ཐོག་མའི་མཆིད།
གངས་རི་ཤེལ་གྱི་མཆོད་རྟེན་གྱི་ར་བས་ཡོངས་སུ་བསྐོར་ཞིང་ནམ་མཁའ་ཡངས་ལ་ཉི་ཟླ་གསལ་བ། ཆུ་བོ་དྭངས་ཤིང་རྩྭ་ཐང་རྒྱ་ཆེ་བ། རྩི་ཤིང་ནགས་ཀླུང་གི་ཚང་ཚིང་འཁྲིགས་པ། རི་དྭགས་གཅན་གཟན་འདབ་ཆགས་ཀྱི་རིགས་མང་བ་སོགས་རང་བྱུང་གི་བཀོད་པ་ཕུན་སུམ་ཚོགས་པས་ཡོངས་སུ་ཕྱུག་ཅིང་། འདིར་འཚོ་སྡོད་གནང་བའི་བོད་མི་རིགས་ནི་དམ་པ་ལྷ་ཆོས་ཀྱི་སྙིང་བོ་གཙུག་ཏུ་བཀུར་ཞིང་། གཞུང་རྒྱུད་དྲང་བ། བྱམས་སེམས་ལྡན་པ། དཔའ་མཛངས་ལྡན་པ། གཞན་ཕན་མངའ་བ་སོགས་ནང་སེམས་ཀྱི་ཡོན་ཏན་ཁྱད་དུ་འཕགས་པས་རྣམ་པར་བརྒྱན་པ་ཞིག་སྟེ། དེའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་སེམས་ཅན་གང་ལ་བསམ་ནའང་ཡུལ་གཞན་ལས་དགེ་མཚན་བཟང་པོ་བརྗོད་ཀྱིས་མི་ལང་བ་མང་པོས་གཏམས་ཡོད། དེ་ལས་ཀྱང་གནས་མཆོག་འདི་རུ་དམ་པ་ལྷ་ཆོས་ཀྱི་དགེ་བ་དང་སྤྱོད་པ་མི་ཆོས་ཀྱི་ལུགས་སྲོལ་ཁྱད་ཆོས་མངོན་པར་འཕགས་པ་ཤ་སྟག་ཡོད་པ་ཀུན་གྱིས་མཁྱེན་ངེས་ཡིན། ལྷག་པར་དུ་གངས་རིའི་ལྗོངས་ཆེན་པོ་འདི་རུ་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་ཟམ་མ་ཆད་པར་བྱུང་སྟེ། བོད་ཀྱི་རིག་གཞུང་རྒྱ་ཆེ་ལ་གཏིང་ཟབ་པ་འདི་ཀོ་ཚེ་འདིའི་དཀའ་སྡུག་མ་འཛེམས་པར་འཛམ་གླིང་འཛིན་མའི་ཁྱོན་འདིར་བཞག་པ་འདི་ནི་གཞན་ལ་ངོམ་རིན་ཡོད་པ་ཞིག་ཏུ་གྱུར་ལ། འདི་ནི་བོད་རང་གི་འོད་སྟོང་འཕྲོ་བའི་ཤེས་རིག་ཁྲོད་རིན་ཐང་གཞལ་དུ་མེད་པའི་མུ་ཏིག་རྡོག་པོ་ཞིག་དང་། འཛམ་གླིང་ཤེས་རིག་འཕེལ་བའི་ལོ་རྒྱུས་ཁྲོད་དུའང་དཔྱོད་ལྡན་ཀུན་གྱི་དང་བ་འདྲེན་པའི་ཡིད་བཞིན་གྱི་ནོར་བུ་ཞིག་ཏུ་གྱུར་ཡོད།
ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་དང་ལྷག་པར་ང་ཚོས་བོད་ཀྱི་པར་སྐྲུན་ལས་རིགས་ལ་ཕྱིར་འདང་བརྒྱབ་ཚེ། ང་ཚོའི་ཡང་མེས་བཀའ་དྲིན་ཅན་དག་གིས་བྱམས་པ་སྙིང་རྗེའི་ལྷག་བསམ་གཙིགས་སུ་བཟུང་སྟེ་སེམས་ཅན་ལ་འཚེ་བ་སྤང་བའི་བསླབ་བྱ་དང་། ལྷག་པ་ཤེས་རབ་ཀྱི་རྩ་བ་གཙོ་བོར་སྟོན་པའི་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་བསྟན་བཅོས་དང་། དེ་བཞིན་བོད་ཀྱི་ལྷ་ཆོས་རིག་གནས་དང་མི་ཆོས་ཀྱི་རིག་གནས་མ་འདུས་པ་མེད་པར་སྟོན་པའི་བསྟན་བཅོས་འཇིག་རྟེན་ཆེན་པོ་འདིའང་སྣོད་དུ་ཆུང་བ་ལྟ་བུའི་སྐུ་དྲིན་བསྐྱངས་པའི་དཔེ་རྙིང་རིན་བྲལ་ནོར་བུ་ལྟ་བུ་འདི་དག་གི་མ་དཔེ་འཚོལ་བསྡུ་དང་། སྲུང་སྐྱོབ། དག་སྒྲིག བཤེར་འབེབས། པར་སྐྲུན། གློག་རྡུལ་ཅན་དུ་འགྱུར་བ་སོགས་ནི་དུས་རབས་ཉེར་གཅིག་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ཕྲག་རྟིང་བབས་པའི་བཟློག་མེད་ཀྱི་འགན་འཁྲི་ཞིག་ཡིན་པ་སྨོས་ཅི་དགོས། དེ་བས། ད་ལན་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་ལོ་ངོ་བཅུའི་རིང་བོད་ཡིག་དཔེ་རྙིང་བྱ་བར་ཕུལ་བའི་ལྷད་མེད་ཀྱི་ལྷག་བསམ་གཙང་མ་དང་། དཔེ་རྙིང་འཚོལ་བསྡུ་དང་། དག་སྒྲིག པར་སྐྲུན་སོགས་ཀྱི་ལས་དོན་ཁྲོད་འཕྲད་པའི་དཀའ་སྡུག་གི་ལམ་བུ། དེ་བཞིན་དཔེ་རྙིང་བསྡུ་སྒྲིག་གི་བྱ་བར་ཐོན་པའི་སྨིན་འབྲས་སོགས་འདས་ཟིན་ལ་ཕྱིར་དྲན་དང་། མ་འོངས་པར་རེ་བཞག་སོགས་མདོར་ན་ལས་གནས་འདིའི་ཁྲོད་དུ་བྱུང་བའི་དགའ་སྐྱོ་རྣམས་བྱུར་བུར་བརྗོད་པའི་གཏམ་དང་འབྲེལ་ཏེ་བོད་ཀྱི་དཔེ་རྙིང་བྱ་བའི་བསམ་ཚུལ་འགའ་བརྗོད་པར་འདོད་པ་དེའོ། །
གཅིག བོད་ཀྱི་པར་སྐྲུན་དར་བའི་ལོ་རྒྱུས།
བོད་ཀྱི་ལོ་རྒྱུས་བསྟན་བཅོས་ཕལ་མོ་ཆེར་བོད་ཀྱི་པར་སྐྲུན་ལས་རིགས་འདི་དུས་ནམ་ཞིག་ལ་ཚུལ་ཇི་ལྟར་དར་བ་སོགས་གསལ་པོར་འཁོད་ཡོད་པ་མ་མཐོང་མོད། འོན་ཀྱང་ང་ཚོས་མངའ་རིས་རུ་ཐོག་གཙོར་བྱས་པའི་བོད་ཡུལ་སྟོད་སྨད་བར་གསུམ་དུ་དར་བའི་བྲག་བརྐོས་རི་མོ་དང་བྲག་བརྐོས་ཡི་གེ་སོགས་ལས་བོད་ལ་རྐོ་བྲིས་རིག་གནས་དར་བ་འདི་དག་ནི་པར་སྐྲུན་བྱ་བའི་སྔོན་འགྲོ་ལྟ་བུར་གྱུར་བར་བརྗོད་ན་ཆོག་སྙམ། ད་ཡོད་ལོ་རྒྱུས་ཡིག་ཆ་དག་ལས་ཤེས་གསལ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སྐབས་ནས་བཟུང་ཤིང་དང་རྡོ་བཟོ་ལག་ཤེས་དར་ཡོད་ལ། རྒྱལ་པོ་པུ་དེ་གུང་རྒྱལ་གྱི་སྐུ་རིང་ནས་བཟུང་ཤིང་བརྐོས་རྡོ་བཀྲོལ། གསེར་བཟོ་ལྕགས་བཞུ་སོགས་ཀྱི་ལག་རྩལ་བྱུང་བ། གྲི་གུམ་བཙན་པོ་དང་། ལྷ་ཐོ་ཐོ་རི་གཉན་བཙན། སྟག་རི་གཉན་གཟིགས་སོགས་ཀྱི་དུས་སྐབས་སུ་བོད་ཀྱི་ལག་ཤེས་རིག་གནས་དར་ཡོད་པ་མངོན། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་ཡིག་གསར་བཟོ་མཛད་པར་བཞེད་ལ། དེ་ལ་ཡང་བོན་གྱི་ལོ་རྒྱུས་སྨྲ་བ་རེས་འགས་སྲོང་བཙན་གོང་རོལ་དུ་ཞང་ཞུང་ཡི་གེ་ཞེས་པའི་ཅུང་སྟབས་བདེ་བའི་བོད་གནའ་རབས་ཀྱི་ཡི་གེ་ཞིག་ཡོད་པར་འདོད་མཁན་མཁས་པའང་ཡོད་མོད། གང་ལྟར་རྒྱལ་པོ་སྲོང་བཙན་གྱི་དུས་སྐབས་ནས་བཟུང་བོད་ཀྱི་ཆབ་དཔལ་རིག་གསུམ་གང་ཅིའི་ཐད་ནས་འཕེལ་རྒྱས་ཆེར་ཕྱིན་ལ། ལྷག་པར་བོད་ཀྱི་སྐད་ཡིག་ཐད་ལ་གཞན་དྲིང་མི་འཇོག་པའི་མཛད་རྗེས་བླ་ན་མཐོ་བ་བསྐྱངས་པ་ཤིན་ཏུ་གསལ། སློབ་དཔོན་ཐོན་མིས་རྩ་བ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་སོགས་བརྩམས་པ་དང་། ཟླ་བ་སྒྲོན་མེའི་མདོ་དང་། དཔང་སྐོང་ཕྱག་རྒྱ་བ། མདོ་སྡེ་ཟ་མ་ཏོག་བཀོད་པ། མདོ་སྡེ་དཀོན་མཆོག་སྤྲིན་སོགས་བོད་ཀྱི་སྐད་དུ་བསྒྱུར་བ་དང་། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བསམ་ཡས་སྒྲ་བསྒྱུར་གླིང་བཙུགས་ཤིང་། སྐ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་དང་། དེ་བཞིན་མངའ་བདག་ཁྲི་རལ་ཅན་གྱི་དུས་སྐབས་དང་བོད་སིལ་དུས་སྐབས་སོ་སོར་མུ་མཐུད་ནས་རྒྱ་དཀར་ནག་དང་བལ་བོ་ཀ་སྨིར། ཞང་ཞུང་ལི་ཡུལ་སོགས་ནས་གསང་སྔགས་དང་། རྩིས་གཞུང་། གསོ་རིག རྩོམ་རིག་སོགས་གཏིང་ཟབ་ཅིང་རྒྱ་ཆེ་བ་རྣམ་གྲངས་འབོར་ཆེ་བའི་གསུང་རབ་རྣམས་བོད་སྐད་དུ་བསྒྱུར་ཅིང་གཏན་ལ་ཕབ་སྟེ་བཀའ་བསྟན་གཙུག་ལག་རིན་པོ་ཆེ་འདི་ཉིད་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་སྤྱི་ནོར་དུ་བཞག་ཡོད། མཁས་པའི་དབང་པོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིད་དབང་བཟུང་བ་ནས་སྨིན་གྲོལ་གླིང་ལོ་ཆེན་དྷརྨ་ཤྲཱི་སྐུ་མ་གཤེགས་བར་དུ་ལོ་གྲངས་གཅིག་སྟོང་བརྒྱ་མེད་བདུན་ཅུ་དོན་བདུན་རིང་སྔ་རྗེས་སུ་བྱོན་པའི་ལོ་ཙཱ་བ་དང་མཁས་པ་བདུན་བརྒྱ་ལྷག་ཙམ་བྱུང་ཞེས་གསུངས་ལ། དེ་དག་གིས་བོད་ཀྱི་རིག་གཞུང་འཕེལ་རྒྱས་དང་ལྷག་པར་དུ་བོད་ཀྱི་པར་སྐྲུན་ལས་རིགས་འཕེལ་རྒྱས་ལ་མཛད་རྗེས་མངོན་པར་འཕགས་པ་བསྐྱངས་པ་དེ་རེད།
བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་མཚན་ཉིད་ཀྱི་ཐེག་པ་དང་རྒྱུད་སྡེ་བཞིའམ་ཁྱད་པར་དུ་ཡོ་ག་དང་གསང་འདུས་སྐོར་སོགས་མདོ་སྔགས་གསུང་རབ་མང་པོ་བོད་སྐད་དུ་བསྒྱུར་ཅིང་གཏན་ལ་ཕབ་པར་མཛད་ཅིང་། བོད་ཡིག་སྐད་གསར་བཅད་རྣམ་པ་གསུམ་བྱས་པར་གྲགས་པའི་ཐ་མ་དེའང་ལོ་ཆེན་འདིའི་སྐུ་རིང་ལ་མཛད་པ་རེད། དེ་ནས་ས་སྐྱའི་གདུང་རབས་སྐབས་སུ་ཆོས་བརྩིགས་བྲག་རི་མ་སོགས་དང་། ཕག་གྲུའི་དུས་སྐབས་བཅས་སུ་བོད་ཀྱི་པར་སྐྲུན་ལས་རིགས་དེ་བྲིས་མ་གཙོ་བོར་ཆགས་པའི་དུས་ཤིག་ཏུ་གནས་ཡོད། སྤྱི་ལོ་1410ལོ་སྟེ་མིང་གི་གོང་མ་གཡུང་ལོའི་ཁྲི་ལོ་བརྒྱད་པ་ལྕགས་སྟག་ལོར་ནན་ཅིན་དུ་བོད་ཡིག་གི་བཀའ་འགྱུར་པར་སྐྲུན་བྱས་པའི་པར་ཐེངས་དང་པོ་དེ་གནས་ཆེན་རི་བོ་རྩེ་ལྔའི་དགོན་པར་རྟེན་དུ་ཕུལ་ཞིང་། པར་ཐེངས་གཉིས་པའི་གྲས་ཀརྨ་དེ་བཞིན་གཤེགས་པ་དང་། ཕག་མོ་གྲུ་པ། རྗེ་ཙོང་ཁ་པ་བཅས་ལ་ཕུད་རེ་འབུལ་གནང་མཛད་པ་ནས་བཟུང་བོད་ལ་པར་སྐྲུན་ལག་རྩལ་དར་བའི་དབུ་ཚུགས་པར་མཁས་པ་གོང་མ་རྣམས་ཀྱིས་གསུངས་ལ། དུས་དེ་ནས་བཟུང་བོད་ཀྱི་མཁས་དབང་སྐྱེས་ཆེན་རྣམས་ཀྱི་གསུང་འབུམ་རྣམས་རིམ་གྱིས་པར་དུ་སྐྲུན་ཐུབ་པའི་སྐལ་བ་སྨིན་པས། བོད་ཀྱི་པར་སྐྲུན་བྱ་བའི་དུས་རབས་དབྱེ་མཚམས་སུ་བགྲང་རུང་བ་ཞིག་ཏུ་གདའ། དགའ་ལྡན་སྲིད་དབང་གི་དུས་སྐབས་སུ་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱས་ཀྱིས་སྣར་ཐང་གི་བཀའ་བསྟན་པར་མ་པར་སྐྲུན་དང་། སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་སྟེ་བཀའ་བསྟན་གསུང་རབ་ཀྱི་པར་སྐྲུན་སོགས་བོད་ཀྱི་པར་སྐྲུན་ལས་རིགས་དར་རྒྱས་ཆེར་ཕྱིན་ཡོད། དེ་བས། དུང་དཀར་ཚང་གི་བཞེད་དགོངས་ལྟར་ན་བོད་ཀྱི་གནའ་རབས་དཔེ་རྙིང་འཕེལ་རྒྱས་ཀྱི་དུས་རིམ་དེ་དུས་རབས་བདུན་པའི་གོང་དང་། བསྟན་པ་སྔ་དར། བོད་སིལ་བུ་དང་བསྟན་པ་ཕྱི་དར། པར་སྐྲུན་དར་འགོ་ཚུགས་པའི་དུས་སྐབས་བཅས་བཞི་རུ་དབྱེ་ཡོད། དེ་ན་བོད་ལ་པར་སྐྲུན་ལག་རྩལ་མ་དར་གོང་སྟེ་སྤྱི་ལོ་1425ལོ་ཡན་ཆད་ཀྱི་དཔེ་རྙིང་ཚང་མ་ཕྱག་བྲིས་མ་ཤ་སྟག་ཡིན་པ་དང་། དེའི་ཚུན་ཆད་ནས་ཤིང་པར་དང་བྲིས་མ། དེར་མ་ཟད་རིམ་གྱིས་འཕྲུལ་ཆས་ཅན་དང་གློག་ལས་ཅན། དེ་བཞིན་དུ་ང་ཚོས་ད་ལྟ་སྤྱོད་བཞིན་པའི་གྲངས་ཀ་ཅན་དང་རྩིས་འཕྲུལ་ཅན་འདི་ལ་འགྱུར་ཏེ། པར་སྐྲུན་སྤུས་ཀ་དང་ཡིག་གཟུགས། འཆར་བཀོད་སོགས་གང་ཅིའི་ཐད་རྣམ་པ་གསར་བ་ཞིག་མངོན་ཡོད།
གཉིས། བོད་ཀྱི་དཔེ་རྙིང་པར་སྐྲུན་གྱི་གནས་བབ།
བོད་ཀྱི་དཔེ་རྙིང་འཚོལ་བསྡུ་དང་མྱུར་སྐྱོབ། དག་སྒྲིག པར་སྐྲུན་སོགས་ཀྱི་བྱ་བ་བསྒྲུབ་པ་ནི་བོད་མི་རིགས་ཀྱི་ཕ་ནོར་རྩ་ཆེན་ལ་བདག་པོ་བརྒྱབ་པ་དང་། ལྷག་པར་བོད་ཀྱི་སློབ་གསོ་དང་། ལོ་རྒྱུས། རིག་གནས། ཆོས་ལུགས། སྨན་རྩིས། དམངས་སྲོལ་སོགས་ལ་གཙིགས་འཛིན་བྱས་པའང་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་དཔེ་རྙིང་ལས་དོན་འཕེལ་རྒྱས་ཡོང་བར་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འབུལ་རྒྱུ་ནི་བོད་ཀྱི་བུ་རབས་ཚ་རྒྱུད་ཀྱི་ཕྲག་རྟིང་དུ་བབས་པའི་འོས་འགན་གལ་ཆེན་ཞིག་རེད། ད་སྐབས་རྒྱལ་ཁབ་ཀྱི་ངོས་ནས་དཔེ་རྙིང་ལས་དོན་བསྒྲུབ་པར་མཐུན་རྐྱེན་དང་རྒྱབ་སྐྱོར་ཚད་མེད་གནང་བའི་སྐབས་ཡིན་ལ། ལྷག་པར་རིམ་པ་སོ་སོའི་བོད་ཡིག་དཔེ་རྙིང་གི་འབྲེལ་ཡོད་སྡེ་ཁག་དང་། མི་སྒེར་སོགས་གང་རུང་ནས་ལྷག་བསམ་རྣམ་དག་དང་། དཀའ་བ་གདོང་ལེན་གྱིས་རླབས་ཆེ་བའི་ལས་དོན་འདིར་ཟབ་ཞུགས་གནང་སྟེ། བོད་ཀྱི་དཔེ་རྙིང་གི་བྱ་བར་དམིགས་བསལ་གྱི་འབྲས་བུ་དོན་སྨིན་ཐོན་དང་ཐོན་བཞིན་ཡོད།
སྤྱིར་དཔེ་རྙིང་གི་ལས་དོན་འདི་ནི་དགེ་མཚན་ཁྱད་པར་ཅན་ལྡན་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་མ་ཟད། དུས་ཡུན་རིང་བོར་མི་ཤུགས་དངོས་ཤུགས་མང་པོ་བཏང་ནས་རྒྱུན་མཐུད་རང་བཞིན་གྱིས་བསྒྲུབ་དགོས་པའི་བྱ་བ་དོན་སྙིང་དང་ལྡན་པ་ཞིག་ཡིན། ཡིན་ཡང་། ང་རང་ཉིད་ཀྱིས་དངོས་སུ་ལག་ལེན་བྱས་པའི་དཔེ་རྙིང་ཁག་དང་གཞན་དཔེ་རྙིང་འཚོལ་བསྡུ་ཞིབ་འཇུག་གི་བྱ་བ་ཡུན་རིང་གཉེར་བའི་མཁས་དབང་རྣམས་ཀྱི་མྱོང་བར་སྦྱར་ཏེ་བསམ་ན། ད་སྔའི་བོད་ཀྱི་དཔེ་རྙིང་དག་ལས་འགའ་ཞིག་ནི་ཁ་ཐོར་དུ་ས་ཆ་གང་སར་བཀྲམ་འགྲོ་བ་དང་། འགའ་ཞིག་ནི་མི་སྒེར་གྱིས་བདག་པོ་དམ་པོ་བརྒྱབ་ཏེ་དཔེ་རྒྱུན་དཀོན་རིགས་དག་འགྲོ་བ་མིའི་ཐུན་མོང་གི་ལོངས་སུ་སྤྱོད་པའི་བསྐལ་བས་དབེན་པ། ཡང་ན་འབྲེལ་ཡོད་སྡེ་ཁག་ཏུ་གཉེར་བ་དག་ལའང་། འབུས་གནོད་པ་དང་། བརླན་གྱིས་གནོད་པ། མེས་གནོད་པ། ཆུས་གནོད་པ་སོགས་དང་། ལྡེབ་མ་ཕན་ཚུན་འབྱར་བ། ཁ་ཐོར་དུ་གྱུར་བ། རལ་སྐྱོན་བྱུང་བ། ལྡེབ་མའི་གོ་རིམ་འཆོལ་ཞིང་འཁྲུགས་པ་སོགས་ཕྱིའི་གནད་དོན་མང་བ་དང་། གཞན་དཀར་ཆག་འགོད་པ་ལའང་རྒྱས་བསྡུས་འབྲིང་གསུམ་གང་རུང་གིས་བྱས་ཆོག་མོད། འོན་ཀྱང་དཔེ་ཆའི་མཚན་བྱང་དང་། རྩོམ་པ་པོ། པོད་གྲངས། ཆོས་ཚན། ཤོག་ལྡེབ། ཡིག་ཕྲེང་། ཡིག་འབྲུ་སོགས་ལ་དབྱེ་སྟངས་གཅིག་གྱུར་མིན་པ་དང་མི་གསལ་བ། གཏན་ཁེལ་མེད་པ་སོགས་ནང་གི་གནད་དོན་མང་པོ་ལ་འཕྲད་བཞིན་པ་འདི་དག་དཔེ་རྙིང་ལག་ལེན་ཁྲོད་བྱུང་བའི་དཀའ་ཁག་ཡིན་པས། རྗེས་ཕྱོགས་འདི་དག་གི་ཕྱོགས་ནས་ཆེད་མཁས་པ་མང་པོས་གྲོས་གཞི་བློ་འདོན་དང་བྱ་ཐབས་གསར་བ་བཙལ་ནས་ཅུང་གཅིག་གྱུར་རང་བཞིན་ལྡན་པའི་ཚད་གཞི་གཏན་འབེབས་བྱུང་རྒྱུ་གལ་ཤིན་ཏུ་ཆེ་བའོ། །
གསུམ། བོད་ཀྱི་དཔེ་རྙིང་གི་པར་སྐྲུན་གྱི་ལས་ཁུངས།
རྩོམ་པ་པོ་དང་བོད་རིག་པའི་མཁས་དབང་གྲགས་ཅན་དགྲ་ལྷ་ཟླ་བ་བཟང་པོ་དང་ལྷན་བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་དག་སྒྲིག་སྐོར་གྱི་བགྲོ་གླེང་གནང་བཞིན་པ།
笔者与著名藏学专家扎拉•达哇桑布讨论藏文古籍保护与整理方法
བོད་ཀྱི་པར་སྐྲུན་ལས་རིགས་དར་ཚུན་ལོ་བརྒྱ་ཕྲག་དུ་མའི་རིང་དཔྱོད་ལྡན་མཁས་དབང་རྣམས་ཀྱི་སྐུ་དྲིན་ལས་བཅུ་ཕྲག་རིག་གནས་གཙོར་གྱུར་ཞིང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཁྱད་ཆོས་སྟོན་པའི་བསྟན་བཅོས་གསུང་རབ་འབོར་ཆེན་ཐོན་ཡོད། དེར་གྲགས་ཆེ་བ་རྣམས་ནི་ལྷ་སའི་ཞོལ་པར་ཁང་དང་། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ། སྣར་ཐང་པར་ཁང་། ཅོ་ནེ་པར་ཁང་སོགས་དང་། དེ་མིན་གཙང་བཀྲ་ཤིས་ལྷུན་པོ་དང་། དགའ་ལྡན་དགོན། སྐུ་འབུམ། བླ་བྲང་བཀྲ་ཤིས་འཁྱིལ་སོགས་གཙོར་གྱུར་བའི་གྲྭ་ས་དག་ཏུ་པར་ཁང་ཡོད་པ་དང་། དེང་དུས་དཔལ་བརྩེགས་དང་། སེར་གཙུག རྫོང་སར། ས་སྐྱ་སོགས་དཔེ་རྙིང་བསྡུ་སྒྲིག་ཁང་དང་། ད་དུང་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན། པེ་ཅིན་སོགས་ས་གནས་སོ་སོའི་རྟེན་མཛོད་ཁང་དང་། ཡིག་ཚགས་ཁང་། དཔེ་མཛོད་ཁང་། བོད་རིག་པའི་ཞིབ་འཇུག་ཁང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་བོད་ཡིག་དཔེ་རྙིང་གི་འབྲེལ་ཡོད་ལས་ཁུངས་ཡོད་པ་མ་ཟད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་སོགས་དཔེ་སྐྲུན་ཁང་བརྒྱད་ཀྱིས་ཀྱང་གང་འཚམ་གྱི་བོད་ཡིག་དཔེ་རྙིང་གི་སྐོར་པར་སྐྲུན་བྱེད་ཀྱི་ཡོད་པ་དེའོ། །
མཇུག་གི་གཏམ།
བོད་ཡིག་དཔེ་རྙིང་གི་པར་སྐྲུན་བྱ་བ་ནི་ལས་དོན་རླབས་ཆེ་ལ་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པ་མ་ཟད། ལས་རྒྱུན་རིང་ཞིང་དཀའ་ཁག་ཅན་ཞིག་ཀྱང་ཡིན། བོད་ལ་ལྟོས་བཅས་ཀྱིས་འདིའི་ཕྱོགས་ཀྱི་ཆེད་ལས་མི་སྣ་ཉུང་བས་སྤྱི་ཚོགས་ལས་རིགས་སོ་སོའི་ནང་དུ་བོད་ཀྱི་དཔེ་རྙིང་ལ་ལྷག་བསམ་དཀར་ཞིང་འཇོན་ནུས་ལྡན་པའི་མི་རྣམས་ཀྱིས་འདིར་དོ་སྣང་དང་རྒྱབ་སྐྱོར་གནང་རྒྱུ་དང་། ལྷག་པར་ཏུ་དཔེ་རྙིང་པར་སྐྲུན་གྱི་ལས་དོན་ལེགས་པོ་བསྒྲུབས་ན་བོད་ཀྱི་རིག་གནས་སློབ་གསོ་དང་སྤྱི་ཚོགས་འཕེལ་རྒྱས། བོད་ཀྱི་སྐད་དང་ཡི་གེ་དར་འཕེལ་བཅས་ལ་ཕན་པ་རྒྱ་ཆེན་པོ་ཡོད་པས་བོད་ཀྱི་དཔེ་རྙིང་ལས་དོན་ལ་དགའ་ཞེན་ཆེ་བའི་མི་རྣམས་ཀྱིས་རྡོག་རྩ་ཆིག་སྒྲིལ་སྒོས་མུ་མཐུད་ནས་བྱ་བ་འདི་མི་ཉམས་གོང་འཕེལ་ཡོང་བར་ནུས་ཤུགས་གང་ལྕོགས་འདོན་དགོས་ཞེས་རེ་སྐུལ་དང་བཅས་གུས་པས་ཕུལ་བའོ། །