ཤེས་དཔལ་གྱི་འོད་དང་བསྐྱར་དར་གྱི་ལམ་བུར་འཕྲོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་སྲུང་སྐྱོབ་གནང་བའི་དངོས་བྲིས་སུ་འདི་ལྟར་བཀོད་ཡོད་དེ། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་དང་རྒྱ་ཆེའི་ས་གཞི་ཆེན་མོའི་ཐོག་ཉར་ཚགས་བྱས་པའི་ཤུལ་དངོས། གནའ་དཔེའི་ནང་བྲིས་པའི་ཡི་གེ་བཅས་ཚང་མ་གསོན་ཐུབ་པ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་དང་མཉམ་དུ་མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་དང་བསམ་པའི་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་དགོས། དེ་ཡང་སྤྱི་ཚོགས་ཀྱི་གྲུ་ག་སོ་སོ་ན་རིག་གནས་བསྡུ་སྒྲིག་དང་གནའ་རྫས་མྱུར་སྐྱོབ་ཀྱི་ལས་ལ་ནུས་ཤུགས་གང་ཡོད་བཏོན་པའི་མི་མང་། འོག་ནས་ང་ཚོས་བརྗོད་པར་བྱ་བའི་སི་ཁྲོན་ཞིང་ཆེན་དཔེ་རྙིང་བསྡུ་སྒྲིག་ཁང་དང་འགན་འཛིན་འཇམ་བློ་ནི་དཔེ་རྙིང་བསྡུ་སྒྲིག་དང་གནའ་རྫས་མྱུར་སྐྱོབ་ཕྱོགས་སུ་བྱས་རྗེས་ཆེ་བའི་མི་སྣ་གལ་ཆེན་ཞིག་ཏུ་གྱུར་ཡོད།
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་ནས་བགྲང་བྱ་བཅུ་འཁོར་བའི་དུས་སྟོན་དང་འབྲེལ་བའི་ཤིས་བརྗོད་ལྷ་དར་དཀར་པོ།
སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གིས་གནང་བའི་རྒྱ་བོད་རིག་གནས་བརྗེ་རེས་གནས་གཞིའི་སྒོ་བྱང་གནང་བ།
四川省图书馆颁发的汉藏文化交流基地门牌
ཉག་འཇམ་དབྱངས། 文 / 聂·嘉样
རྣམ་རྟོག་ལས་ཀྱིས་འཁོར་བར་བྱིངས་པའི་མ་ལུས་སེམས་ཅན་ཀུན་སྒྲོལ་ཕྱིར། །
མཁྱེན་པའི་མཐར་སོན་འགྲོ་བའི་མོས་པར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །
མི་བརྗེད་གཟུངས་འཛིན་སྐྱེས་བུ་དག་གིས་བཀའ་བསྡུའི་མཛད་པ་བླ་མེད་བསྐྱངས། །
སྟོན་པའི་བཀའ་དང་རྗེས་འབྲེལ་བསྟན་བཅོས་འཛམ་གླིང་མཛེས་པའི་རྒྱན་ཏུ་གྱུར། །
དེ་ལྟར་བོད་ཀྱི་ཆོས་རྒྱལ་རྣམས་དང་ལོ་པཎ་གསེར་ཕྲེང་རིམ་བྱོན་གྱིས། །
མདོ་སྔགས་ཆོས་ཀྱི་ཟབ་རྒྱས་གཙུག་ལག་བསིལ་ལྡན་གངས་རིའི་ལྗོངས་ལ་སྤེལ། །
སྲིད་པའི་མཛེས་རྒྱན་གངས་ཅན་རིག་མཛོད་གསེར་གྱི་པོ་ཏི་རི་བོའི་བཏོས། །
མཉམ་པ་འདི་ཉིད་འཇིག་རྟེན་ཆེན་པོ་སྣོད་དུ་ཆུང་སྙམ་འཕྱང་མོ་ཉུག །
ཟབ་དང་རྒྱ་ཆེའི་ཡང་དག་དགོངས་པ་འཁྲུལ་མེད་འགྲེལ་བའི་བསྟན་བཅོས་རྣམས། །
ཆོལ་གསུམ་ལྗོངས་ལ་ཚུལ་བཞིན་སྤེལ་བས་རིག་གཞུང་མཐའ་ཡས་རྒྱ་མཚོའི་དཔལ། །
མི་ཟད་བདུད་རྩིའི་བཅུད་ཀྱིས་གཏམས་པའི་གླེགས་བམ་རིན་ཆེན་ནོར་བུའི་མཛོད། །
ཅི་དགར་སྤྱོད་པས་སྲིད་པའི་ཡང་རྩེ་ཤེས་རིག་འོད་ཀྱིས་ཁྱོན་ཀུན་ཁྱབ། །
སྒྲ་ཚད་བཟོ་གསོ་ནང་རིག་སྙིང་བོ་འབྲས་ལྡན་ཕུན་ཚོགས་སྙེ་མའི་བཅུད། །
སྙན་དངགས་མངོན་བརྗོད་སྡེབ་སྦྱོར་དང་བཅས་ཟློས་གར་སྐར་རྩིས་རིག་གཞུང་ཆར། །
གངས་རིའི་ལྗོངས་ཀྱི་དབྱིག་འཛིན་སྤོ་ལ་ལྷམ་མེར་བཞད་པའི་སྟོབས་དག་གིས། །
མགོ་ནག་བོད་རྣམས་ཇི་སྲིད་བར་དུ་བཅུ་ཕྲག་རིག་པའི་གནས་ཀྱིས་གཏམས། །
དེ་ཡི་ལས་དོན་རླབས་ཆེན་བཞེས་མཁས་སི་ཁྲོན་དཔེ་རྙིང་བསྡུ་སྒྲིག་ཁང་། །
བགྲང་བྱ་བཅུ་ཡི་སྨིན་འབྲས་ཡོད་ཚད་ཤེས་ལྡན་མགུ་བའི་ལག་རྟགས་སུ། །
བྱུར་བུར་གཏམས་པས་གང་གི་མཚན་འཛིན་སྐལ་ལྡན་སྐྱེ་བོ་ཡོད་དོ་ཅོག །
འདི་ཡི་ལས་ཀྱིས་ཡིད་རབ་འཕྲོག་སྟེ་བསྟོད་པའི་སྨོན་ཚིག་ཅི་ཡང་ཕུལ། །
ད་ལ་སྔོན་བྱས་གཡུར་ཟའི་འབྲས་བུ་དཔྱོད་ལྡན་སྤྱན་དུ་བསྟར་བ་དང་། །
འབྱུང་འགྱུར་ཅི་ཞིག་ཅི་ལྟར་སྒྲུབ་པའི་སྐུལ་ལྕག་སྤོབས་པའི་གོ་ཆ་དེ། །
ལུས་ལ་བགོས་ཏེ་ཞུམ་མེད་དཔའ་བོའི་ངང་ཚུལ་འཛིན་པའི་སྙིང་སྟོབས་ཀྱིས། །
བོད་ཡིག་དཔེ་སྐྲུན་ཡུན་རིང་གནས་པའི་སྨོན་འདུན་ཤིས་ཚིག་འདི་འབུལ་ལོ། །
སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་བཙུགས་པའི་ཐོག་མའི་ཀུན་སློང་།
ཉེ་ལམ། ཕྲན་གྱིས་འཇམ་བློ་ལགས་ལ་དཔེ་རྙིང་བསྡུ་སྒྲིག་གི་ཐད་ནས་བཅར་འདྲི་བྱེད་སྐབས་ཁོང་གིས་གཟན་དཀར་ཐུབ་བསྟན་ཉི་མ་དང་ལས་ཀའི་འབྲེལ་བ་བྱུང་ཚུལ་གསལ་བོ་ཞིག་གསུངས་བྱུང་།
2009ལོའི་ཟླ་8པའི་ཟླ་མཇུག་ཙམ་དུ་ཁོང་ཉིད་བླ་མ་དཔེ་ཝར་མཆོག་སྤྲུལ་སྡེ་དགེ་གཡུ་འབྲུག་གདོང་དུ་བཞུགས་སྐབས་སྐུ་མདུན་ལ་བཅར་ཏེ། ཐུན་མོང་རིག་གནས་སྐོར་གཙོ་བོར་གྱུར་པའི་ཡིག་ཆ་ཁག་གཅིག་འཚོལ་བསྡུ་དང་ཕྱོགས་སྒྲིག་གི་འདུན་པ་ཡོད་ཚུལ་ཞུས་པར། བླ་མ་ཁོང་ཐུགས་དགྱེས་ཉམས་དང་བཅས་འོ་ཧ་ཅང་གིས་ལེགས་འདུག །ངས་ཁྱོད་ལ་རོགས་རམ་ཆེན་པོ་གང་ཡང་ནུས་མ་རེད་དེ། ངས་ཁྱོད་ལ་མི་སྣ་རྩ་ཆེན་ཞིག་ངོ་སྤྲོད་བྱེད་ཨ་གསུངས་ནས་དེ་མ་ཐག་ཞལ་པར་ཞིག་གནང་། གང་ན་བཞུགས་ཡོད་ཅེས་སོགས་འཚམས་འདྲི་གྲུབ་རྗེས་འདི་ནས་ངའི་སློབ་མ་ཁྲོཾ་རྡོ་ཁོ་དགོན་པའི་བླ་མ་འཇམ་བློ་ཞུ་བ་ཞིག་གིས་དཔེ་རྙིང་གི་ཕྱག་ལས་གནང་གི་ཡིན་གསུང་གི་འདུག་པས། ཁོང་ལ་བོད་ཀྱི་གསུང་རབ་ཐད་རྒྱུས་ཡག་པོ་ཡོད་རེད། ཁྱེད་ཀྱིས་ཁོང་ལ་བཀའ་སློབ་ལམ་སྟོན་ཅི་དགོས་གནང་རོགས་ཞེས་ཞུས་པ་དང་། ཞལ་པར་བདག་ལ་གཏད་གནང་སོང་བས། ཁྲོ་ཐར་འཇམ་བློ་ལགས་ཀྱིས་སྐུའི་འཚམས་འདྲི་དང་བཅས་རང་ཉིད་དང་རང་གི་བསམ་ཚུལ་ཉུང་ཙམ་ཞུས་རྗེས། ཐུགས་དགྱེས་པའི་ངང་འོ་ཧ་ཅང་ལེགས་པོ་རེད། ང་ཞང་ཀང་ལ་འགྲོ་གྲབས་ཀྱིས་གནམ་གྲུ་ཐང་ན་ཡོད། ངའི་ལག་ཁྱེར་ཁ་པར་ཨང་གྲངས་བླ་མ་ཚང་ནས་ལོངས་ལ་འབྲེལ་བ་གྱིས་དང་། རོགས་འདེགས་ཐུབ་པ་ཅི་འདུག་ན་བསྒྲུབ་ཅེས་གསུངས་བྱུང་། དེ་ནས་ཁོང་གིས་མི་ཚེའི་ནང་གཟན་དཀར་རིན་པོ་ཆེའི་གསུང་ཐོས་པ་ཐེངས་དང་པོར་སོང་བས་སེམས་ལ་དགའ་སྤྲོ་ཚད་མེད་འཕེལ། དེ་ནས་ཟླ་བཅུ་པའི་ནང་ལས་ཁུངས་དངོས་སུ་ཚུགས་ནས་ཁྲིན་ཏུའུ་ན་སྡོད་སྐབས་བྱང་སེམས་བདག་ཉིད་ཆེན་པོ་མཁན་ཆེན་དམ་པ་འཆི་མེད་རིག་འཛིན་མཆོག་གིས་ཁོང་ཉིད་ཆེད་དུ་ཁྲིད་ནས། གཟན་དཀར་རིན་པོ་ཆེའི་མདུན་དུ་བཅར་ནས་འཇམ་བློསས་རང་གི་ངོ་སྤྲོད་དང་བཅས་ཁོང་ལ་ལྷག་བསམ་དང་། དཔེ་རྙིང་གི་ཐད་ལ་ཉམས་མྱོང་མི་དམན་པ་འདུག་པས་རིན་པོ་ཆེས་མཐོང་གཟིགས་ཐུགས་ཁུར་རེ་མཛད་རོགས་ཞུས་པས། འོ་ཡིན་དང་ཡིན་གསུངས་ནས། པར་འདེབས་དང་། བཤེར་འབེབས། བསྐྱར་པར་འཕྲུལ་ཆས་བཅས་ཐེངས་ཁ་ཤས་ལ་གནང་བ་དང་། ཁྲིན་ཏུའུ་རུ་ནམ་ཕེབས་ལ་ལས་ཁུངས་སུ་ཆེད་ཕེབས་མཛད་ཅིང་། ཀུ་ཤུ་ཁ་པར་ཐོག་དང་པོ་དར་སྐབས་རིམ་པ་བཞི་པ་ཅན་ཞིག་ཕྱི་རྒྱལ་ནས་བསྣམས་ཏེ་རང་ལ་གནང་སོང་། མ་ཚད་དཔེ་རྙིང་འཚོལ་སྡུད་སྐབས་ཀྱི་ཐེངས་མང་པོའི་ལམ་གྲོན་ཡོངས་རྫོགས་གནང་བ་དང་། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེ་དང་། འཇམ་མགོན་ཨ་མེས་ཞབས་ཀྱི་གསུང་འབུམ། རྒྱལ་པོ་མདོ་བཅུ་རྩ་འགྲེལ་ཕྱོགས་བསྒྲིགས་ཀྱི་པར་སྐྲུན་གྱི་ཡོན་སྦྱར་བ། ལས་ཁུངས་ཆོག་མཆན་དགོས་ཚུལ་རྒན་ཚེ་པོ་མཆོག་ལ་གསུངས་ནས་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་པའི་སྒོ་བྱང་གནང་བ། རྒྱལ་ཁབ་དཔེ་མཛོད་ཁང་དུ་སྡོམ་གསུམ་སྐོར་པོད་བཅོ་ལྔ་པར་སྐྲུན་བྱེད་རྒྱུའི་ཚོགས་འདུར་ཆེད་དུ་ཕེབས་པ། ལས་ཁུངས་གནས་སྤར་ན་ལེགས་ཚུལ་གྱི་བཀའ་སློབ་དང་བཅས་རིན་པོ་ཆེ་སྐུ་དངོས་ས་གནས་དང་ཁང་པ་བཙལ་བར་ཉིན་གཉིས་ཀྱི་རིང་ལ་ཕེབས་པ་མ་ཟད། ལོ་མང་པོའི་རིང་ལ་ཁང་པའི་གླ་ཆ་གནང་བ། ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་གྲས་སུ་ང་ཚོའི་དཔེ་ཆ་འབོལ་ཆེན་བཞག་ན་ལེགས་ཚུལ་གྱིས་བསྐུལ་མ་གནང་བ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ལ་བརྡ་སྤྲོད་ཕྱོགས་བསྒྲིགས་མཉམ་འབྲེལ་གྱིས་པར་ན་ལེགས་ཚུལ་གྱིས་བཀའ་མོལ་ཕེབས་པ། རིན་པོ་ཆེས་བདག་རྐྱེན་ལས་བྱུང་བའི་དཔེ་རྙིང་རྩ་ཆེན་པོད་བརྒྱ་ཕྲག་གཡར་གནང་བ། ལས་ཁུངས་དོ་དམ་དང་མི་སྣ་གདན་འདྲེན་དགོས་ཚུལ་སོགས་ཀྱི་ཐད་ཕ་མས་བུ་ཕྲུག་ལ་གདམས་པ་ལྟ་བུའི་བཀའ་སློབ་ལམ་སྟོན་གནང་བ། ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་དང་། རྡོ་གྲུབ་རིན་པོ་ཆེ་སོགས་ལ་དངོས་དང་བརྒྱུད་ནས་ཁོ་བོའི་ལོ་རྒྱུས་ངོ་སྤྲོད་སྙན་ཞུ་ཕུལ་ནས་རྒྱབ་སྐྱོར་གནང་བ་བཅས་ཁོང་ལ་དངོས་བརྒྱུད་གང་རུང་ནས་རོགས་རམ་དང་མཐུན་རྐྱེན་མང་པོ་སྦྱར་རོ། །
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་དབུ་བརྙེས་པ།
འཇམ་བློས་དཔེ་རྙིང་བསྡུ་སྒྲིག་བྱེད་པའི་རྣམ་པ།
降洛搜集整理藏文古籍
སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནི་དཔེ་རྙིང་མཁན་པོ་འཇམ་བློ་ལགས་ཀྱིས་བོད་ཀྱི་རིག་གནས་སྤྱི་ལ་སྲི་ཞུ་སྒྲུབ་པའི་འདུན་པ་དང་བཅས་སྤྱི་ལོ་2009ལོའི་ཟླ་10པའི་ཚེས་15ཉིན་ཁྲེང་ཏུའུ་གྲོང་ཁྱེར་དུ་དབུ་ཚུགས་པ་དང་། ད་བར་དུ་ལོ་ངོ་བཅུའི་རིང་འབྲོག་པའི་རི་ཁ་དང་། རོང་གི་ཞིང་ཁ་འགྲིམས་ཏེ་བོད་ཀྱི་དཔེ་རྙིང་འཚོལ་བསྡུ་དང་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་འདི་ཡིན། དེ་ནས་བོད་ཀྱི་རིག་གནས་ལ་ལྷག་བསམ་ཁྱད་དུ་དཀར་བའི་མཁས་པའི་དབང་པོ་གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ་དང་། བོད་ཀྱི་རིག་གནས་འཕེལ་རྒྱས་ལ་ཤེས་འཇོན་ཐབས་གསུམ་ལྡན་པའི་དབུ་ཁྲིད་ཆེན་མོ་ཚེ་པོ་སོགས་ཀྱི་བཀའ་དྲིན་བསྐྱངས་པ་གཞི་བྱས། ཞིང་ཆེན་དཔེ་མཛོད་ཁང༌དང་། ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་རྣམས་ཀྱིས་མཐོང་གཟིགས་རྒྱ་ཆེར་གནང་ཐོག སྤྱི་ལོ་2011ལོར་ཞིང་ཆེན་རིམ་པ་དང་། རང་སྐྱོང་ཁུལ་རིམ་པའི་ཆེད་མཁས་པ་ཉི་ཤུ་ལྷག་བསྡུས་ཏེ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་པའི་ལས་ཁུངས་ཀྱི་སྒོ་བྱང་བཀལ་ཞིང་། བོད་ཡིག་དཔེ་རྙིང་གི་ལས་དོན་སྒྲུབ་པར་མཐུན་རྐྱེན་ཆེན་པོ་བསྐྲུན། དེར་བོད་ཡིག་དཔེ་རྙིང་གི་མ་དཔེ་ཕྱག་བྲིས་མ་དང་། པར་མ། དབུ་ཅན་དབུ་མེད་ཅན། འབྲི་ཤོག་སྣ་ཚོགས་སྤྱད་པའི་དཔེ་རྙིང་གཏོས་ཆེན་པོ་ཉར་ཚགས་ཞིབ་འཇུག་བྱེད་པ་དང་། དེ་མིན་བོད་ཀྱི་རིས་མེད་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཕྱོགས་བསྒྲིགས་གངས་ཅན་རིག་བཅུད་དང་། ཐུན་མོང་རིག་མཛོད། གཞུང་ཆེན་ཁག་གི་འགྲེལ་པ། བྱང་ཆུབ་ལམ་སྟོན། ཐར་ལམ་གསལ་སྒྲོན། མདོ་སྔགས་རིག་མཛོད། རིས་མེད་ཆོས་རིག་གཏེར་མཛོད། ས་སྐྱའི་ཆོས་མཛོད། གླིང་སྒྲུང་དཔེ་ཕྱོགས་བསྒྲིགས། ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས། འཇིག་རྟེན་མིག མེས་པོའི་ཕྱག་རྗེས། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་སོགས་དཔེ་ཚོགས་དག་ལ་དེའི་དགེ་མཚན་སྟོན་པའི་རིགས་དབྱེའི་མིང་བཏགས་སྟེ་བོད་ཡིག་དཔེ་རྙིང་རྣམས་དག་སྒྲིག་གང་ལེགས་བྱས་སྟེ་བོད་ཡིག་དཔེ་སྐྲུན་ཁང་དག་ཏུ་པར་སྐྲུན་བྱས་ཏེ་བོད་ཀྱི་རིག་གནས་འཕེལ་རྒྱས་དང་། ལྷག་པར་དུ་དུས་རབས་གསར་བའི་རིག་གནས་གོང་སྤེལ་གྱི་འགྲོས་དང་བསྟུན་ནས་དཔེ་སྐྲུན་དང་སློབ་གསོའི་བྱ་བར་མཛད་རྗེས་ཆེན་པོ་བཞག་ཡོད།
འཇམ་བློ་ལགས་བོད་ཡིག་དཔེ་རྙིང་འཚོལ་བསྡུའི་ཕྱོགས་སུ་སྤོས་པའི་གོམས་པ་དང་པོ།
降洛迈向藏文古籍搜集之路初始
གཞན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་དང་རིག་གནས་བརྗེ་རེས་ཀྱི་རྟེན་གཞི་བཙུགས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་འབུམ་རམས་པ་དང་། དགེ་རྒན་ཆེན་མོ། ཞིབ་འཇུག་པ་སོགས་ཆེད་མཁས་པ་མང་པོ་གདན་ཐོག་གཅིག་ལ་འཛོམས་སྟེ་བོད་ཀྱི་རིག་གནས་དང་དཔེ་རྙིང་ལས་དོན་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བར་སྟོབས་ཤུགས་ཆིག་སྒྲིལ་དང་འབད་བརྩོན་ལྷོད་མེད་ཀྱི་རྣམ་པ་གསར་བ་ཞིག་མངོན་པར་བྱས།
ཕྱོགས་སོ་སོའི་ཆེད་མཁས་པ་ཕེབས་ནས་བོད་ཡིག་དཔེ་རྙིང་འགྲེམས་སྟོན་ལ་གཟིགས་བཞིན་པ།
各方专家到四川省藏文古籍搜集保护编务院参观藏文古籍
སྤྱི་ལོ་2019ལོ་ནས་བཟུང་། མཁན་པོ་འཇམ་བློ་དང་མཁན་པོ་འཇམ་དབྱངས། ཀླུ་རྡེའུ་རྟ་མགྲིན་སྐྱབས་གསུམ་ལ་བོད་ཀྱི་དཔེ་རྙིང་བསྡུ་སྒྲིག་བྱ་བར་བརྩོན་སེམས་དང་གོང་འཕེལ་ཡོང་བའི་ལྷག་བསམ་སྐྱེས་ཏེ། རླབས་ཆེ་བའི་ལས་དོན་འདི་མི་ཉམས་དར་རྒྱས་སུ་འགྲོ་བར་མཉམ་འབྲེལ་གྲོས་ཆོད་དོན་ལྡན་བྱུང་ཞིང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བོད་ཀྱི་དཔེ་རྙིང་འཚོལ་བསྡུ་དང་མྱུར་སྐྱོབ། དག་སྒྲིག པར་སྐྲུན་སོགས་ཀྱི་ལས་རྒྱུན་བསྐྱངས་མུས་དང་། གྲུབ་མཐའ་རིས་མེད་དང་རིག་གནས་གོང་སྤེལ་གྱི་རྩ་དོན་གཞིར་བཟུང་སྟེ། བོད་ཡིག་དཔེ་རྙིང་གི་བྱ་བར་གྲུབ་འབྲས་ཡུར་དུ་ཟ་བ་བླངས་པ་དང་། ད་དུང་མུ་མཐུད་ནས་སྤྱི་ཚོགས་དེང་རབས་ཅན་ལ་བློ་ཁ་ཕྱོགས་ཤིང་། བོད་ཀྱི་སྲོལ་རྒྱུན་ལ་རྩིས་མཐོང་ཆེར་བསྐྱེད་ཀྱི་འདུན་པ་གཏན་དུ་བཅངས་སྟེ་མ་འོངས་འོད་སྟོང་འཕྲོ་བའི་ལམ་དུ་བསྐྱོད་པར་ཡིད་ཆེས་དང་སྤོབས་པས་ཁེངས་པ་དེའོ། །
འཇམ་བློ་ལགས་ཀྱིས་རང་གི་ཕ་ཡུལ་ནས་འཚོལ་བསྡུ་གནང་བའི་བོད་ཡིག་དཔེ་རྙིང་ཁག་ཅིག
降洛首次从自己家乡搜集的部分藏文古籍
བོད་ཡིག་དཔེ་རྙིང་འཚོལ་བསྡུ་དག་སྒྲིག་ལ་མཛད་རྗེས་ཆེ་བའི་གཟན་དཀར་ཐུབ་བསྟན་ཉི་མ་དང་། སྐབས་དེའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། སྐབས་དེའི་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་པོ། སྐབས་དེའི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་གཙོ་འཛིན་རྒྱལ་མོ་འབྲུག་པ་སོགས་སྐུ་དངོས་སུ་ཕེབས་ནས་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དག་སྒྲིག་ཐད་ཀྱི་བྱ་བར་མཛུབ་སྟོན་ཇུས་གཞི་གནང་བ།
著名藏文古籍研究员土登尼玛、时任中国藏学研究中心副总干事洛桑灵知多吉、时任四川省文化厅副厅长泽波、时任中国藏学出版社社长周华等到四川省藏文古籍搜集保护编务院指导实施工作。
རྒྱལ་ཁབ་དཔེ་མཛོད་ཁང་གི་དབུ་ཁྲིད་གཞོན་པ། རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་གཙོ་འགན་གཞོན་པ་བློ་མཐུན་ཀྲང་ཀྲི་ཆིན་ལགས།
国家图书馆副馆长、国家古籍保护中心副主任张志清到四川省藏文古籍编务院指导工作
སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་དབུ་ཁྲིད་གཞོན་པ་ཐན་ཧྥ་ཞང་ལགས།
四川省图书馆副馆长谭发祥到四川省藏文古籍搜集保护编务院指导工作
ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་དབུ་ཁྲིད་དང་འབྲེལ་ཡོད་ཆེད་མཁས་པ་དངོས་སུ་ཕེབས་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་བྱ་བར་མཛུབ་སྟོན་གནང་བ།
中国藏学出版社领导及相关专家到四川省藏文古籍搜集保护编务院指导工作
དཔེ་རྙིང་བསྡུ་སྒྲིག་ཁང་གིས་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་ལ་བོད་ཡིག་དཔེ་ཆ་ཕུལ་བ།
四川省藏文古籍搜集保护编务院向四川省捐赠藏文图书
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་གཙོ་འཇམ་བློ་དང་འཇམ་དབྱངས། སྤྱིའི་ལག་བསྟར་པ་རྟ་མགྲིན་སྐྱབས་གསུམ་གྱི་མཉམ་པར།
四川省藏文古籍搜集保护编务院会长降洛与嘉样、总执行旦正加合影
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་གཙོ་འཇམ་བློ་དང་ཀུན་བཟང་རིག་འཛིན་རྣམ་གཉིས་ཀྱིས་དེབ་གསར་པར་སྐྲུན་དབུ་འབྱེད་གནང་བཞིན་པ།
四川省藏文古籍搜集保护编务院会长洛堪布与根松仁增堪布在为出版新书开卷
ཧྲང་ཧེ་དཔེ་མཛོད་ཁང་དང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་འབྲེལ་ཡོད་དབུ་ཁྲིད་སྐུ་དངོས་སུ་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ལ་ཕེབས་ནས་བྱ་བར་མཛུབ་སྟོན་དང་ལྷན་པར་བསྐྱོན་པ།
上海市图书馆和四川省图书馆相关领导到四川省藏文古籍搜集保护编务院指导工作并合影留念
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་འཕེལ་རྒྱས་སུ་ཕྱིན་ཚུལ།
2011ལོར་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་སོགས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་བོད་ཡིག་ཆེད་མཁས་པའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་མྱུར་སྐྱོབ་བསྡུ་སྒྲིག་ཁང་དངོས་སུ་དབུ་བརྙེས་པའི་མཛད་སྒོའི་ཚོགས་འདུའི་ཡུལ་དངོས།
2011年四川省文化厅、四川省图书馆等相关单位领导和藏文古籍相关专家审定会暨同意成立四川省藏文古籍搜集保护编务院会议现场。
གོང་དུ་བཤད་པ་ལྟར་སྤྱི་གཉེར་ཁང་འདི་གཙོ་འགན་པས་སྤྱིར་བོད་ཀྱི་གནའ་དཔེ་ལ་ཞིབ་འཇུག་དང་འཚོལ་བསྡུ་བྱས་ནས་ལོ་ངོ་བཅོ་ལྔ་ཙམ་སོང་ཡོད་པ་དང་། ལས་ཁུངས་དངོས་སུ་ཚུགས་ནས་ལོ་ངོ་བཅུ་འདས་ཟིན། ཁྱད་པར་2011ལོར་ཞིང་ཆེན་དཔེ་མཛོད་ཁངདང་། ཞིང་ཆེན་གནའ་རྫས་སྲུང་སྐྱོབ་ལྟེ་གནས་བཅས་ཀྱིས་མཐོང་གཟིགས་རྒྱ་ཆེར་གནང་སྟེ། ཞིང་ཆེན་རིམ་པ་དང་། རང་སྐྱོང་ཁུལ་རིམ་པའི་ཆེད་མཁས་པ་ཉི་ཤུ་ལྷག་བསྡུས་ཏེ། སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ཞེས་པའི་ལས་ཁུངས་ཀྱི་སྒོ་བྱང་བཀལ་བ་དང་། ཆོག་མཆན་གནང་བ་ལྟར། དངོས་ཞུགས་ཚོགས་མི་སུམ་ཅུ་ཡས་མས་ཀྱིས་དཔེ་དཀོན་ཕྱོགས་བསྡུས་དང་། བཤེར་འབེབས། ཡིག་གཏགས། ཞུ་དག་བཅས་ཀྱི་ལས་ཀ་ཐང་ལྷོད་མེད་པར་བྱས་དང་བྱེད་བཞིན་པ་དང་། བོད་ཀྱི་རིས་མེད་མཁས་དབང་རིམ་བྱོན་གྱི་གསུང་འབུམ་ཕྱོགས་བསྒྲིགས་གངས་ཅན་རིག་བཅུད་དང་རིག་གནས་ཆུང་བ་ལྔའི་དཔེ་ཚོགས་ཐུན་མོང་རིག་མཛོད། གཞུང་ཆེན་ཁག་གི་འགྲེལ་པ་སོགས་ནང་རིག་པའི་སྐོར་ལ། བྱང་ཆུབ་ལམ་སྟོན་དང་། ཐར་ལམ་གསལ་སྒྲོན། མདོ་སྔགས་རིག་མཛོད། རིས་མེད་ཆོས་རིག་གཏེར་མཛོད་སོགས་རིས་སུ་མ་མཆིས་པའི་གསུང་རབ་གཅེས་བཏུས་དང་། ས་སྐྱའི་ཆོས་མཛོད་ལྟ་བུའི་ཆོས་བརྒྱུད་དམིགས་སུ་བཀལ་བ་དང་། གླིང་གེ་སར་གྱི་སྒྲུང་དཔེ་ཕྱོགས་བསྒྲིགས་ལྟ་བུའི་དམངས་ཁྲོད་རིག་གནས། ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས་ལྟ་བུ་ས་གནས་རང་བཞིན་ཅན་སོགས་དཔེ་ཚོགས་ཁག་མང་པོ་གླེགས་བམ་སྟོང་ཕྲག་གཅིག་ལྷག་ཙམ་འགྲེམ་སྤེལ་བྱས་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་སོགས་ནས་པོད་བརྒྱ་ཕྲག་མང་པོ་དཔེ་སྐྲུན་བྱས་ཡོད་ལ། ད་སྔོན་བོད་ཡིག་དཔེ་སྐྲུན་བྱེད་མ་མྱོང་བའི་རྒྱལ་ཁབ་དཔེ་མཛོད་ཁང་གི་དཔེ་སྐྲུན་ཁང་དང་། རྒྱལ་ཁབ་གྱི་ཚགས་པར་ཁང་ཆེན་པོ་འོད་ཟེར་ཉིན་རེ་ཚགས་པར་ཁང་སོགས་དང་འབྲེལ་ཏེ། བོད་ཡིག་དཔེ་སྐྲུན་གྱི་སྒོ་ཕྱེ། དཔེ་སྐྲུན་བྱས་ཟིན་པ་རྣམས་བོད་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་དང་། ས་གནས་དཔེ་མཛོད་ཁང་སོགས་ལ་རིན་མེད་གཟིགས་འབུལ་ཚར་གྲངས་བརྒྱ་ཕྲག་ལྷག་དང་། ཟི་ལིང་དང་། དཀར་མཛེས། གསེར་རྟ་སོགས་བོད་ཁུལ་གྱི་ས་གནས་སོ་སོར་ཚད་ལྡན་གྱི་དཔེ་ཚོང་ཁང་བཙུགས་ནས། དཔེ་ཚོགས་ཁག་རྒྱ་ཆེའི་ཀློག་པ་པོའི་འདོད་བློ་ལྟར་འགྲེམ་སྤེལ་བྱ་བཞིན་ཡོད། ཞོར་དུ་ན་གཞོན་མང་པོར་རྒྱ་བོད་དབྱིན་གསུམ་དང་། རྩིས་འཕྲུལ་བཀོལ་སྤྱོད་སོགས་གནའ་དེང་རིག་པའི་སློབ་ཁྲིད་དང་། བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་བསྟན་བདག་སྤྲུལ་སྐུ་དང་མཁན་པོ། དགེ་བཤེས་བཅས་ཆོས་ལུགས་མི་སྣའི་སྐོར་དང་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པ། རང་སྐྱོང་ཁུལ་རིམ་པ་སོགས་ཀྱི་ལས་བྱེད་མཐོ་རིམ་མི་སྣ། སློབ་གྲྭ་ཆེད་ཁག་གི་དགེ་རྒན་ཆེན་མོ་དང་། འབུམ་རམས་པ། ཞིབ་འཇུག་པ་སོགས་ཆེད་མཁས་པ་མང་པོ་གདན་ཞུས་དང་འབྲེལ། ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། འཆད་ཁྲིད། བགྲོ་གླེང་གི་སྐལ་བ་ཡང་སྤྲོད་བཞིན་ཡོད། 2015ལོར་སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི་ལས་གཞི་རྒྱ་བོད་རིག་གནས་བརྗེས་སྤེལ་རྟེན་གནས་ཞེས་པ་བཙུགས་ནས། ལས་གཞི་ལེགས་འགྲུབ་ཀྱི་ཆེད་དུ། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཅས་ནས་འབུམ་རམས་པ་དང་། དགེ་རྒན་ཆེན་མོ། ཞིབ་འཇུག་པ་སོགས་ཆེད་མཁས་པ་མང་པོ་གདན་ཞུས་དང་འབྲེལ། བྱ་བ་དངོས་ལ་འཇུག་བཞིན་ཡོད་པ་དང་། ད་དུང་དཔེ་རྙིང་ཞིབ་འཇུག་ཁང་དང་། གླིང་གེ་སར་དཔེ་རྙིང་ཞིབ་འཇུག་ཁང་། ཡིག་གཟུགས་འབྲི་སྦྱོང་དང་ལག་བྲིས་སྡེ་ཁག །དཔེ་རྙིང་མྱུར་སྐྱོབ་སྡེ་ཁག །རྒྱ་བོད་དབྱིན་གསུམ་གྱི་ཡིག་སྒྱུར་ཁང་སོགས་བཙུགས་ནས་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་གྱི་ལམ་ལ་སྐྱོད་བཞིན་ཡོད་དོ། །
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་ལོ་ངོ་བཅུའི་གྲུབ་འབྲས།
དཔེ་རྙིང་མྱུར་སྐྱོབ་སྐོར།
བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་ཀྱི་དགོན་སྡེ་ཁག་ལྔ་བཅུ་ང་ལྔ་དང་། ཁྱིམ་ཚང་ཉི་ཤུ་རྩ་གཉིས། དཔེ་མཛོད་ཁང་དང་། དངོས་མང་བཤམས་སྟོན་ཁང་། སློབ་གྲྭ་བཅས་ཉི་ཤུ་ཡས་མས། མ་ཟད་གནའ་ཤུལ་དང་། བྲག་ཕུག ། མཆོད་རྟེན་ཞིག་རོའི་ཤུལ་སོགས་ས་གནས་མི་འདྲ་བ་དུ་མ་ནས་བསྡུས་པའི་ཕྱག་དཔེ་རྩ་ཆེན་མང་པོ་རང་བྱུང་གི་གནོད་འཚེ་དང་། འབུ་དང་བྱི་བ་སོགས་སྲོག་ཆགས་ཀྱི་གནོད་འཚེ་ལས་བསྐྱབས་ཏེ། ཆོས་ཚན་ཁྲི་གཉིས་ཙམ་བཤེར་འབེབས་དང་། དཀར་ཆག་སྒྲིག་པ། རིགས་ཚན་དང་། ཆོས་བརྒྱུད་སོ་སོར་དགར་ནས་ཐོ་བཀོད་པ། མནབ་བཟའ་གསོལ་པ། དཔེ་རྙིང་མྱུར་སྐྱོབ་དང་། བདག་གཉེར་གལ་ཆེ་ཚུལ་གྱི་ཐབས་ལམ་གསལ་སྟོན་སོགས་ཀྱི་བརྒྱུད་རིམ་རྣམས་བརྒྱུད་དེ། དཔེ་བདག་སོ་སོ་ལ་རྩིས་སྤྲོད་ལེགས་པོར་བྱས་པ་དང་། ཁྱད་པར་དུ་པེ་ཅིང་དང་ཁྲེན་ཏུའུ། ལྷ་ས། ནང་སོག །ལན་ཀྲུ། མཚོ་སྔོན། ཡུན་ནན། དཀར་མཛེས། རྔ་བ། གཞིས་ཀ་རྩེ་བཅས་ཀྱི་རྙིང་ཚོང་ཁང་བརྒྱ་ལྷག་ཙམ་ལ་སོང་ནས། གསུང་རབ་དཔེ་རྙིང་ཆོས་ཚན་ཁྲི་བཅུ་ལྷག་ཡོད་པའི་གླེགས་བམ་སྟོང་ཕྲག་ལྔ་ལྷག་བླུས་ཏེ་དཔེ་ཆ་ཁ་འཐོར་དང་ཡུལ་གྱར་གྱི་ཉེན་ཁ་ལས་བསྐྱབས།
དཔེ་རྙིང་རྩ་ཆེན་སྐོར།
དཔེ་རྙིང་རྩ་ཆེན་གྱི་མ་ཡིག །
珍贵的藏文古籍原稿
སྨན་གྱི་རབས་ལྟ་བུ་བོད་བཙན་པོའི་སྐབས་ཀྱི་དཔེ་རྙིང་དང་། ཤིང་གྲོ་ག་ལ་བྲིས་པའི་གླིང་གེ་སར་གྱི་སྒྲུང་དཔེ་རྩ་ཆེན། པདྨ་བཀའ་ཐང་གི་མ་དཔེ་མི་འདྲ་བ་རྩ་ཆེན་དང་། བོན་པོའི་གཡེན་ཁམས་སོགས་སྲིད་པ་བོན་གྱི་དཔེ་རྙིང་རྩ་ཆེན། བོད་སོགས་ཤན་སྦྱར་གྱི་དཔེ་རྙིང་རྩ་ཆེན། རིན་པོ་ཆེ་སྣ་བདུན་གྱིས་བྲིས་པའི་དཔེ་རྙིང་རྩ་ཆེན། རི་མོ་དང་འབྲེལ་བའི་དཔེ་རྙིང་རྩ་ཆེན། ས་དཔྱད་དཔེ་རིས་ཅན་རྩ་ཆེན། རྒྱ་ནག་དང་སོག་པོ་སོགས་ཀྱི་སྤར་མ་རྩ་ཆེན། གཞན་ཡང་ཡིག་གཟུགས་དང་། གླེགས་བམ་ཆེ་ཆུང་། ནང་དོན། དག་ཆ། ཤོག་བུ། འབྲི་བྱེད་ཀྱི་རྒྱུ་ཆ། གླེགས་ཐག །གླེགས་ཆབ། དཔེ་ཐུམ། དུས་ཡུན་བཅས་མི་འདྲ་ཞིང་ཞིབ་འཇུག་གི་རིན་ཐང་ལྡན་པའི་དཔེ་རྙིང་སྣ་ཚོགས་འཛོམས་ཡོད།
དཔེ་ཚོགས་རྩོམ་སྒྲིག་བྱ་བའི་སྐོར།
ལས་བཟོ་བ་རྣམས་ཀྱིས་ཡིག་ཆ་ཕབ་ལེན་བྱེད་བཞིན་པ།
工作人员正在录入文献
དེ་ལྟར་བསྡུས་པ་རྣམས་ཀྱང་རིག་ཚན་སོ་སོར་བཀར་ཏེ་ཕྱོགས་བསྒྲིགས་བྱས་ཡོད་པ་བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་དང་། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས། མངོན་བརྗོད་སོགས་ཕྱོགས་བསྒྲིགས་ལ་ཐུན་མོང་རིག་མཛོད་ཅེས་པའི་དཔེ་ཚོགས་དང་། གླིང་གེ་སར་གྱི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ། གངས་ཅན་སྐྱེས་མའི་དཔེ་ཚོགས། ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས། གངས་ཅན་རིག་བཅུད། འཇིག་རྟེན་མིག། མེས་པོའི་ཕྱག་རྗེས་སོགས་དཔེ་ཚོགས་ཁག་མི་འདྲ་བ་བཅུ་ཕྲག་གཉིས་ལྷག་ལ་བགོས་ཏེ་རྩོམ་སྒྲིག་དང་། ཡིག་གཏགས། གཤིབ་བསྡུར། ཀློག་བསྡུར། ཞུ་ཆེན། ཞུ་ཆུང་། སྒྲིག་སྦྱོར། གཏན་འབེབས་སོགས་ཀྱི་བྱ་བར་ལྷོད་མེད་དུ་བརྩོན་བཞིན་ཡོད།
དཔེ་སྐྲུན་གྱི་བྱ་བའི་སྐོར།
དཔེ་རྙིང་བསྡུ་སྒྲིག་ཁང་དང་མཚོ་སྔོན་མི་རིགས་སློབ་ཆེན་ཙོང་ཁ་པ་ཞིབ་འཇུག་ལྟེ་གནས་གཉིས་ཀྱིས་དྲང་ངེས་ལེགས་བཤད་སྙིང་པོའི་རྩ་འབྲེལ་ཕྱོགས་བསྒྲིགས་པར་སྐྲུན་བྱེད་པའི་བགྲོ་གླེང་ཚོགས་འདུ།
四川省藏文古籍搜集保护与青海民族大学宗喀巴研究中心联合出版《宗喀巴大师了义注疏全集》
སྡེ་དགེ་རྫོང་དང་གླིང་སྒྲུང་དཔེ་རྙིང་པར་སྐྲུན་བྱེད་པའི་གྲོས་མཐུན་གན་རྒྱར་མིང་བཏགས་བཀོད་བཞིན་པ།
四川省藏文古籍搜集保护编务院与德格县签署《格萨尔古籍汇编》(1-118卷)出版协议
ལོ་ཟླའི་བཞུར་རྒྱུན་རིང་མོར་དཀའ་སྡུག་གིས་འབད་པའི་གྲུབ་འབྲས་དག་འབྲེལ་ཡོད་ཀྱི་དཔེ་སྐྲུན་ཁང་སོ་སོ་ནས་དཔེ་སྐྲུན་བྱས་པ་སྟེ། དེ་ཡང་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཆོས་བརྒྱུད་རིས་མེད་ཀྱི་མཁས་དབང་སོ་སོའི་གསུང་འབུམ་ཕྱོགས་བསྒྲིགས་གངས་ཅན་རིག་བཅུད་ཅེས་པའི་དེབ་ཕྲེང་ཉིས་བརྒྱ་ལྷག་ཙམ་དང་། ས་སྐྱའི་ཆོས་མཛོད་ཆེན་མོ་དེབ་ཕྲེང་དྲུག་ཅུ་ལྷག་མདོ་སྔགས་རིག་མཛོད་དེབ་ཕྲེང་ལྔ་བཅུ་ཡས་མས། ཁྲོཾ་ལྗོངས་གནའ་རབས་དཔེ་ཚོགས་དེབ་ཕྲེང་སུམ་ཅུ་བཅས་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉེར་ལྔ་དང་། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་པོད་ཉི་ཤུ། པོད་ཆེན་དྲུག་གི་རྩ་འགྲེལ་ཕྱོགས་བསྒྲིགས་པོད་ཉི་ཤུ། གངས་ཅན་སྐྱེས་མའི་དཔེ་ཚོགས་པོད་བཅོ་ལྔ། རྒྱལ་པོ་མདོ་བཅུ་རྩ་འགྲེལ་ཕྱོགས་བསྒྲིགས་པོད་བཅུ། བོད་ཡུལ་དམངས་ཁྲོད་གནའ་དཔེ་རྩ་ཆེན་ཕྱོགས་བསྒྲིགས་པོད་ལྔ་བཅུ་ང་གསུམ། གསོ་རིག་དཔེ་དཀོན་གཅེས་བཏུས་པོད་བཅུ་བཞི། གསོ་རིག་ཉེར་མཁོ་གཅེས་བཏུས་པོད་ལྔ། ངོར་ཆེན་ཀུན་དགའ་བཟང་པོའི་གསུང་འབུམ་པོད་བཞི། གསུང་ངག་ལམ་འབྲས་གཅེས་བཏུས་པོད་བརྒྱད་བཅས་དཔེ་སྐྲུན་བྱས་ཟིན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་གྱི་རྒྱལ་ཁབ་དཔེ་སྐྲུན་གྱི་ལས་གཞིའི་རྣམ་གྲངས་གྲས་སུ་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་དང་། གདན་རབས། གྲགས་ཅན་མི་སྣའི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས་མེས་པོའི་ཕྱག་རྗེས་ཞེས་པའི་དེབ་ཕྲེང་གཞན་ཡང་དེ་སྔོན་བོད་ཡིག་དཔེ་སྐྲུན་ཆེར་བྱ་མ་མྱོང་བའི་རྒྱལ་ཁབ་ཀྱི་ཚགས་པར་ཁང་ཆེ་ཤོས་འོད་ཟེར་ཉིན་རེའི་ཚགས་པར་ཁང་དང་། རྒྱལ་ཁབ་དཔེ་མཛོད་ཁང་གི་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་བཅས་ནས་ཀྱང་བོད་ཀྱི་གསུང་རབ་གང་མང་པར་དུ་བསྐྲུན་ཏེ་བོད་ཡིག་དཔེ་སྐྲུན་གྱི་བྱ་བ་རྒྱ་ཆེ་རུ་བཏང་།
དཔེ་ཚོགས་གཟིགས་འབུལ་བྱེད་སྒོའི་སྐོར།
རྒྱལ་ཁབ་དཔེ་མཛོད་ཁང་དང་། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་། བོད་ལྗོངས་དཔེ་མཛོད་ཁང་སོགས་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་སོ་སོ་དང་། བོད་ཀྱི་ས་གནས་སོ་སོའི་དགོན་པ་དང་། རྟེན་རྫས་བཤམས་སྟོན་ཁང་། པར་ཁང་། སློབ་གྲྭ་ཆེན་མོ། སྨན་ཁང་། རྩོམ་སྒྲིག་ཁང་། དཔེ་སྐྲུན་ཁང་སོགས་འབྲེལ་ཡོད་ལས་ཁུངས་བརྒྱ་དང་སུམ་ཅུ་ལྷག་ལ་དཔེ་ཚོགས་རིན་མེད་གཟིགས་འབུལ་ཞུས།
དཔེ་ཚོང་ཁང་གི་སྐོར།
ལྷ་ས་དང་། ཁྲེན་ཏུའུ། ཟི་ལིང་། ཡུལ་ཤུལ། རྔ་བ། དཀར་མཛེས། རེབ་གོང་། གསེར་རྟ། སྡེ་དགེ། ཁྲོཾ་ཐར། རྫ་ཆུ་ཁ་སོགས་བོད་ཀྱི་ས་གནས་སོ་སོར་ཡན་ལག་དཔེ་ཚོང་ཁང་བཙུགས་པ་དང་། འཛམ་གླིང་དཔེ་ཀློག་གི་ཉིན་མོ་དང་། ལས་ཁུངས་ཀྱི་འཁྲུངས་སྟོན། སྟོན་པའི་དུས་ཆེན་སོགས་ལ་དཔེ་ཆ་རིན་མེད་གཟིགས་འབུལ་དང་། དཔེ་རིན་ཟུར་གཅོག་གི་བྱ་འགུལ་སྤེལ་ནས་རྒྱ་ཆེའི་ཀློག་པ་པོ་ཡོངས་ཀྱིས་དགའ་བསུ་ཐོབ།
གཟེངས་བསྟོད་བྱ་དགའི་སྐོར།
བོད་ཡུལ་དམངས་ཁྲོད་དཔེ་རྙིང་རྩ་ཆེན་ཕྱོགས་བསྒྲིགས་པོད་གསུམ་ཅན་ལ་2016ལོར་སྐབས་67པའི་ཨ་མེ་རི་ཁའི་པར་འདེབས་གཟེངས་རྟགས་ཆེན་མོའི་ཕུལ་བྱུང་རྟགས་མ་དང་2016ལོའི་ཞང་ཀང་པར་འདེབས་གཟེངས་རྟགས་ལས་སྤུས་ལེགས་དཔེ་དེབ་རིགས་ཀྱི་བྱ་དགའ་ཨང་དང་པོ། 2016ལོའི་ཀྲུང་གོའི་ཆེས་མཛེས་པའི་དཔེ་དེབ་ཀྱི་གཟེངས་བསྟོད་རྟགས་མ་དང་། 2017ལོའི་སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་རྟགས་མ་དང་པར་འདེབས་བསྐྱར་པར་རྟགས་མ་སོགས་ཐོབ། 2018ལོར་རྒྱལ་ཡོངས་བོད་ཡིག་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་མཉམ་འབྲེལ་ཚོགས་པས་སྒྲུབ་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་དཔྱད་འདེམས་སྐབས་འཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གསུང་འབུམ་པོད་བདུན་དང་། རིག་འཛིན་འཇིགས་མེད་གླིང་པའི་གསུང་འབུམ་དགུ། སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་ཉི་ཤུ་བཅས་ལ་ཕུལ་བྱུང་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་དང་པོ་དང་། པོད་ཆེན་དྲུག་རྩ་འགྲེལ་ཕྱོགས་བསྒྲིགས་པོད་ཉི་ཤུ་དང་། གངས་ཅན་སྐྱེས་མའི་དཔེ་ཚོགས་པོད་བཅོ་ལྔ། བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་པོད་ཉེར་ལྔ་བཅས་ལ་ཕུལ་བྱུང་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་གཉིས་པའི་གཟེངས་རྟགས་ཐོབ། །
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་འགན་འཛིན་འཇམ་བློ།
འཇམ་བློའམ་དཔེ་རྙིང་བླ་མ་ནི། རབ་བྱུང་བཅུ་དྲུག་པའི་ཤིང་སྟག་1973ལོར་ཁམས་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཁྲོཾ་ཐར་ཨ་འཛི་འབྲུག་ཤུལ་སྡེ་བར་ཨ་སྔོའི་ནོར་བུ་ཚང་ཞེས་པའི་ཁྱིམ་རྒྱུད་དུ་ཕ་རྟ་མགྲིན་དང་མ་གཡུང་དགའ་གཉིས་ཀྱི་བུ་རུ་སྐྱེས། དགུང་ལོ་བརྒྱད་ཀྱི་དུས་ནས་མཁན་རིན་པོ་ཆེ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའམ་བླ་མ་བསོད་དགས་ཡི་གེ་སྦྱོར་ཀློག་བསླབ་མཛད་པ་ནས། ཕ་མ་གཉིས་དང་མེས་པོ་ལས་བོད་ཡིག་རྨང་གཞི་ནས། ལོ་བཅུ་བདུན་བར་ཕྱུགས་འཚོ་ཞོར་ཆོ་ག་ཆོས་སྤྱོད་ཀྱི་རིགས་བསླབ་པ་ལས་སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ། རང་ལོ་བཅོ་བརྒྱད་གོང་ཐོག་དཔལ་ས་སྐྱའི་ཆོས་གྲྭ་ཁྲོཾ་རྡོ་ཁོ་དགོན་གྱི་མཁན་ཆེན་རྣམ་པ་ལས་རབ་ཏུ་བྱུང་ནས། འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ཞེས་པའི་མཚན་གསོལ། ལོ་བཅུ་དགུ་ལོན་པ་ན་རྫོང་གསར་ཁམས་བྱེའི་བཤད་གྲྭར་ཞུགས་པ་ནས། རྡོ་དགོན་བཤད་གྲྭ་དང་། དཔལ་ཡུལ། བསམ་ཡས། རྫོགས་ཆེན། དགོན་གསར། སྤོ་ལུ། དགོན་ཆེན་བཤད་གྲྭ་བཅས་དཔལ་ལྡན་ས་སྐྱ་པ་དང་། སྔ་འགྱུར་རྙིང་མ་པ། རི་བོ་དགའ་ལྡན་པ་བཅས་རིས་མེད་ཀྱི་ཆོས་གྲྭ་ཁག་དུ་མ་ལ་སོང་ནས་དགེ་བའི་བཤེས་གཉེན་བཅུ་ཕྲག་གསུམ་ཙམ་བསམ་སྦྱོར་གཉིས་ཀྱིས་བསྟེན་ནས་ལོ་བཅོ་བརྒྱད་ཙམ་གྱི་རིང་ལ། བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། སྒྲ་སྙན་སྨན་རྩིས། མངོན་བརྗོད། སྡེབ་སྦྱོར། མདོ་ཕྱོགས་ཀྱི་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད། སྔགས་གསར་རྙིང་བཅས་མང་དུ་གསན་པ་ལས། རིག་ཆུང་ཚོགས་ལང་དང་། ཕར་ཕྱིན་དམ་བཅའ། འཆད་རྒྱུགས་སྤྲོད་པ། འབེལ་གཏམ་བཤད་པ་སོགས་ཀྱི་རིམ་པ་བརྒྱུད་ནས། སྐྱོར་དཔོན་དང་། སློབ་དཔོན་བཅས་ཀྱི་མཚན་གནས་བཞེས། 1998ལོ་ནས་བཟུང་སྤྱི་སྒེར་གྱི་དུས་དེབ་ཁག་ཏུ་སྙན་རྩོམ་དང་། དཔྱད་རྩོམ། ལྷུག་རྩོམ་བཅས་ལྔ་བཅུ་ལྷག་སྤེལ། 2003ལོ་སྡེ་དགེ་དགོན་ཆེན་བཤད་གྲྭར་དགེ་རྒན་ཆེན་མོའི་འགན་བཞེས་ཏེ། ལོ་བདུན་གྱི་རིང་ལ་སློབ་གླིང་དེ་གར་རིག་གནས་ཆེ་ཆུང་གི་སློབ་ཁྲིད་མཛད་ཅིང་རིག་གནས་སྤྱི་དང་། ཁྱད་པར་སྒྲ་སྙན་རྩིས་གསུམ་གྱི་བཤད་སྲོལ་ལེགས་པར་བཙུགས། 2007གྱི་ལོ་ནས་བཟུང་སྣ་འཛོམས་དུས་དེབ་གངས་རིའི་ཕོ་ཉ་ཞེས་པ་རྩོམ་སྒྲིག་གི་འགན་བཞེས་ནས། བོད་ཡུལ་སྟོད་སྨད་བར་གསུམ་དང་། ལྷག་ཏུ་ཕ་ཡུལ་གྱི་གཞོན་སྐྱེས་རྩོམ་པ་པོ་མང་པོ་བསྐྱེད་བསྲིང་བྱས། རིས་མེད་ཀྱི་བསྟན་འཛིན་སྐྱེས་ཆེན་དག་ལས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་བཅས་ཡང་དག་པར་མནོས་པ་དང་། བར་སྐབས་སུ་ལྷག་པའི་ལྷ་རྣམས་ཀྱི་བསྙེན་མཚམས་ལ་བཞུགས་ནས་རྒྱུད་སྨིན་པར་མཛད། རྒྱ་བོད་ཀྱི་གནས་ཆེན་ཁག་ལ་མཇལ་སྐོར་དུ་ཕེབས་པ་སོགས་དམ་པའི་ཆོས་དང་འབྲེལ་བའི་མཛད་པ་མང་དུ་བསྐྱངས།
2009ལོ་བོད་ཡིག་དཔེ་རྙིང་འཚོལ་བསྡུ་དང་མྱུར་སྐྱོབ་བྱེད་པའི་ལས་ཁུངས་འཇམ་དབྱངས་ཤེས་རིག་དར་སྤེལ་ཁང་ཞེས་པ་བཙུགས་པ་དང་། བོད་མདོ་དབུས་ཁམས་གསུམ་གྱི་དགོན་པ་དང་དཔེ་མཛོད་ཁང་། ལས་ཁུངས། ཁྱིམ་ཚང་བཅས་ལ་ཆེད་དུ་ཕེབས་ནས། གསར་རྙིང་རིས་མེད་ཀྱི་དཔེ་རྙིང་ཆོས་ཚན་ཁྲི་ཕྲག་གསུམ་ལྷག་འཚོལ་བསྡུ་བྱས། 2011ལོ་ནས་ཞིང་ཆེན་རིག་གནས་ཐིང་དང་། ཞིང་ཆེན་དཔེ་མཛོད་ཁང་གིས་ཆོག་མཆན་དང་བོད་ཡིག་དཔེ་རྙིང་ཆེད་མཁས་པའི་ལག་ཁྱེར་བསྩལ། 2012ལོ་ཞིང་ལྗོངས་ལྔ་ནས་བསྡུས་པའི་དེང་རབས་བོད་ཀྱི་རྩོམ་པ་པོའི་གྲས་སུ་བདམས་ཐོན་བྱུང་། 2013ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་མཁས་དབང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་གདན་འདྲེན་ཞུ་བའི་ལག་ཁྱེར་ཕུལ། སྔ་གཞུག་ཏུ་ཀྲུང་དབྱངས་མི་རིགས་སློབ་གྲྭ་ཆེན་མོ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ནང་སོག་སློབ་གྲྭ་ཆེན་མོ། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོ་དང་། སི་ཁྲོན་བོད་ཡིག་སློབ་གྲྭ་སོགས་སློབ་གྲྭ་ཆེ་ཁག་དུ་མར་ཕེབས་ཏེ་བོད་ཀྱི་རིག་གཞུང་བརྒྱུད་འཛིན་དར་སྤེལ་ཐད་འཆད་ཁྲིད་དང་།
བགྲོ་གླེང་། བསམ་ཚུལ་བརྗེས་རེས་སོགས་ཀྱི་ཐད་གསུང་བཤད་གལ་ཆེན་གནང་། ས་པཎ་ལྔ་རིག་ཚོགས་ཆེན་དང་ཀྲུང་ཧྭ་བོད་ཀྱི་རིག་མཛོད་ཆེན་མོའི་རྩོམ་སྒྲིག་ཚོགས་ཆེན། རྒྱལ་ཡོངས་བོད་ཡིག་དཔེ་རྙིང་ལེགས་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོས་བསྡུས་པའི་སྙན་ངག་མེ་ལོང་སྐོར་གྱི་དཔྱད་གླེང་ཚོགས་འདུ་སོགས་ལ་ཞུགས་ནས་གསུང་བཤད་གནང་། ལས་ཁུངས་དབུ་ཚུགས་ནས་ད་བར་ཁོང་གིས་ལས་མི་ཚོ་ལ་ཐུགས་བྱམས་བརྩེའི་ཀུན་ནས་བསླངས་ཏེ། བརྡ་སྤྲོད་སུམ་རྟགས་དག་གསུམ་དང་། སྒྲ་མཚམས་སྦྱོར་ལྔ་པ། སྙན་ངག་མེ་ལོང་མ། ས་པཎ་མཁས་འཇུག །ས་སྐྱའི་ལེགས་བཤད། ཚད་མ་རིགས་གཏེར་དང་། བསྡུས་གྲྭ། བློ་རྟགས། སྤྱོད་འཇུག །རྒྱལ་སྲས་ལག་ལེན། བློ་སྦྱོང་དོན་བདུན་མ་དང་། ཚིག་བརྒྱད་མ། འབྱུང་རྩིས། སྔགས་བཀླག་ཐབས། ཆོས་འབྱུང་དང་ལོ་རྒྱུས་སྐོར། རྩོམ་རིག་དང་དཔེ་རྙིང་ཞིབ་འཇུག་སྐོར། ནང་ཆོས་ངོ་སྤྲོད་དང་བོད་ཀྱི་རིག་གནས་སྤྱི་བཤད་སོགས་ཀྱི་སློབ་ཁྲིད་གནང་གི་ཡོད་ལ། དགོན་སྡེ་དང་སློབ་གྲྭ་ཆེ་ཁག་ནས་ཕེབས་པའི་དོན་གཉེར་ཅན་ལ་སོ་སོའི་འདོད་མོས་ལྟར་གྱི་སློབ་ཁྲིད་གནང་བ། རྒྱུན་ལྡན་ལས་ཞུགས་ནི་ཞོགས་པའི་ཆུ་ཚོད་དགུ་པའི་ཐོག་ཡིན་མོད། ཁོང་ནི་སྔ་མོ་ཆུ་ཚོད་ལྔ་པ་ཡས་མས་ཙམ་ནས་གཞུང་ལས་ཁང་དུ་ཕྱག་ལས་གནང་གི་ཡོད་ལ་དགོང་མོ་ཡང་དེ་མཚུངས་སུ་ཆུ་ཚོད་བཅུ་གཅིག་གི་བར་ཙམ་ལ་རྒྱུན་དུ་གཞུང་ལས་ཁང་ནས་དཔེ་རྙིང་གི་ཕྱག་ལས་གནང་གི་ཡོད་པས། ཉིན་ཞག་གཅིག་གི་ཆུ་ཚོད་བཅོ་བརྒྱད་ཀྱི་རིང་ལ་བོད་ཀྱི་རིག་གནས་ཀྱི་ཆེད་ཕྱག་ལས་གནང་གི་ཡོད། ལས་ཀའི་བྲེལ་བ་ཆེ་དུས་ཞག་གང་བོར་མི་གཟིམ་པར་ཕྱག་ལས་གནང་བ་ཡང་ཐེངས་གང་མང་ལ་བྱུང་བ་ཁོང་དང་རྒྱུས་ཡོད་ཚང་མར་གསལ་ཁ་ཆེ། ཁོང་གི་ཕྱག་ཏུ་འབྱོར་པའི་རྒྱུ་ནོར་ཅི་ཡོད་དཔེ་རྙིང་མྱུར་སྐྱོབ་དང་པར་སྐྲུན་གྱི་ཆེད་དུ་གཏོང་གི་ཡོད་ལ། ལྷག་མོ་ཅུང་ཟད་རེ་ཡོད་པ་རྣམས་འབྲེལ་ཡོད་ཀྱི་དགོན་སྡེ་ཁག་ལ་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་མཆོད་ཆ། དར་གདུགས་འཕན་གསུམ་བླུ་བ། ཉམ་ཐག་ནད་པར་རོགས་སྐྱོར། ལོ་ན་རྒན་པོ་དག་གནས་བསྐོར་ལ་ཁྲིད་པ་བཅས་རྣམ་དཀར་གྱི་ལས་ལ་བརྩོན་མུས་དང་སི་ཁྲོན་བོད་ཡིག་དཔེ་རྙིང་ཁང་གི་ཚོགས་གཙོའི་འགན་བླངས་ནས་བྱ་བ་སྒྲུབ་བཞིན་གནས་སོ། །
རང་གི་མི་ཚེ་ལ་ཡུན་ཅི་ཙམ་ཡོད་པ་དེ་སྲིད་དུ་མི་ཚེའི་ཡོད་ཚད་འདིའི་ཕྱོགས་སུ་བཏང་སྟེ། ས་སྒང་འདིའི་སྟེང་གི་བོད་ཀྱི་གསུང་རབ་ཁ་འཐོར་ཡུལ་གྱར་དུ་སོང་བ་ཡོངས་རྫོགས་འཐོར་བ་སྡུད་པ་དང་། མྱུར་སྐྱོབ། ཕྱོགས་བསྒྲིགས་བྱས་ཏེ། ཉར་ཚགས་དང་བཤེར་འབེབས། གློག་རྡུལ་ཡིག་ཆ་བཟོ་བ། དྲྭ་ལམ་དུ་འཇོག་པ། དཔེ་སྐྲུན་སོགས་དེང་རབས་ཚན་རིག་དང་མཐུན་པའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཁྱབ་བརྡལ་དུ་བཏང་བ་ལ་བརྟེན་ནས། འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ན་འཚོ་བཞུགས་གནང་བའི་འགྲོ་བ་མིའི་རིགས་ལ་བླ་ན་མེད་པའི་ལེགས་སྐྱེས་བཟང་པོ་འབུལ་རྒྱུ་དང་གསུང་རབ་དག་གི་ནང་དོན་ལྟ་བ་སྟོང་ཉིད་སྙིང་རྗེ་དང་། སྤྱོད་པ་གཞན་ཕན་དོན་གཉེར་གྱི་ལུགས་བཟང་རྒྱུད་ལ་འབྱོར་ནས་མཐར་ཐུག་བདེ་ནས་བདེ་བའི་ལམ་བཟང་རྙེད་པའི་ཐབས་ལམ་བཟང་པོ་སྟོན་རྒྱུའི་རེ་འདུན་ཡོད་པ་དང་། དེའི་ཕྱོགས་ཀྱི་མི་སྣ་གསོ་སྐྱོང་དང་རྒྱུན་འཛིན་དར་སྤེལ་ལ་སྒོ་ཀུན་ནས་འབད་རྒྱུ་ཁོང་གི་རེ་བ་ཉག་གཅིག་ཡིན་ནོ། །