྱུད་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྦྱོར་བ་དེ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་ཐད་ནས་གྲུབ་འབྲས་བཟང་བོ་ལོན་པའི་རྒྱུ་རྐྱེན་གཙོ་བོ་རེད། །  

བློ་གྲོས་ཕུན་ཚོགས།

落热彭措


 རྫོང་སར་བློ་གྲོས་ཕུན་ཚོགས་ནི། སྤྱི་ལོ་1947ལོར་མདོ་ཁམས་སྡེ་དགེ་སྨན་ཤོད་དུ་སྐུ་འཁྲུངས། སྤྱི་ལོ་1953ལོར་རང་ལོ་བདུན་པ་ནས་རང་ཁྱིམ་དུ་དབྱར་རྫི་བོ་དགུན་རྫོང་སར་དགོན་གྱི་གྲྭ་ཆུང་དཔེ་རར་ཡི་གེ་སྦྱང་། སྤྱི་ལོ་1961ལོ་ནས་ལོ་ངོ་བཅོ་ལྔ་ལ་རང་གི་སྐྱེ་ཡུལ་ཅི་ཇོ་མཉམ་ལས་ཁང་གི་རྩིས་པ་བྱས། སྤྱི་ལོ་1962ལོ་དགུང་ལོ་བཅུ་དྲུག་སྟེང་ནས་ལས་ཞོར་དུ་རྫོང་སར་མཁྱེན་བརྩེའི་བླ་སྨན་རིག་འཛིན་ཆེན་པོ་ཚེ་རིང་ཕུན་ཚོགས་མདུན་ནས་བོད་སྨན་གཞུང་ལག་ལེན་དང་བཅས་པ་སྦྱངས། སྤྱི་ལོ་1975ལོ་ནས་ཕུ་མ་གྲོང་པའི་མཉམ་འབྲེལ་སྨན་ཁང་གི་འགོ་འཛིན་དང་སྨན་པ་བྱས། དེ་ནས་བཟུང་ད་ལྟའི་བར་སྨན་པའི་ཐུགས་འགན་བཞེས།

 མཁྱེན་བརྩེའི་བླ་མ་ལྷ་ཁང་དུ་བཞུགས་པའི་དཔེ་རྙིང་རྩ་ཆེན་ཆོས་ཚན་ཁྲི་ལ་ཉེ་བ་ཙམ་དཀར་ཆག་འདེབས་པ་དང་། བཤེར་འབེབ་མཛད་ནས་གློག་རྡུལ་ཡིག་ཆ་དོན་གཉེར་ཅན་ལ་མཁོ་འདོན་མཛད། གསུང་ཆོས་སྐོར་རིན་ཆེན་རིགས་ཀྱི་སྦྱོར་སྡེབ་དང་། དངུལ་ཆུ་བཙོ་ཐལ་གྱི་ཟིན་བྲིས། སྨན་སྦྱོར་ཉིས་བརྒྱ་པའི་གསལ་བཤད་སོགས་གསོ་རིག་སྐོར། རྫོང་སར་ལོ་རྒྱུས་རྒྱས་འབྲིང་བསྡུས་གསུམ་དང་དགོན་པ་འགའ་ཡི་ལོ་རྒྱུས་སོགས། སྡེ་དགེའི་རྒྱལ་རབས། མཁྱེན་བརྩེ་གོང་འོག་རྣམ་ཐར་བསྡུས་པ། དབོན་སྟོན་མཁྱེན་རབ་རྣམ་ཐར། འཚོ་བྱེད་ཚེ་རིང་ཕུན་ཚོགས་ཀྱི་རྣམ་ཐར་སོགས་ལོ་རྒྱུས་སྐོར། རྒྱལ་བཀའ་རིན་པོ་ཆེའི་བརྒྱུད་ཡིག་རྒྱས་པ་སོགས་བརྒྱུད་ཡིག་སྐོར། རྫོང་སར་རྟེན་གྱི་ནང་གཞུག་ཕྱོགས་བསྡུས་རིལ་བུའི་དཀར་ཆག་སོགས་དཀར་ཆག་སྐོར། བཟོ་གནས་ཕྲན་ཚེགས་ཆུ་ཐིག་ཟེགས་མ་སོགས་བཟོ་རིག་སྐོར་སོགས་མང་པོ་དང་། བསྡུ་སྒྲིག་མཛད་པ་མཁྱེན་བརྩེའི་བཀའ་བབས་པོད་བཅོ་ལྔ། ཐང་རྒྱལ་སྙན་བརྒྱུད་པོད་གསུམ། གཡུ་ཐོག་བེ་བུམ་པོད་གསུམ་སོགས་གསར་སྒྲིག་དང་སྔོན་ཡོད་ཀྱང་རྩ་བརླག་སོང་བ་བློ་གཏེར་བཀའ་འབུམ་པོད་དྲུག དམར་པོ་སྐོར་གསུམ་མན་ངག་གཅེས་བཏུས་དཔེ་རིས་བཅས་པོད་གཉིས། ཆོས་ཀྱི་བློ་གྲོས་བཀའ་འབུམ་པོད་ཆེན་བཅུ་གཉིས། འདོན་ཆོག་སྐོར་ནག་འགྲོས་སུ་བསྒྲིག་པ་བཅས་བཞུགས་ལ། མདོར་ན་སྐུ་ཚེ་མཛད་འཕྲིན་ཡོངས་རྫོགས་བསྟན་དང་འགྲོ་བ་སྤྱི་དང་། ཁྱད་པར་བོད་གངས་ཅན་པའི་ཆོས་རིག་གི་ཐད་ལ་བཏང་ཡོད། །  

ཀརྨ་བདེ་ལེགས།

噶玛德来


    མགོན་སེང་ཀརྨ་བདེ་ལེགས་ནི། སྤྱི་ལོ་1967ལོར་ཁམས་རི་བོ་ཆེ་རྡོ་ཤུལ་ཁྲ་མོ་གླིང་མགོན་སེང་ཚང་དུ་སྐྱེས། ལོ་བཅུ་བདུན་བར་ཕྱུགས་རྫི་བྱས། དེ་ནས་སྡེ་དགེ་ཀཿཐོག་དགོན་དུ་ལོ་བདུན། རྫོང་སར་དགོན་དུ་ལོ་གཅིག །མགོ་ལོག་མཁན་པོ་མུན་སེལ་མདུན་དུ་ལོ་གསུམ། ལྷ་སར་ལོ་གཉིས། ཨ་མདོ་བླ་བྲང་དུ་སྔ་ཕྱི་ལོ་གཅིག །ཇོ་ནང་འཛམ་ཐང་དུ་ལོ་གཉིས་ཙམ། རྔ་བ་ས་སྒང་དགོན་དུ་ཟླ་བ་བཞི་ཙམ་སོགས་ས་གནས་སོ་སོར་ཕེབས་ནས་སྲོལ་རྒྱུན་རིག་གནས་སྦྱངས། སི་ཁྲོན་ཁྲེན་ཏུའུ་རུ་བཀའ་བསྟན་དཔེ་བསྡུར་ཅུས་ཀྱི་བློ་འདྲིའི་སློབ་སྟོན་དུ་གདན་ཞུས་ལྟར་བཀའ་བསྟན་དཔེ་བསྡུར་མའི་དཀར་ཆག་དང་ཡིག་ཆ་བཙལ་འཚོལ་བའི་བྱ་བ་ལོ་བཞི་ཙམ་རིང་བྱས། དེའི་ཞོར་དུ་སྔ་འགྱུར་བཀའ་མ་པོད་120ཅན་གྱི་དཔེ་རྙིང་འཚོལ་བསྡུ་དང་ཕྱོགས་བསྒྲིགས་བྱས། དེ་སྐབས་བོད་མདོ་དབུས་ས་ཆ་མང་པོར་དཔེ་རྙིང་འཚོལ་ཞིབ་དུ་བསྐྱོད། སྤྱི་ལོ་2002ལོའི་ཟླ་7ཚེས་3ནས་བཟུང་སེ་འབྲས་གཉིས་དང་། ཞ་ལུ། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། ལྷོ་ཁ་གྲོ་མཁར་དགོན། སྙེ་མོ་བྱེ་མཁར་དགོན་སོགས་དགོན་རི་ཁྲོད་བཅུ་གཉིས་ཙམ་གྱི་དཔེ་རྙིང་སྲུང་སྐྱོབ་བྱས། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་བཙུགས་ཏེ་བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས་དང་བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། དུས་འཁོར་ཕྱོགས་བསྒྲིགས། མེས་པོའི་ཤུལ་བཞག་དཔེ་ཚོགས་སོགས་ཀྱི་དཔེ་སྒྲིག་གི་འགན་ཁུར། སྤྱི་ལོ་2012ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་གདན་ཞུས་ལྟར་ལོ་གསུམ་རིང་། ས་སྐྱ་ཨ་མེས་ངག་དབང་ཀུན་དགའི་བཀའ་འབུམ་དང་སྨིན་གླིང་དཔེ་ཚོགས། ཀོང་སྤྲུལ་བཀའ་འབུམ་སོགས་དཔེ་ཆ་པོད་253ཙམ་དཔེ་སྒྲིག་པའི་འགན་ཁུར་ནས་དཔེ་བསྐྲུན་བྱས་པས་དུས་རབས་འདིར་དཔེ་རྙིང་སྲུང་སྐྱོབ་དང་བརྒྱུད་འཛིན་ཐད་མཛད་རྗེས་མངོན་པར་མཐོ་བའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟ་བོད་ཀྱི་བཟའ་བཏུང་གཙོ་བོར་གྱུར་པའི་དམངས་སྲོལ་རིག་གནས་ལ་ཞིབ་འཇུག་གི་ལས་ཀ་བྱ་བཞིན་པ་ལགས་སོ། །  

ཆ་རིས་སྐལ་བཟང་ཐོགས་མེད།

恰日 嘎桑陀美


  ཆ་རིས་སྐལ་བཟང་ཐོགས་མེད་ལགས་ནི་མདོ་སྨད་ཀླུ་ཆུ་རྫོང་ཁོངས་སུ་སྐུ་འཁྲུངས། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན། སློབ་ཁྲིད་ཀྱི་ཞོར་དུ་སྔ་ཕྱིར་གཞུང་རྩོམ་ལ་གཞུང་པོད་ལྔའི་སྤྱི་བཤད་དང་། འཇིག་རྟེན་ཁམས་ཀྱི་རྣམ་བཞག་མདོར་བསྡུས་སོགས་པོད་བཅུ་ཕྲག་ལྷག་དང་། བསྒྱུར་རྩོམ་ལ་ཤེས་རིག་སྨྲ་བའི་བསྡུས་དོན་སོགས་པོད་བཞི་བཅས་དེབ་བཅུ་དགུ་པར་དུ་བསྐྲུན་པ་དང་། དཔྱད་རྩོམ་དགུ་བཅུར་ཉེ་བ་རིག་གཞུང་དུས་དེབ་དག་གི་སྟེང་དུ་འགྲེམ་སྤེལ་བྱས།

གཞན་ཡང་གནའ་དཔེ་གཅེས་བསྡུས་དཔེ་ཚོགས་དང་། བྱང་ཆུབ་ལོ་མ་དཔེ་ཚོགས། བླ་བྲང་གཙུག་ལག་དེབ་ཕྲེང་། བཀའ་པོད་ལྔའི་གཞུང་དཔྱད་དེབ་ཕྲེང་སོགས་ཀྱིས་མཚོན་པའི་གནའ་དཔེ་ལེགས་བསྒྲིགས་སྐོར་པོད་བདུན་ཅུ་ལྷག་པར་སྐྲུན་དང་། རྒྱལ་སྤྱིའི་མཉམ་འབྲེལ་ལས་གཞི་ལས་ཧྥ་རིན་སིའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དང་དབྱིན་ཇིའི་ཏུན་ཧོང་བོད་ཡིག་ཡིག་ཚགས་ཀྱི་འཚོལ་སྡུད་དང་དག་སྒྲིག་ལས་ཀར་ཞུགས་ཏེ་ད་སྔའི་བར་ལས་གྲོགས་རྣམས་དང་མཉམ་དུ་དེབ་སུམ་ཅུ་ལྷག་དཔེ་སྐྲུན་གནང་བ་སོགས་བོད་ཀྱི་དཔེ་རྙིང་དག་སྒྲིག་དང་དཔེ་སྐྲུན་གྱི་ཐད་ལ་མཛད་རྗེས་བླ་ན་མེད་པ་བསྐྱངས། ད་དུང་བོད་ཤེས་རིག་གི་ལས་དོན་ལ་ཕྱག་ལས་སྤེལ་བཞིན་པ་ལགས་སོ། །  

 འབྲོ་སྦྱིན་པ་རིན་ཆེན།

 金巴仁青

  དེ་ཡང་བོད་ཀྱི་རིག་གཞུང་ལ་མཁྱེན་རྒྱ་ཡངས་ཤིང་དཔེ་རྙིང་མྱུར་སྐྱོབ་ཐད་མཛད་རྗེས་ཆེ་བའི་དགེ་བའི་བཤེས་གཉེན་ཆེན་མོ་འབྲོ་སྦྱིན་པ་རིན་ཆེན་མཆོག་ནི། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གི་ཡིན་ལ། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལ་སྤྲོ་བའི་བག་ཆགས་བརྟན། དེ་ནས་རིམ་བཞིན་སློབ་གྲྭ་ཆུང་འབྲིང་ནས་སློབ་ཆེན་མཐར་ཕྱིན་ཏེ་རྒྱ་བོད་རིག་གནས་ཀུན་ལ་ཐོས་བརྩོན་མི་དམན་པར་གནང་། སྤྱི་ལོ་1985ལོར་ཡུལ་ཤུལ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་ཁུལ་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་ལོ་མང་གནང་བ་དང་། དེའི་རྗེས་སྤྱི་ལོ་1998ལོར་གོང་རིམ་གྱི་བཀས་བཀོད་ལྟར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེ་མོ་གཙང་གསུམ་སློབ་གླིང་དུ་ལས་གནས་བརྗེ་སྤོ་བྱས་ཏེ་དེ་གའི་སློབ་མ་རྣམས་ལ་ཚད་མ་དང་གྲུབ་མཐའ་སྐར་རྩིས་དང་ནག་རྩིས་སོགས་ཀྱི་སློབ་ཁྲིད་མཛད་དེ་ད་བར་དགེ་རྒན་གྱི་ཕྱག་ལས་སྐྱོང་མུས། མི་ལོ་སོ་ལྔ་ལྷག་གི་ལོ་ཟླའི་ནང་དམ་པ་ཁོང་གིས་ཕྱོགས་གཅིག་ནས་སློབ་བུ་སྟོང་ཕྲག་ཁ་ཤས་གསོ་སྐྱོང་གནང་བ་མ་ཚད། ཁོམ་པ་གང་ཡོད་ཀྱིས་བོད་གངས་ཅན་གྱི་གནའ་དཔེ་འཚོལ་བསྡུ་དང་དག་སྒྲིག་གི་ངལ་བ་བགྱིས་ཤིང་། ཁྱད་པར་དུ་ས་གནས་དེ་གའི་མི་ལོ་སྟོང་ལ་ཉེ་བའི་གནའ་དཔེ་པོད་ལྔ་བརྒྱ་ལ་ཉེ་བར་འཚོལ་བསྡུ་དང་དག་སྒྲིག་མཛད་པ་མ་ཟད། གནའ་དཔེ་དེ་དག་ལས་རྩ་ཆེ་བའི་ཆོས་ཚན་སོ་སོར་བསྒྲིགས་པའི་དཔེ་དེབ་ཉེར་ལྔའི་བདག་ཉིད་ཅན་པར་སྐྲུན་འགྲེམས་སྤེལ་བྱས། དེ་བཞིན་ཞོར་དུ་ལས་རིགས་ལག་རྩལ་སློབ་མའི་སློབ་དེབ་དང་འཇིག་རྟེན་མི་ཆོས་གཙང་མའི་སློབ་དེབ་རྩོམ་སྒྲིག་གནང་མཛད་པ་དང་གཞན་ཡང་བོད་ལྗོངས་ཞིབ་འཇུག་དང་བོད་ཀྱི་སློབ་གསོ། མི་ཆོས་གླེང་སྟེགས། གཙང་གསུམ་དུས་དེབ་སོགས་ལ་དཔྱད་རྩོམ་མང་པོ་བཀོད་པ་དང་། བསྡོམས་པས་གསུང་རྩོམ་བསྟན་བཅོས་པོད་བཅུ་ཕྲག་ལྷག་ཕྱག་རྩོམ་གནང་ཡོད་པ་ལས་པོད་ལྔ་སྤྱི་ལོ་2019ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པས་མཚོན་སྐུ་ཚེ་གང་བོར་བོད་ཀྱི་རིག་གནས་སློབ་གསོའི་ཆེད་དུ་སྐུ་ངལ་ཁྱད་བསད་ཀྱིས་རྨད་དུ་བྱུང་བའི་མཛད་རྗེས་བཞག་གནང་ཡོད་ལ། ད་དུང་ཉིན་མཚན་ལྟོས་མེད་ཀྱིས་རིག་གནས་ཀྱི་བྱ་བར་འབད་པ་གནང་དང་གནང་མུས་སུ་ཡོད། ། 
 
ཐུབ་བསྟན་སྨོན་ལམ།

土旦美朗


སྟོང་ར་བ་ཐུབ་བསྟན་སྨོན་ལམ་ནི་སྤྱི་ལོ་1970ལོར་རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་ཤེས་རབ་སོགས་བྱོན་པའི་གནས་མཆོག་བོད་ལྷོ་ཁ་གོང་དཀར་རྫོང་སྟོང་ར་ཞེས་པར་སྐྱེས་ལ། ལོ་བདུན་ལ་རང་གྲོང་སློབ་ཆུང་དུ་བསྐྱོད། བཅུ་དགུ་ནས་ལྷ་སར་མཁས་པའི་དབང་པོ་རྗེ་བླ་མ་ཚུལ་ཁྲིམས་རྒྱལ་མཚན་ཞབས་དང་མཁན་ཚེ་རྣམ་རིན་པོ་ཆེ། རྗེ་ལམ་རིམ་པ། རྒན་ཡེ་ཤེས་བྱམས་པ་སོགས་བཤེས་གཉེན་བཅུ་བདུན་ཙམ་བསྟེན་ནས་ཐོས་པ་བྱས། སྤྱི་ལོ་1996ལོར་རྗེ་བླ་མ་ཚུལ་ཁྲིམས་རྒྱལ་མཚན་གྱི་བཀའ་མངགས་ལྟར་ས་ལུགས་ཀྱི་མགོན་པོ་ཆེ་ཆུང་དང་། ཚར་འཇིགས་བེའུ་འབུམ་སོགས་པོད་བཅུ་ཙམ་ཐོག་མར་འཚོལ་བསྡུ་བྱས། སྤྱི་ལོ་2003ལོ་ནས་དཔལ་ལྡན་འབྲས་སྤུངས་ཀྱི་དཀར་ཆག་བསྒྲིག་ཞུས་ལས་ཀ་དང་དཔལ་བརྩེགས་སུ་དགེ་རྒན་དང་། དགོན་སྡེ་ཁག་གི་དཔེ་ཉོག་གཙང་སེལ་དང་ཞུ་དག་བྱས། སྤྱི་ལོ་2006ལོ་དཔལ་ཞ་ལུ་དགོན་དང་རྒྱལ་རྩེ་དཔལ་ཆོས་དགོན་གྱི་དཔེ་རྙིང་དཀར་ཆག་བསྒྲིགས། གཞན་ཡང་བོད་ལྗོངས་དཔེ་མཛོད་ཁང་གི་དཀར་ཆག་བསྒྲིག་རོགས་ལའང་བསྡད། སྤྱི་ལོ་2007ནས་ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་པ་གཉེར་ནས་ས་སྐྱ་བཀའ་འབུམ་དཔེ་བསྡུར་མ་སོགས་དེབ་38ཙམ་བསྒྲིགས། སྤྱི་ལོ་2011ནས་སྨོན་བཟང་དཔེ་རྙིང་འཚོལ་བསྡུ་ཁང་བཙུགས་ནས་ལས་གཞི་རྒྱ་ཆེ་རུ་བཏང་ལ། སྤྱི་ལོ་2014ནས་དཔལ་མི་ཉག་བཀའ་བཞི་དགོན་གྱི་མཆོག་སྤྲུལ་སངས་རྒྱས་བཟང་པོ་རིན་པོ་ཆེས་དབུ་འཛིན་དང་སྦྱིན་བདག་གཅིག་ལྕོགས་མཛད་པའི་བཀའ་དྲིན་ལས། ད་ལྟ་མདོ་འགྲེལ་ཕྱོགས་བསྡུས་དེབ་280 གསུང་འབུམ་དེབ་88 བཅུ་རིག་དཔེ་དཀོན་སོགས་37 ལོ་རྒྱུས་དཔེ་དཀོན་དེབ་40 གལ་ཆེན་ཡིག་ཆ་དེབ་20 དགོན་པ་སོ་སོའི་འདོན་ཆ་སོགས་པོད་དེབ་30ཙམ་བཅས་ལས་པ་དང་ད་དུང་མུ་མཐུད་ལས་བཞིན་ཡོད། ཞོར་དུ་རང་ཉིད་ཀྱིས་ལོ་མང་དཔེ་རྙིང་ལ་རོལ་བའི་ཉམས་མྱོང་སྐོར་སོགས་བརྩམས་ཆོས་ཚན་པ་ཉི་ཤུ་ཙམ་ལ་ཁྱོན་དེབ་ཆེན་བཞི་ལྷག་ཡོད། སྔ་ཕྱིར་སློབ་ཆུང་ནས་འབུམ་རམས་པའི་བར་གྱི་སློབ་མ་ཁྱོན་ལྔ་བརྒྱ་ཙམ་ལ་རིན་མེད་ཀྱི་བཟོ་རིག་མ་ཡིན་པའི་རིག་གནས་དགུའི་སློབ་ཁྲིད་ཀྱང་རྒྱུན་དུ་བྱེད་བཞིན་པའོ། །  


འཇམ་དབྱངས་རྒྱལ་མཚན།

嘉样堪布

   མཁན་ཀརྨ་འཇམ་དབྱངས་རྒྱལ་མཚན་མཆོག་ནི་ཉག་རོང་ལྕགས་མདུད་འབྲུག་མོ་རྫོང་གི་རྨ་རུ་མདོ་ལུང་སྡེ་བ་རུ། མཆོག་གསུམ་ལ་དད་གུས་དང་ལྡན་པའི་ནང་པའི་ཁྱིམ་ཚང་ཞིག་ཏུ་1962ལོའི་བོད་ཟླ་8པའི་ཚེས་6ཉིན་སྐུ་བལྟམས། དགུང་ལོ་བདུན་གྱི་ཐོག་བོད་ཡིག་འབྲི་ཀློག་ལ་བསླབ་ཅིང་། དགུང་ལོ་བརྒྱད་ཀྱི་སྟེང་མཆོག་སྤྲུལ་བསོད་ནམས་སྙན་གྲགས་རིན་པོ་ཆེའི་སྐུ་མདུན་ནས་རབ་ཏུ་བྱུང་སྟེ་སྔོན་འགྲོ་བློ་ལྡོག་རྣམ་བཞི་ནས་བཟུང་འོད་གསལ་རྫོགས་པ་ཆེན་པོའི་བར་གྱི་གདམས་ཁྲིད་རྣམས་ལེགས་པར་ཐོབ། དེ་ནས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་། སྤྲུལ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་དང་། སྤྲུལ་སྐུ་རྡོར་བློ། རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ། དགེ་བཤེས་སྐལ་བཟང་དམ་ཆོས་སོགས་མཁས་ཆེན་དམ་པ་དུ་མ་ལ་བསྟེན་ཏེ་གསར་རྙིང་རིས་མེད་ཀྱི་གྲུབ་མཐའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེར་མཛད།

  གཞན་བོད་ཀྱི་དམ་པ་མང་པོར་བོད་ཀྱི་རིག་གཞུང་དང་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཐུགས་སྨོན་བགྲོ་གླེང་བཅས་མཛད་པས་མི་ཞུམ་པའི་སྤོབས་པ་ཐུགས་རྒྱུད་ལ་ལེགས་པར་འཁྲུངས་ལ། སྐུ་ངལ་ལ་མ་འཛེམས་པར་བསྟན་པའི་མཐུན་རྐྱེན་དུ་དགོན་སྡེ་སོ་སོའི་འདུ་ཁང་རྟེན་དང་བརྟེན་པ་བཅས་བསྐྱར་བཞེངས་སོགས་སྐྱེ་འགྲོའི་ཐུགས་སྨོན་དང་མཐུན་པར་མཛད་པར་མ་ཟད། ད་དུང་བོད་ལྗོངས་དང། མཚོ་སྔོན། ཀན་སུའུ་སོགས་ཕྱོགས་གཞན་གྱི་དགོན་སྡེ་ཁག་དང་ཡུལ་སྡེ་དུ་མར་ཕེབས་ནས་དད་ལྡན་སེར་སྐྱ་ཡོངས་ལ་དམ་པའི་ཆོས་ཀྱི་སྤང་བླང་གི་གནད་བསྟན་ཅིང་སྨིན་གྲོལ་གྱི་བདུད་རྩིའི་ཆར་ཕབས་པར་མཛད། ཁོང་གིས་ནམ་ཡང་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དེང་རབས་སློབ་གསོའི་ལས་དོན་ལ་དུས་ཀུན་ཏུ་ཐུགས་བཞེས་གནང་བཞིན་ཡོད་ལ། དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་ཁམས་པ་བྱམས་བརྩེའམ་མཚོ་ཁ་རེ་བའི་སློབ་གྲྭ་དང་། བོད་ལྗོངས་གོ་འཇོ་བྲག་ནག་སློབ་གྲྭ། བོད་ལྗོངས་ཆབ་མདོ་སྤེན་པ་རྫོང་གི་སློབ་གྲྭ་སོགས་བོད་ཀྱི་རྨང་གཞིའི་སློབ་གསོ་དམ་འཛིན་བྱེད་པའི་དམིགས་འདུན་བཅངས་སྟེ་སློབ་གྲྭ་བརྒྱད་ཀྱི་སློབ་ཁྲིད་དགེ་རྒན་བཀོད་སྒྲིག་དང་། སློབ་གྲྭ་འཛུགས་སྐྲུན། སློབ་མ་བསྡུ་ལེན་བྱས་པ་མ་ཟད། ད་དུང་དགེ་སློབ་ཡོངས་ཀྱི་འཚོ་བའི་མཐུན་རྐྱེན་གྱི་འགན་གཅིག་ལྕོགས་ཀྱིས་བཞེས་ཀྱི་ཡོད་ལ། ས་གནས་འདི་དག་གི་སློབ་གསོའི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་དང་འཐོབ་བཞིན་ཡོད།

  སྤྱི་ལོ་2019ལོའི་ལོ་མགོ་ནས་བཟུང་སྟེ། མཁན་པོ་ཀརྨ་འཇམ་དབྱངས་རྒྱལ་མཚན་དང་འཇམ་བློ། ཀླུ་རྡེའུ་རྟ་མགྲིན་སྐྱབས་གསུམ་གྱིས་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་དབུ་ཁྲིད་བྱ་བའི་འགན་བཞེས་ཤིང་། ཁོང་དང་འཇམ་བློ་ཡིས་ཚོགས་གཙོའི་འགན་བཞེས་ཡོད་ལ། ཀླུ་རྡེའུ་རྟ་མགྲིན་སྐྱབས་ཀྱིས་སྤྱིའི་རྩོམ་སྒྲིག་ལག་བསྟར་བའི་འགན་གནང་སྟེ། ཐུན་མོང་སྒོས་བོད་ཀྱི་དཔེ་རྙིང་རིག་གནས་གོང་འཕེལ་ལ་མཛད་རྗེས་གང་ནུས་འཇོག་པ་དང་ལྷག་པར་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་འདི་མི་ཉམས་ཡར་རྒྱས་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་པར་ཐུགས་འདུན་དང་ཡིད་ཆེས་གཙང་མས་གཏམས་ཡོད། །  


ཀརྨ་རྒྱལ་མཚན །

噶玛降村

ཀརྨ་རྒྱལ་མཚན་ཁོང་གིས་དཔེ་རྙིང་འཚོལ་སྡུད་ཀྱི་བྱ་བ་ཐོག་མར་འགོ་བརྩམས་པ་ནི་སྤྱི་ལོ་1998ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་འཚོལ་སྡུད་སྐོར་གྱི་ལས་ཀའི་གྲོས་འཚོགས་ཐེངས་དང་པོ་དར་རྩེ་མདོ་འཚོགས་པ་ནས་བཟུང་། ད་བར་ལོ་ངོ་སུམ་ཅུའི་རིང་དུ་ཁོང་ལོང་ནམ་ཡོད་དཔེ་རྙིས་འཚོལ་སྡུད་དང་དཀར་ཆག་ཕྱོགས་བསྒྲིགས་སོགས་ཀྱི་ཕྱག་ལས་གནང་ཡོད།
དེའང་ཐོག་མར་བོད་ཡིག་གི་དཔེ་རྙིང་འཚོལ་སྡུད་བྱེད་པ་ལ་དཔེ་རྙིང་གང་དུ་ཡོད་པ་སོགས་རྩ་བའི་རྨང་གཞིའི་བཏིང་བའི་ཆེད་དུ། བོད་ལྗོངས་གཞིས་རྩེའི་ས་སྐྱའི་དཔེ་བརྩེགས་ཁང་དང་ཞ་ལུ། སྣར་ཐང་དང་བཀྲ་ཤིས་ལྷུན་པོ། ལྷ་སའི་པོ་ཏ་ལ། ནོར་བུ་གླིང་ཁ། སེ་འབྲས་དགའ། ཨ་མདོའི་རྗེ་སྐུ་འབུམ། བླ་བྲང་བཀྲ་ཤིས་འཁྱིལ། ཁམས་ཕྱོགས་སྡེ་དགེ་དཔལ་སྤུངས། སྡེ་དགེ་པར་ཁང་། པེ་ཅིང་རྒྱལ་ཁབ་དཔེ་མཛོད་ཁང་། མི་རིགས་རིག་གནས་ཕོ་བྲང་ཁང་། སྐུ་ཞབས་རྗེན་ལགས་ཀྱིས་བཙུགས་པའི་ཨ་རི་དཔེ་མཛོད་ཁང་དང་ལྷོ་ཀོ་རེ་ཡ་རྒྱ་ཡིག་བཀའ་འགྱུར་པར་ཁང་སོགས་སུ་ཕྱིན། དཔེ་རྙིང་ལ་ཕྱོགས་ཙམ་ཆ་རྒྱུས་བྱུང་རྗེས། ཐོག་མར་སྡེ་དགེའི་སྤར་ཁང་གི་པར་ཤིང་དཀར་ཆག་བོད་རྒྱ་ཤན་སྦྱར་ཅན་དེ་གསར་བསྒྲིགས་བྱས། སྤྱི་ལོ་2004ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་ད་བར་པར་ཐེངས་གསུམ་བཏབ་པ་ཡོད། ལོ་དེར་པེ་ཅིང་རྒྱལ་ཁབ་དཔེ་མཛོད་ཁང་དུ་སོང་ནས་དཔལ་སྤུངས་དགོན་པའི་པར་གཞིའི་དཔེ་རྙིང་ཤོག་ངོས་ཁྲི་བཅུ་བཞི་ལྷག་རྒྱལ་ཁབ་དཔེ་མཛོད་ཁང་དང་མཉམ་དུ་གློག་རྡུལ་བཤེར་འབེབས་བྱས་ཏེ་སོ་སོར་གློག་རྡུལ་འཁོར་ལོ་ཚར་རེ་ཉར་ཚགས་བྱས། དེའི་དཀར་ཆག་བོད་རྒྱ་ཤན་སྦྱར་ཅན་གསར་བསྒྲིགས་བྱས་ཀྱང་ད་དུང་དངོས་སུ་པར་དུ་བཏབ་མེད། དེ་རྗེས་གཟན་དཀར་ཐུབ་བསྟན་ཉི་མ་དང་ འཆི་མེད་རིག་འཛིན། འཆི་མེད་རྡོ་རྗེ་སོགས་ཀྱིས་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་ནས་དཔལ་སྤུངས་དགོན་པའི་དཔེ་རྙིང་གི་གཙོས་པའི་ཁམས་ཕྱོགས་ཀྱི་དཔེ་རྙིང་ཤོག་ངོས་ཁྲི་བཞི་བཅུ་ལ་ཉེ་བར་གློག་རྡུལ་བཤེར་འབེབས་བྱས་ཏེ་གློག་རྡུལ་འཁོར་ལོ་ཉར་ཚགས་བྱས་ཡོད། དེ་ལ་རིགས་དབྱེ་ཀྱི་དཀར་ཆག་དང་ཆོས་ཚན་གྱི་དཀར་ཆག་སོགས་བསྒྲིགས་དང་སྒྲིག་བཞིན་ཡོད། དེ་དག་ལས་མང་པོ་ཞིག་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཁང་དང་འཇམ་བློ་སོགས་ཀྱིས་ཕྱོགས་བསྒྲིགས་གནང་བའི་དཔེ་ཚོགས་ནང་དུ་བསྡུས་འདུག

སྔོན་རྗེས་སུ་ཁོང་ཉིད་ཀྱིས་རེ་སྨོན་ལྟར་སི་ཁྲོན་མི་རིགས་སློབ་གླིང་གི་བོད་ཡིག་དཔེ་རྙིང་ཁང་དང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ལོ་རྒྱུས་རིག་དངོས་དཔྱད་ཞིབ་ཁང་དུ་སྡེ་དགེ་པར་ཁང་གི་པར་གཞིའི་དཔེ་ཆ་གཙོས་པའི་དཔེ་རྙིང་འབོར་ཆེན་ཉར་ཚགས་བྱས་ཡོད་ལ། སྲིད་གྲོས་དཔེ་ཁང་གི་བཀའ་བསྟན་འགྱུར་སོགས་བོད་ཤོག་ཁོ་ན་ཐོག་བཏབ་པ་མ་ཟད། གླེགས་ཐག་དང་གླེགས་ཤིང་། ཆབ་མགོ གདོང་རྟགས་སོགས་ཕྱི་ནང་གི་སྒྲིག་ཆས་ཡོད་ཚད་དེང་སང་མིའི་བློར་མི་ཤོང་བ་ལྟར་བྱས་ཡོད། དེ་མིན་ཁོང་ཁོམ་པ་ནམ་ཡོད་དཔེ་རྙིང་འཚོལ་སྡུད་དང་ཕྱོགས་བསྒྲིགས་བྱས་ཏེ། སི་ཏུ་བཀའ་འབུམ་པོད་ཆེན་བཅུ་བཞི་དང་དེ་དག་གི་དཀར་ཆག་ཞིབ་རྒྱས་སུ་བཀོད་པ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་རྟོགས་བརྗོད་པོད་གཉིས། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་པོད་གཉིས། བོད་རྒྱུད་རི་མོའི་ཐིག་རྩ་མཁས་པའི་ཞལ་རྒྱུན་པོད་ཆུང་གཅིག་བཅས་འབྲེལ་ཡོད་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་ཡོད། །  
ཚེ་རིང་རྡོ་རྗེ།

才让多吉


ཚེ་རིང་རྡོ་རྗེ་ནི་རབ་བྱུང་བཅུ་བདུན་པའི་ས་རྟ་སྤྱི་ལོ་1978ལོར་མདོ་ཁམས་རྫ་ཆུ་ཁའི་ཁྲོམ་གཟའ་འགབ་མ་རུ་སྐུ་འཁྲུངས་ཤིང་། དགུང་ལོ་བདུན་བརྒྱད་ཙམ་ནས་ཡབ་གསང་མགོན་ལས་སྦྱོར་ཀློག་འབྲི་གསུམ་གྱི་ཐོག་མའི་སློབ་སྦྱོང་གི་ལམ་ཁར་ཞུགས། དགུང་ལོ་བཅུ་གཅིག་སོན་པ་ན་བསྙེན་པར་རྫོགས།

ཚེ་རིང་རྡོ་རྗེས་དཔེ་རྙིང་འཚོལ་སྡུད་ཀྱི་ལས་ཀ་དེ་རང་གི་འོས་འགན་ཞིག་ཏུ་བརྩིས་ནས་མི་ལོ་ཉི་ཤུའི་སྔོན་ནས་རྒྱལ་ཁབ་ཕྱི་ནང་གི་ས་གནས་མང་པོར་ཕེབས་ནས་རང་ནུས་ཅི་ཡོད་ཀྱིས་དཔེ་རྙིང་འཚོལ་སྡུད་གནང་བའི་ལས་ལ་བརྩོན། ཁོང་གིས་ཧི་མ་ལ་ཡའི་རིག་མཛོད་ཁང་ཞེས་པ་གཉེར་ནས་སྔ་རྗེས་སུ་དཔེ་རྙིང་ཁྲི་གཅིག་ལྷག་ཙམ་བསྡུ་སྒྲིག་གནང་ནས་མི་བདུན་ཅུ་ཙམ་གྱིས་ཉིན་མཚན་གོ་སྦྲེལ་གྱིས་བསྡུ་སྒྲིག་དང་གློག་རྡུལ་དུ་ཕབ་ཅི་ནུས་གནང་། ཁོང་གི་མཐར་ཐུག་གི་དམིགས་ཡུལ་ནི་བོད་ཀྱི་དཔེ་རྙིང་མཐའ་དག་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་ནས་རིགས་དབྱེ་སྟེ་རིམ་བཞིན་ལོ་རེ་པོད་བརྒྱ་ལྷག་ཙམ་དཔེ་སྐྲུན་གནང་རྒྱུ་དེ་རེད།

མིག་སྔར་ཧི་མ་ལའི་རིག་མཛོད་ཁང་གིས་འཚོལ་སྡུད་ཞུ་དག་སོགས་ཚད་ལྡན་གྱིས་གསུང་འབུམ་ཆ་ཚང་ལ་པོད་དགུ་བཅུ་གོ་ལྔ་ཅན་གྱི་བོ་དོང་གསུང་འབུམ་ཆེན་མོ་ཚར་སུམ་སྟོང་པར་སྐྲུན་བགྱིས་ནས་དགོན་སྡེ་དང་སློབ་གྲྭ། དཔེ་མཛོད་ཁང་སོགས་བོད་ཙམ་མ་ཡིན་པར་རྒྱལ་ཁབ་དང་ས་གནས་མང་པོར་རིན་མེད་གཟིགས་འབུལ་བྱས་དང་བྱེད་མུས་སུ་ཡོད་པ་ལྟར། དགོན་སྡེ་ཁག་དང་བཤད་གྲྭ། སློབ་གྲྭ། དཔེ་མཛོད་ཁང་སོགས་ལ་ཧི་མ་ལའི་རིག་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་མཛོད་ཆ་ཚང་རེ་རིན་མེད་གཟིགས་འབུལ་བྱ་རྒྱུའི་འཆར་གཞི་བཙུགས་པ་སོགས་ཁོང་གིས་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་བྱ་བ་རླབས་པོ་ཆེ་བསྒྲུབས་པའི་ངལ་བ་རྒྱན་དུ་བཏགས་ནས་ཡོད།

ཁོང་ལ་བོད་ཀྱི་རིག་གནས་དར་སྤེལ་མཁན་དང་ཐབས་ལམ་གསར་པའི་ལམ་ནས་བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་པའི་སྔོན་སྐྱོད་པ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད། ཁོང་ནི་དོན་དངོས་ཀྱི་དུས་རབས་དང་བསྟུན་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཕོ་ཉ་བ་གསར་པ་ཞིག་དང་མིའི་རིགས་ལ་ཞབས་འདེགས་སྒྲུབ་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་གོ ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1