སི་ཁྲོན་གྱི་རྒྱལ་མོ་རྔུལ་ཆུའི་ངོགས་སུ་ཁྱད་ལྡན་གྲོང་གསེབ་དར་རྒྱས་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-24



 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁང་ཅིན་ཆན་དང་ཏུང་ཞའོ་ཧུང་།
     ཤ་མོ་ལུག་གྲོད་མའི་འདེབས་ཁྱོན་འཕེལ་རིམ།
     2013ལོར།
     ས་བོན་རིན་མེད་ངང་སྤྲད་དེ་ཚོད་འདེབས་བྱས་པ།
     2015ལོར།
     གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད་དེ་གཞི་ཁྱོན་ཆེ་རུ་བཏང་བ།
      2016ལོར།
      འདེབས་ཁྱོན་མུའུ་90ཟིན་པ།
     2017ལོར།
     འདེབས་ཁྱོན་མུའུ་200བར་རྒྱ་ཆེར་ཕྱིན་པ།
     མཚོ་བོད་ས་མཐོའི་ཤར་ལྷོའི་མཚམས་སུ་ཆགས་པའི་ཁྲོན་ནུབ་ས་མཐོར་རི་ཚོགས་དང་གྲོག་རོང་མང་ཞིང་། འབབ་རྒྱུད་ ཡངས་པའི་རྒྱལ་མོ་རྔུལ་ཆུ་ཡང་དེ་ནས་རྒྱུག་བཞིན་ཡོད་པ་རེད། དེང་དུས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་བྱུང་ བ་དང་བསྟུན་ནས་གྲོང་གསེབ་ཀྱི་སྔ་དུས་ཀྱི་བཀོད་པ་ཡང་གསར་པར་གྱུར་པ་མ་ཟད། གྲོང་མི་རྣམས་ལའང་སྒོ་རྩ་ནས་ཡོང་འབབ་རག་གི་ཡོད། རྒྱལ་མོ་རྔུལ་ཆུའི་ངོགས་ཀྱི་ཡུལ་མི་ཚོས་ངར་ཤུགས་དང་བཅས་འབད་བརྩོན་དང་བློ་གྲོས་ལ་བརྟེན་ནས་སྔོ་ཞིང་དྭངས་པའི་རི་ཆུར་སྔར་བས་གསོན་ཤུགས་འཕེལ་བར་བྱས་ཏེ་གྲོང་གསེབ་དར་རྒྱས་ཀྱི་མཛེས་རིས་ལྟ་ན་སྡུག་པ་ཞིག་གྲུབ་པར་བྱས་པ་རེད།
    “འགྲུལ་པས་ཁེངས་ནས་སྡོད་ས་མི་འདུག”ཉིན་གུང་གི་ཆུ་ཚོད་12པ་ཟིན་མ་ཐག་སི་ཁྲོན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་ཧྲུའེ་ཙི་ཤང་གི“ཉ་ཤའི་ཟ་ཁང”གི་སྒོ་ཁར་མི་མང་པོ་བསྒྲིགས་པ་དང་། སྦྱིན་བདག་ཡུས་ཏེ་ཁྲུན་གྱིས་གོང་གསལ་གྱི་སྐད་ཆ་དེ་འགྲུལ་པ་རྣམས་ལ་བཤད་པ་རེད། གནས་དེ་ནས་རོང་བྲག་རྫོང་གྲོང་དབར་སྤྱི་ལེ་20ལྷག་ཡོད་པ་དང་ཉིན་ལྟར་ཡུལ་སྐོར་བ་མང་པོ་གནས་དེ་བརྒྱུད་ནས་འགྲོ་བཞིན་མཆིས།
    “ཉ་ཤའི་ཟ་ཁང”གི་ཚོང་ཧ་ཅང་ཡག་པའི་སྣང་ཚུལ་ནི་ཡུལ་དེའི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་མྱུར་བའི་བསྡུས་རིས་ཤིག་ཡིན། དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ལི་དབྱི་ཤིན་གྱིས། 2018ལོ་ནས་བཟུང་དཀར་མཛེས་ཀྲོའུ་ཡིས་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ཁུལ་གྱི་དཔེ་སྟོན་གྲོང་ཚོ་282གཙོ་གནད་དུ་བསྐྲུན་རྒྱུར་གཏན་འཁེལ་བྱས་ཏེ་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཡོང་བར་བྱས་ནས་གྲོང་ཚོའི་བཀོད་པ་གསར་རྐྱང་དུ་འགྱུར་ཡོད་ལ། གྲོང་མི་ཚོས་ཀྱང་སྒོ་རྩར་ཡོང་འབབ་འཚོལ་ཐུབ་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་བཤད།
     འགྲུལ་ཁང་ཡུལ་སྐོར་དང་། སྣོད་བཅུད་འཛུགས་སྐྱོང་། ཐོན་ལས་རིམ་འཕར། རིག་གནས་རྒྱུན་འཛིན་སོགས་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་དུ་གྲོང་གསེབ་དར་རྒྱས་ཀྱི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ་རེད། དར་རྩེ་མདོ་གྲོང་ཁྱེར་བྲག་འགོ་ཞིང་ལས་ཡུལ་སྐོར་གྱི་ཐོན་ལས་དཔེ་སྟོན་ཁུལ་དུ་སྨན་རྩྭ་རྩ་ཆེན་གྱི་སྐྱེས་བཟང་བ་དང་། ཐོན་ལས་གླིང་ཁུལ་གྱིས་ཡུལ་དེའི་གནམ་གཤིས་ལ་གཞིགས་ནས་ཆེད་མངགས་ཐོན་རྫས་རིན་ཐང་མཐོ་བའི་དཀོན་རིགས་སྨན་རྩྭ་འདེབས ་འཛུགས་བྱས་པ་རེད།
     2013ལོར་ལྕགས་ཟམ་རྫོང་གིས་གྲོང་མི་རྣམས་ལ་ཤ་མོ་ལུག་གྲོད་མའི་ས་བོན་རིན་མི་དགོས་པར་སྤྲད་པ་དང་ལོ་དེར་ཚོད་ལྟའི་ངང་བཏབ་པར་འབྲས་བུ་ཡག་པོ་ཐོབ་པ་རེད། གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་འོག་2015ལོར་མཐུན་སྒྲིལ་གྲོང་ཚོས་ཤ་མོ་ལུག་གྲོད་མ་གཞི་ཁྱོན་ཆེན་པོས་འདེབས་འགོ་བརྩམས་པ་དང་། 2016ལོར་འདེབས་ཁྱོན་མུའུ་90ཞིང་། 2017ལོར་མུའུ་200བར་རྒྱ་ཆེར་ཕྱིན་པ་རེད།
     ད་ཆར་མཐུན་སྒྲིལ་གྲོང་ཚོའི་ཤ་མོ་ལུག་གྲོད་མ་ཁྲེང་ཏུའུ་དང་། ཀོང་ཏུང་། ཡུན་ནན་སོགས་སུ་འཚོང་གི་ཡོད་པ་མ་ཟད། ད་དུང་བརྒྱུད་འཚོང་ལ་བརྟེན་ནས་ཡོ་རོབ་ཏུའང་འཚོང་གི་ཡོད། གྲོང་ཚོའི་སྟར་ག་དང་གཡེར་མ་སོགས་དཔལ་འབྱོར་སྐྱེ་དངོས་ཀྱང་ཧ་ཅང་བྲིན་པོ་བྱུང་བ་དང་། 2018ལོར་མཐུན་སྒྲིལ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་ཡོད་པ་རེད།
     ཐོན་ལས་ཡོད་པས་གྲོང་མི་རྣམས་ཀྱིས་ལས་ཀར་ཏན་ཏན་ཏིག་ཏིག་ངང་གཞོལ་བ་དང་། སྔོན་དུས་ལྟར་རླངས་འཁོར་དུ་འཛེཌ་ནས་ཚོང་ཟོག་རྐུ་བའི་སྤྱོད་ངན་སྤེལ་མཁན་མེད།
    རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་བས་ཡུལ་དེའི་ཕྱོགས་སྒྱུར་གོང་འཕེལ་ཡང་མགྱོགས་སུ་སོང་ཡོད། ད་ཆར་ཁྲེང་ཏུའུ་ནས་ལྕགས་ཟམ་རྫོང་དབར་ཆུ་ཚོད་2.5ནང་སླེབས་ཐུབ་པ་དང་སྐྱོད་ཡུན་ཡང་སྔོན་དང་བསྡུར་ན་ཕྱེད་ཀ་ཙམ་ཐུང་དུ་སོང་འདུག
    འོབས་ཆེན་བདེ་ལམ་དུ་གྱུར། ན་ནིང་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི“སྤྲིན་གསེབ་ཀྱི་མྱུར་ལམ”གྱིས་གངས་ལྗོངས་ས་མཐོའི“ཕྱུག་འགྱུར་ལམ་བུ”གང་མྱུར་བཏོད་ཅིང་། གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་ནས་བཟུང་རྒྱལ་མོ་རྔུལ་ཆུ་རྒྱུག་ཁུལ་གྱི་སྤྲོ་གསེང་ཡུལ་སྐོར་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཡང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད་པ་རེད།
     དཀར་མཛེས་ཀྲོའུ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧྭ་ཏུང་གིས། དཀར་མཛེས་ཀྲོའུ་ཡིས་2018ལོར་ཅིང་ཏུང་དང་། ཐེན་མའོ། ཧྲུན་ཧྥུང་སོགས་ཀྱི་ལས་སྟེགས་དབར་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཐབ་ཇུས་ཀྱི་མཉམ་ལས་གྲོས་མཐུན་བཞག་པ་དང་། ལས་སྟེགས་ཆེན་པོར་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ཟོག་དག་རྒྱལ་ཡོངས་དང་ཐ་ན་གོ་ལ་ཧྲིལ་པོར་འཚོང་གི་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1