[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིའི་ནང་ཨེ་ལྷ་རྒྱ་རི་ནི་བོད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་ཚུལ་དང་། འགྲོ་མགོན་ཕག་མོ་གྲུ་པའི་དུས་ནས་(1110—1175)ད་བར་ལོ་ངོ་བརྒྱད་བརྒྱ་ལྷག་གི་རིང་ཁྲིམས་སྒོ་རང་བཙན་དུ་གནས་ཐུབ་པ་མ་ཟད། དུས་རབས་རིམ་བྱོན་གྱི་སྲིད་འཛིན་བདག་པོ་དེ་དག་གིས་སྡེ་དཔོན་མི་དྲག་གཞན་དང་མི་འདྲ་བར་མཐོང་གཟོས་བདག་རྐྱེན་དཔེ་མེད་ཇི་བཞིན་སྩོལ་གནང་མཛད་ཚུལ། ཨེ་ལྷ་རྒྱ་རིའི་མིང་གི་གྲུབ་ཚུལ་དང་དེ་ཉིད་བཙན་པོའི་གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་ལ་ལུང་དང་རིག་པས་དཔྱད་པ་ཅུང་ཟད་བྱས་ཡོད།
[བརྡ་ཆད་གཙོ་བོ།] ཨེ། རྒྱ་རི། ཚ་རོང་བཙད་པོ། ལྷ་འབྲི་སྒང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0016-10
གླེང་གཞི།
དེ་ཡང་ལྷ་རྒྱ་རིའི་ཁྱིམ་རྒྱུད་ནི་འགྲོ་མགོན་ཕག་མོ་གྲུ་པའི་དུས་སུ་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་བཙད་པོ་ཚ་བ་རོང་པ་ཞེས་པའི་གདུང་རབས་ཀྱིས་ཡར་ལུང་ཁུལ་གྱི་“ཨེ”ཞེས་པའི་སའི་ཆ་བདག་གིར་བཞེས་པ་ནས་བྱུང་བ་ཡིན་ལ། དགའ་ལྡན་ཕོ་བྲང་གི་སྐབས་སུ་བོད་ཀྱི་སྐུ་དྲག་ལ་སྡེ་དཔོན་དང་། ཡབ་གཞིས། སྒེར་པ་སྤྱིར་བཏང་བ་སོགས་རིགས་མི་འདྲ་བ་འགར་ཕྱེ་ཡོད་པ་ལས། སྡེ་དཔོན་ནི་སྔར་བཙན་པོའི་རྒྱལ་རྒྱུད་དང་། བློན་ཆེན། དམག་དཔོན་ཆེན་པོའི་རིགས་ཀྱི་གདུང་རྒྱུད་དེ་རུས་རྒྱུད་མཐོ་བར་བརྩིས་ནས་དམིགས་བསལ་གྱི་ཐོབ་ཐང་ཡོད་པས།ལྷ་རྒྱ་རིའང་བོད་བཙན་པོའི་གདུང་རྒྱུད་ཡིན་པའི་དབང་གིས་སྡེ་དཔོན་གྱི་ཁོངས་སུ་གཏོགས་པ་དང་། ལྔ་པ་ཆེན་པོས་བདག་རྐྱེན་དུ་དེ་གའི་ས་ཁུལ་དུ་ཕ་ཚ་བུ་རྒྱུད་ཀྱིས་དབང་སྒྱུར་ཆོག་པའི་“དབུ་མནའི་བཀའ་ཤོག་” བསྩལ་གནང་མཛད་པ་ནས་བཟུང་། ལྷ་རྒྱ་རིས་དགའ་ལྡན་ཕོ་བྲང་ལ་འོས་འགན་གྱི་ཁྲལ་རིགས་ཆ་ཤས་སྒྲུབ་དགོས་པ་ཙམ་ལས་ཁྲིམས་སྒོ་རང་བཙན་ཕྱེད་ཙམ་དུ་གྱུར། ལྷ་རྒྱ་རིའི་གཟིམ་ཤག་ནི་ས་གནས་དེ་གའི་སྲིད་གཞུང་ཡིན་ཞིང་། དེར་དབང་སྒྱུར་གྱི་སྒྲིག་གཞི་ཆ་ཚང་ཞིང་དོ་ནན་པ། ཁྲིམས་གཅོད་ཀྱི་དབང་ཆ་ངེས་ཅན་ལྡན་ཡོད་དེ། ཁྲིམས་དཔོན་དང་ཁྲིམས་ཁང་། བཙོན་ཁང་སོགས་འཛུགས་སྐྱོང་བྱས་ཆོགདམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ལྷ་རྒྱ་རི་བས་དབང་དུ་བསྒྱུར་བའི་ས་ཁུལ་ནི་ཨེ་ལྷ་རྒྱ་རི་དང་། ཟངས་རི། རྒྱ་ཚ། ལྷུན་རྩེ་བཅས་རྫོང་ཁག་བཞི་ཙམ་ཡོད། དམངས་ཁྲོད་ཀྱི་ཤོད་ཚུལ་ལྟར་ན་ཨེ་ལྷ་རྒྱ་རིའི་སྲིད་དབང་ཆགས་ནས་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པར་གྲགས་ཤིང་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དུས་ནས་(1110-1175)ད་བར་ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ཡོད། དཔྱད་རྩོམ་འདིའི་ནང་གཙོ་བོ་ཨེ་ལྷ་རྒྱ་རིའི་མིང་གི་གྲུབ་ཚུལ་དང་གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་ལ་རགས་ཙམ་དཔྱད་པ་ལ།
དང་པོ། ཨེ་ཞེས་པའི་མིང་གི་བྱུང་ཚུལ་བཤད་པ།
《ལང་ཀར་གཤེགས་པའི་མདོ་》ལས་“མིང་དུ་གདགས་པར་མ་མཛད་ན།། འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།། དེ་བས་རྨོངས་པ་བསལ་བའི་ཕྱིར།། མགོན་པོས་མིང་དུ་གདགས་པར་མཛད།།” ཅེས་པ་ལྟར་འཇིག་རྟེན་ཐོག་གི་བྱ་དངོས་གང་རུང་ཞིག་ལ་མིང་རེ་ཐོགས་པའི་རྒྱུ་མཚན་གཙོ་བོ་ཡང་གཞན་དང་མ་འཁྲུལ་བར་སོ་སོར་དབྱེ་བ་གསལ་པོར་འབྱེད་ཐུབ་པའི་ཆེད་དུ་ཡིན་ན་འགའ་ཞིག་རྒྱུ་མཚན་མེད་ཀྱང་དངོས་པོ་དེ་ལ་ཐོག་མར་འདོད་པ་ཙམ་གྱིས་བརྡ་སྦྱར་བ་དང་། ཡང་འགའ་རེ་རྒྱུ་མཚན་དང་བཅས་ཏེ་དེ་ལྟར་ཐོགས་པའང་ཡོད་པས། འདིར་གླེང་བའི་“ཨེ་”ཞེས་པའི་ས་མིང་དེ་ལ་ལོ་རྒྱུས་ཀྱི་གཞིའམ་འབྱུང་ཁུངས།གོ་དོན་ཞིག་ཡོད་ངེས་ཡིན། ཐོག་མར་“ཨེ”ཞེས་པའི་ས་མིང་ཐོགས་སྟངས་ལ་ས་ཆ་དེ་གའི་རྒན་གྲས་ཚོའི་ངག་སྒྲོས་ལྟར་ན། ཡུལ་དེའི་རི་ཀླུང་ཆགས་དབྱིབས་ནི་བོད་ཡིག་གི་དབུ་ཅན་ཡི་གེ་“ཨེ”ཡིག་བཞིན་གྲུབ་ཡོད་པས་དེ་ལྟར་ཐོགས་པ་ཡིན་ཟེར།① 《བོད་རྒྱ་ཚིག་མཛོད་ཆེན་མོའི་》ནང་“ཨེ ”ཡི་འགྲེལ་པར་“ཨེ་ནི་ས་མིང་ཞིག བོད་རང་སྐྱོང་ལྗོངས་ཆུ་གསུམ་རྫོང་ཁོངས་ཀྱི་ཡུལ་དེ་ཨེ་ཡིག་གི་གཟུགས་འདྲ་བ་ཞིག་ཡོད་པས་མིང་དེ་ལྟར་ཐོགས།”② ཞེས་གསལ།
《ལྷ་རྒྱ་རིའི་ཆབ་ཤོག་ཕྱོགས་སྡེབས་ཚངས་སྲས་རྒྱུད་མངས་རང་སྒྲ་》ལས་“མཐའ་བཞིའི་འདོད་རྒུའི་དཔལ་འབྱོར་མ་ལུས་ངང་གིས་འདུ་བ་སྐབས་གསུམ་ས་ལ་འཕོས་པ་ལྟ་བུའི་ཡུལ་ལྗོངས་ཨེ་ཡིག་རྣམ་པར་བཀྲ་བའི་ལྟེ་བར་རྒྱལ་བའི་ཁང་བཟང་ལ་ཅོ་འདྲི་བའི་རྫོང་ཆེན་དུ་མཆིས་པའི་རྙིང་མ་བཀྲ་ཤིས་ཆོས་རྫོང་ཞེས་གྲགས་པ་མངོན་པར་གསལ་བའི་བ་གམ་ཅན།”③ཞེས་པ་ལས་ལྷ་རྒྱ་རིའི་ཁྲི་འཛིན་བཅུ་གཅིག་པ་འཕྲིན་ལས་རོལ་པའི་རྡོ་རྗེས་ཕོ་བྲང་རྙིང་མ་བཀྲ་ཤིས་ཆོས་རྫོང་ཨེ་ཡིག་རྣམ་པར་བཀྲ་བའི་ལྟེ་བར་གནས་པ་བཀོད་འབྲི་མཛད་པ་ལས་ཨེ་འདི་ནི་དབུ་ཅན་“ཨེ་”ཡིག་བཞིན་གྲུབ་ལུགས་ཞལ་གསལ་འཁོད་འདུག“ཨེ་”ཡིག་ཇི་བཞིན་གྲུབ་ལུགས་སྐོར་ལ་ད་ལམ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་《ཨེ་ལྷ་རྒྱ་རི་དང་འབྲེལ་བའི་ལོ་རྒྱུས་དོགས་སློང་ཁག་ཅིག་》④ཅེས་པའི་དཔྱད་རྩོམ་འདི་ཁོ་ན་ལས་མཇལ་རྒྱུ་མི་འདུག ཁོང་གི་བཞེད་པ་ལྟར་ན་“ཨེ་”ཡིག་གི་གཟུགས་རིས་ཧྲིལ་པོ་ཆུ་རྒྱུགས་སའི་གྲོག་ཤུར་ཆེན་པོས་གྲུབ་པ་དང་ཨེ་ལྷ་རྒྱ་རིའི་མངའ་ཁོངས་སུ་རྒྱ་ཚ་རྫོང་དང་། ལྷུན་རྩེ་རྫོང་། དེ་བཞིན་ཟངས་རི་རྫོང་བཅས་མ་ཚུད་གོང་ནས་རང་གི་མངའ་ཁོངས་ཧྲིལ་པོ་“ཨེ”ཡིག་གྲུབ་པའི་གྲོག་ཤུར་དེ་དག་གི་ནང་དུ་ཚུད་པར་བརྟེན་“ཨེ”ཞེས་པ་དེ་ཡུལ་མིང་དུ་བཏགས་པ་ཞིག་ཡིན་ཞེས་གསུངས་བྱུང་། ཡང་ལོ་རྒྱུས་དེབ་ཐེར་ཁག་ཅིག་ནང་“གཡེ་”ཡང་འབྲི་སྲོལ་འདུག་སྟེ། དེ་ཡང་“གཡེ་”ཞེས་འབོད་ཚུལ་ཇི་ལྟར་བྱུང་ཚུལ་སྐོར་ལ་རྒན་བཀྲ་ཕུན་ལགས་ཀྱིས་དབུ་ཅན་ཡ་དང་ཨ་གཉིས་ཀྱི་གཟུགས་རིས་ཐད་འཁྱིལ་བའི་དབྱིབས་ཅན་ལས་གཞན་ཡོངས་སུ་གཅིག་མཚུངས་སུ་སྣང་བ་ལས་ཨེ་དེ་ཡེ་རུ་འགྱུར་བ་ཡིན་ཚོད་འདུག་སྟེ། ད་ལྟའི་ཆུ་གསུམ་རྫོང་དེ་ཉིད་ཀྱི་གཟུགས་དབྱིབས་བོད་ཡིག་གི་དབུ་ཅན་ཡི་གེ་ཨེ་ཡིག་དང་འདྲ་བའི་ཆ་ནས་ཨེ་ཞེས་འདོགས་པའི་རྒྱུ་མཚན་ནི་གོང་སྨོས་བཞིན་ཆུ་རྒྱུག་སའི་གྲོག་ཤུར་དེས་ཨེ་ཡིག་གྲུབ་པ་དང་། ཨེ་ཡིག་དབུས་ཀྱི་གཞུང་རིས་གྲུབ་པའི་གྲོག་ཤུར་དེར་རྗེས་སོར་ཆུ་མི་རྒྱུག་པར་གྲོག་ཤུར་ཁོ་ན་ཉིད་གྲུབ་པར་བརྟེན་ཡེ་ཞེས་བཏགས་པ་ཡིན། ཡིན་ནའང་ཨ་ཡིག་དང་ཡ་ཡིག་གི་ཆེས་དམིགས་བསལ་ཅན་གྱི་དབྱེ་ཆོས་ནི་དབུས་ཀྱི་གཞུང་རིས་འཁྱིལ་བའི་དབྱིབས་ཅན་དེ་ཡིན་པ་ལས་སྒྲའི་ཀློག་སྟངས་ཐད་ནས་ཨེ་དང་གཅིག་མཚུངས་མེད་དེ། གལ་ཏེ་ཡེ་ཡིག་དེ་ཨེ་ཡིག་གི་སྒྲ་ཐོན་དགོས་ན་ངེས་པར་སྔོན་འཇུག་ག་ཡིག་བསྣན་ཚེ་གཞི་ནས་དེ་གཉིས་སྒྲ་གདངས་འདྲ་བས་གཡེ་ཞེས་འབོད་ཚུལ་ཡོད་པ་འཁོད་འདུག་ཀྱང་། གུས་མོས་རང་བློས་གང་དཔོག་གིས་དཔྱད་པ་ཅུང་ཟད་བཏང་ན་ཅུང་མི་འཐད་པར་མཐོང་སྟེ། གལ་ཏེ་རྒན་བཀྲ་ཕུན་ལགས་ཀྱི་བཞེད་པ་བཞིན་ཨེ་ཡིག་གི་གཞུང་རིས་འཁྱིལ་བའི་གྲོག་ཤུར་འདི་རྗེས་སོར་ཆུ་མི་རྒྱུགས་པའི་དབང་གིས་ཡེ་ཡིག་ཏུ་འགྱུར་ཞེས་པ་ལྟར་ན་ཨེ་ཡི་འབོད་ཚུལ་སྔོན་དུ་བྱུང་ཞིང་གཡེ་ཡི་འབོད་ཚུལ་རྗེས་སུ་བྱུང་བ་ཡིན་ཚོད་འདུག འོན་ཀྱང་བོད་སིལ་བུའི་རྗེས་ཀྱི་ཆོས་འབྱུང་ཕལ་ཆེ་བ་《ཡར་ལུང་ཇོ་བོའི་ཆོས་འབྱུང》《རླངས་ཀྱི་པུ་ཏི་སེ་རུ་རྒྱས་པ》 《དེབ་སྔོན》 《ཆོས་འབྱུང་མཁས་པའི་དགའ་སྟོན》 《དེབ་དམར》 《རྒྱ་བོད་ཡིག་ཚང་ཆེན་མོ་》སོགས་ཅུང་སྔ་བའི་ཡིག་ཚང་ནང་“གཡེ་”ཞེས་འཁོད་པ་ལས་“ཨེ་”ཞེས་འཁོད་པ་སྤྱིར་ན་མཐོང་དཀའ།དཔེར་ན། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》དུ་“ལྷ་འགྲོ་བའི་མགོན་པོ་ནི་དབུས་གཙང་དང་། ཁྱད་པར་དུ་གཡེ།གཉལ། དྭགས་པོ། ཀོང་པོ་ལ་སོགས་ཡོན་བདག་དང་། བུ་སློབ་མང་དུ་བསྐྱངས།”⑤ ཞེས་དང་། 《རླངས་ཀྱི་པུ་ཏི་སེ་རུ་རྒྱས་པ་》 རུ་“བསྙལ་སྟོད་སྨད། གྱུ་ཤུལ། ལོ་རོ་དཀར་ནག བྱར་པོ། གཡེ་བཅས་ལ་རང་རེར་བདག་པར་གྱུར།” ཞེས།⑥ 《དེབ་སྔོན》དུ་“གཡེ་རུ་ཡང་བུ་དལ་ལ་སོགས་ནས་ཡོན་བདག་བུ་སློབ་མང་དུ་བྱུང་།”⑦ཞེས། ད་དུང་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་“དྭགས་པོ་ནས་བླ་མདའ་སོགས་དང་། གཉལ་ནས་ཟངས་པོ་ཆེ་སོགས། གཡེ་ནས་བུ་དལ་སོགས་གཙུག་ལག་བརྒྱ་ཕྲག་བཞེངས།”⑧ཞེས། 《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་“དྭགས་པོར་ཤར་པ་གླིང་པ་ཆེན་པོ་དང་། བོ་ཐང་པ་ཆེན་པོ། གཡེར་རྒྱ་རི་བ་ཆེན་པོ།”⑨ ཞེས་པ་སོགས་ལས་དུས་རབས་བཅུ་དྲུག་གོང་གི་ཡིག་ཚང་ཁག་གི་ནང་“ཨེ”ལ་“གཡེ་”ཞེས་འབོད་ཀྱི་ཡོད་པ་གསལ་པོ་ཡིན། 《དུང་དཀར་ཚིག་མཛོད་ཆེན་མོ་》⑩ནང་དུ་གཡེ་མོ་ཡུལ་དྲུག་ཅེས་པར་སྔར་གྱི་ཡི་གེ་རྙིང་པའི་ནང་། “དབྱེ་”“ཨེ་”“གཡེ་”བཅས་འབྲི་སྟངས་མི་འདྲ་བ་གསུམ་འདུག་ཅིང་། དོན་དུ་དེང་སང་“ཨེ”ཟེར་བ་འདི་མིན་ནམ་སྙམ་ཅེས་འགྲེལ་པ་མཛད་འདུག་པ་ལྟར་ན་“གཡེ་”སྔོན་ལ་བྱུང་ཞིང་“ཨེ་”རྗེས་སུ་བྱུང་བ་སྨོས་མེད་ལགས།
དེར་བརྟེན་གུས་མོས་བལྟས་ན་“གཡེ་”ཞེས་པ་འདི་འདོད་རྒྱལ་གྱི་མིང་ཙམ་ལས་རྒྱུ་མཚན་ཅི་ཡང་བརྗོད་རྒྱུ་མེད་ཅིང་། “ཨེ་”ཞེས་པ་ནི་ 《སཾ་བོད་ཚིག་མཛོད་》⑾དུ་འབྲུབ་ཁུང་གི་དོན་དུ་གོ་བ་དང་། འབྲུབ་ཁུང་ནི་འདྲེ་གདོན་བཅུག་སའི་ཁུང་བུ་གྲུ་གསུམ་ལ་(三角形)ཟེར་གྱི་འདུག་ལ། སྐབས་རེར་མོ་མཚན་ཡང་མཚོན་གྱི་ཡོད་མོད། ལྷ་རྒྱ་རི་བའི་ཕོ་བྲང་གནས་ཡུལ་ཆུ་གསུམ་རྫོང་ཞེས་པ་ནི་གསེར་ཆུ་དང་། གོང་བུ་ཕུ་ཆུ། རྒྱལ་ཐང་ཕུ་ཆུ་གསུམ་འཛོམས་སའི་གནས་ཁྱད་པར་བ་གྲུ་གསུམ་ལྟ་བུའི་དབྱིབས་ཅན་ཞིག་ཡིན་པས་“ཨེ་”ཞེས་པའི་མིང་དེ་བྱུང་ཚུལ་ཐད། སྔོན་གྱི་ཅུང་སྔ་བའི་ཡིག་ཚང་ནང་གཡེ། དྭགས། གཉལ་གསུམ་ཞེས་པ་ལས་“གཡེ་”ཡི་ཁོངས་སུ་ལྷོ་ཁའི་ས་ཆ་ཕལ་མོ་ཆེ་ཚུད་ཡོད་དེ། རྗེས་སུ་ལྷ་རྒྱ་རིས་བཙན་ཤུགས་ཀྱིས་ས་ཆ་དེ་དག་མངའ་འོག་ཏུ་བསྡུས་རྗེས་“ཨེ་”ཞེས་པའི་ས་མིང་འདི་ཡུལ་ཆེན་པོ་“གཡེ་”ཞེས་པར་ཐོགས་པར་སྙམ། རྗེས་སུ་དུས་ཀྱི་འཕེལ་རིམ་ཁྲོད་“གཡེ་”དང་“ཨེ་”གཉིས་སྒྲ་འདྲ་བའི་དབང་གིས་འབོད་ཚུལ་ལམ་འབྲི་སྲོལ་མི་འདྲ་བ་བྱུང་ཤས་ཆེ། “དབྱེ་”ཞེས་པའི་འབྲི་སྲོལ་ཐད་རྒན་བཀྲ་ཕུན་ལགས་ཀྱི་དགོངས་པ་ལྟར་ན། དབྱེ་དེ་ས་ཡུལ་གྱི་ཆགས་སྟངས་དང་ཡོངས་སུ་མི་འདྲ་བའི་དབང་གིས་དབྱེ་ཞེས་འབྲི་སྲོལ་མེད་པའི་དགག་ལུགས་འཇོག་གནང་ནའང་《འབྲི་གུང་གདན་རབས་གསེར་ཕྲེང་》དུ་“བླ་མ་ཡལ་གྱིས་སྤྱན་དྲངས་ཤིང་། དབྱེ་ཆུང་རི་ཁྲོད་དུ་བྱོན་”⑿ཞེས་པ་དང་“ཕག་མོ་གྲུ་སོགས་རྟེན་ལ་ཕྱག་མཆོད་ཀྱང་མཛད་ནས། སླར་ཡང་དབྱེ་ཆུང་ཕུག་ཏུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་ཚེ་སྔོན་གྱི་རྣམ་སྨིན་གྱི་ལྷག་མ་རྣམས་ལྷོངས།”⒀ ཞེས་པ་ལས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་དབྱེ་ཕྱོགས་སུ་ཕེབས་པ་གསལ་འབྲི་བྱས་པ་བརྒྱུད་རང་ཅག་གིས་“ཨེ་”ལ་“དབྱེ་”ཡང་འབྲི་སྲོལ་ཡོད་པ་ཤེས་ཐུབ་ལ། 《དུང་དཀར་ཚིག་མཛོད་》ནང་དུའང་དེ་ལྟར་འབྲི་སྲོལ་ཡོད་པ་གསུངས་འདུག་པས་དབྱེ་ཞེས་པ་འདིའང་གཡེ་དང་སྒྲ་འདྲ་བར་བརྟེན་དེ་ལྟར་གྱི་འབྲི་སྲོལ་བྱུང་བར་སྙམ།
གཉིས་པ། ལྷ་རྒྱ་རིའི་མིང་གི་ཐོགས་སྟངས་སྐོར།
ལྷ་རྒྱ་རིའི་“ལྷ་”ཞེས་པ་ནི་མིའི་རྒྱལ་པོའམ་རྗེ་བོ་ཡི་དོན་ལ་གོ་ཞིང་། དོན་དུ་བོད་བཙན་པོའི་གདུང་རྒྱུད་ཡིན་པའི་དབང་གིས་རང་གི་རིགས་རུས་ལྷ་ལ་གཏུགས་ཏེ་ཆེར་བསྟོད་ཀྱིས་ “རྒྱ་རི་”ཡི་སྔོན་དུ་“ལྷ་”ཞེས་པའི་བརྡ་དེ་བསྣན་ཏེ་“ལྷ་རྒྱ་རི་”ཞེས་པའི་མིང་དེ་གྲུབ། དེ་ཡང་ལེགས་སྦྱར་གྱི་ཡི་གེ་ལ་དེ་བ་ན་ག་རའི་ཡི་གེའམ་ཡང་ན་ལྷའི་ཡི་གེ་ཟེར་བ་སྟེ། ཡི་གེ་དེ་གསར་དུ་གཏོད་མཁན་ནི་སྐབས་དེའི་འཕགས་ཡུལ་གྱི་རིགས་རུས་ནང་ཆེས་མཐོ་གྲས་བྲམ་ཟེ་རིགས་ཡིན་པས་ལྷའི་ཡི་གེ་ཞེས་ཐོགས་པ་ལྟར། རིགས་རུས་མཐོན་པོ་དང་། དབང་ཤུགས་དང་བཙན་ཤུགས་གཉིས་ལྡན་གྱི་སྙན་གྲགས་མངོན་ཕྱིར་ཡིན། “རྒྱ་རི་”ཞེས་པའི་མིང་ནི་རི་ལ་རྩ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་ན་རྒྱ་རི་ཞེས་པའི་མིང་དེ་བཏགས་ཞེས་ལྷ་རྒྱ་རིའི་ལོ་རྒྱུས་འཁོད་པའི་ཆོས་འབྱུང་ངམ་དེབ་ཐེར་ཀུན་ནང་བཞེད་པ་གཅིག་མཚུངས་སུ་སྣང་མོད། “ ལྷ་རྒྱ་རིར་”མཚོན་ན་འབྲི་སྲོལ་ལམ་འབོད་སྲོལ་མི་འདྲ་བ་དགུ་ཙམ་འདུག་ཅེས་《ལྷ་རྒྱ་རིའི་ཁྱིམ་རྒྱུད་ལ་དཔྱད་པ་》ཞེས་པའི་དཔྱད་རྩོམ་ནང་དུ་འཁོད་འདུག་པ་སྟེ།⒁ ལྷ་བྱ་རི་པ།⒂གྱེ་རེ་ལྷ་པ།⒃གྱེ་རེ་ལྷ་བཙུན།⒄ གེ་ར་ལྷ་པ།⒅ ལྷ་རིགས། ལྷ་པ། རྒྱ་རི་ས་སྐྱོང། སྡེ་པ་ལྷ་པ།⒆ རྒྱ་རི་ཁྲི་ཆེན་སོགས་འབོད་ཚུལ་ཡོད་པ་གསུངས་ཀྱང་སྤྱིར་ན་ལྷ་རྒྱ་རི་ཞེས་འབོད། ཡིན་ནའང་རྒྱ་རིར་གཞིས་ཀ་བརྩིགས་མཁན་དང་རྒྱ་རི་དགོན་ཕྱག་འདེབས་མཁན་སུ་ཡིན་ཐད་བཞེད་པ་མི་མཐུན་པ་འགའ་མཆིས་ཏེ། 《རག་ར་ཆོས་འབྱུང་》དུ་ “དཔལ་ཕག་མོ་གྲུ་པའི་དུས་གདན་ས་མཐིལ་གྱི་མདར་བཙད་པོ་ཚ་བ་རོང་པ་ཞེས་པ་ཞིག་བྱུང་ཞིང་ནང་སོ་མདའ་སྨད་པས་ཨེ་སྟོད་ཆུ་ཚན་ཁ་རུ་རི་ལ་རྩ་རྒྱ་བོ་སྐྱེས་པ་ཞིག་ལ་མཁར་བརྩེགས་པས་མིང་དེ་ལྟར་གྲགས།”⒇ཞེས་ནང་སོ་མདའ་སྨད་པས་རྒྱ་རི་ཞེས་པའི་གཞིས་ཀ་བརྩིགས་པ་ལས་རྒྱ་རི་དགོན་ཕྱག་བཏབ་ཡོད་ཚུལ་དྲངས་མེད་པ་དང་། 《བེེཌྰུརྱ་སེར་པོ་》ཡི་ནང་དུ་“རྒྱ་རི་དགོན་ནི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་བྱ་ཡུལ་བ་ལ་སློབ་མ་ཆེན་པོ་བརྒྱད་ཡོད་པའི་ནང་ཚན། རྒྱ་རི་མེར་པ་ཆེན་པོས་རྩ་རྒྱ་བོ་སྐྱེས་པའི་རི་ལ་གནས་གཞི་བཏབ་པས་རྒྱ་རི་བ་ཆེན་པོར་གྲགས་”(21)ཞེས་དང་། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》དུ་“རྒྱ་རི་དགོན་ནི་བཀའ་གདམས་ཀྱི་བྱ་ཡུལ་པའི་སློབ་མ་བརྒྱད་ཀྱི་ནང་ཚན་རྒྱ་རི་མེར་པ་ཆེན་པོས་རྩ་རྒྱ་བོ་མང་བའི་རི་ལ་བཏབ་པས་དེ་ལྟར་གྲགས།” (22) ཞེས་རྒྱ་རི་དགོན་ནི་རྒྱ་རི་མེར་པ་ཆེན་པོས་ཕྱག་བཏབ་ཚུལ་བཞེད་པ་གཅིག་མཐུན་ཏུ་བྱུང་། དེ་མིན་ཉེ་དུས་དཔར་སྐྲུན་གནང་བའི་《ལྷོ་ཁའི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག་》ཏུ་“ཁྲི་ཐོག་དང་པོ་བོད་བཙན་པོའི་གདུང་རྒྱུད་དྲི་མ་མེད་པ་ཡར་ཀླུང་ཇོ་བོའི་རྒྱུད་ལས་མཆེད་པ་ལྷ་དགྲ་ལས་རྣམ་རྒྱལ་ཞེས་པ་ཞིག་བྱུང་བ་ཁོང་ཨེ་སྟོད་ཆུ་ཚན་ཁར་ཕེབས། ས་དེར་བཞུགས་གནས་ཆུང་ཆུང་ཞིག་བརྩིགས་ནས་བཞུགས་ནས་དཔྱད་པ་མཛད་སྐབས་རྩ་རྒྱ་བོ་ཞིག་ལ་རང་བྱུང་གི་མེ་འབར་བ་དེ་ནི་བཀྲ་ཤིས་པའི་ལྟས་སུ་གྱུར། ས་དེར་དགོན་པ་དང་གཞིས་ཀ་བརྩེགས་པས་དགོན་དེར་རྒྱ་རི་དགོན་ཞེས་མིང་དུ་ཆགས་” (23)ཞེས་དང་། 《ཆུ་གསུམ་རྫོང་དམངས་རྩོམ་རྣམ་གསུམ་ལེགས་བཏུས་》སུ་“ཨེ་བཙུན་བཙན་པོའི་སྲས་དགྲ་ལེགས་རྣམ་རྒྱལ་ཟེར་བ་ཞིག་ཨེ་ཡུལ་དུ་འོང་ཏེ་བརྒྱ་རི་ཞེས་པའི་ལྷ་ཁང་ཞིག་གསར་བཞེངས་བྱས་པ་” (24)ཞེས་ལྷ་དགྲ་ལས་རྣམ་རྒྱལ་གྱིས་རྒྱ་རིར་གཞིས་ཀ་བརྩིགས་ཤིང་རྒྱ་རི་དགོན་ཡང་ཕྱག་བཏབ་ཚུལ་སྐོར་ལྟ་བ་གཅིག་མཚུངས་སུ་གྱུར། བཞེད་ཚུལ་དེ་དག་ལས་རྒྱ་རི་དགོན་ནམ་རྒྱ་རིར་གཞིས་ཀ་བརྩིགས་མཁན་མི་མཐུན་པ་བཞི་ཙམ་བྱུང་བ་ལས་ཡང་སྙིང་སུ་ཞིག་གི་ལྟ་བ་འཐད་དམ་ཞེ་ན། སྔོན་ལ་ངེས་པར་དུ་བཙད་པོ་ཚ་བ་རོང་པ་དང་། རྒྱ་རི་མེར་པ་ཆེན་པོ། ལྷ་དགྲ་ལས་རྣམ་རྒྱལ། ནང་སོ་མདའ་སྨད་པ་བཅས་ལོ་དུས་ནམ་བྱོན་གྱི་མི་ཡིན་པ་གསལ་པོར་ཤེས་རྒྱུ་གལ་ཆེ།ཆོས་འབྱུང་དང་དེབ་ཐེར་ཁག་ནང་རྒྱ་རི་དགོན་ཕྱག་བཏབ་མཁན་ནམ་གཞིས་ཀ་བརྩིགས་མཁན་འགྲོ་མགོན་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དུས་སུ་བྱུང་བར་བཞེད་པ་གཅིག་མཚུངས་སུ་འདོད་དེ། དེ་ཡང་འགྲོ་མགོན་ཕག་མོ་གྲུ་པའི་འཁྲུངས་འདས་ཀྱི་ལོ་ཚིགས་(སྤྱི་ལོ་1110-1175)ལྟར་གཞིགས་ན་《དེབ་སྔོན་》ལས་“འགྲོ་མགོན་རིན་པོ་ཆེ་ནང་ཅིག་དགེ་འདུན་ལ་གྲོས་མེད་པར་གདན་ས་རིན་པོ་ཆེར་འབྱོན་པའི་ལམ་དུ་ཚ་རོང་བཙད་པོའི་སྒོ་དྲུང་དུ་བྱོན་ནས་དར་ཤམ་ཅིག་བསྐུར།ཁོ་བོ་མཚལ་སྒང་ན་སྡོད་པ་དེ་ལགས། ད་ཕག་མོ་གྲུའི་ཕུའི་ནགས་ཕ་གིར་སྡོད་སྙམ་པས་སྤྱན་རས་ཀྱིས་བཙའ་བར་ཞུ་བྱ་བའི་ལན་བསྐུར་བས། བཙད་པོའི་གསུང་གིས་ནང་དུ་ཚ་བ་ལ་བྱོན་ཟེར། ཁོ་བོ་རང་སྒོ་དྲུང་དུ་བྱོན་ནས་ཚ་བ་ཞུས།འཕྲོད་པའི་གཏམ་ཡང་མཛད།” (25) ཞེས་པ་ལས་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཚ་རོང་བཙད་པོ་སྒོ་དྲུང་དུ་ཕེབས་པ་འཁོད་པ་དང་།《རྒྱ་བོད་ཡིག་ཚང་ཆེན་མོ་》རུ་ “ཉམས་རྟོགས་ཁྱད་པར་ཅན་འཁྲུངས། བཞི་བཅུ་ཞེ་ལྔ་བཞེས་པ་ལྕགས་ཕོ་ཁྱི་ལོ་ལ།ཚ་རོང་རྕད་པོས་སྦྱིན་བདག་བྱས་ནས། ཕག་མོ་གྲུར་འཇག་ལྕིལ་བཏབ།” (26) ཞེས་པ་ལས་དགུང་གྲངས་བཞི་བཅུ་རྩ་ལྔ་པར་ཚ་རོང་བཙད་པོས་ཡོན་བདག་གནང་ནས་ཕག་གྲུར་གདན་ས་བཏབ་པའི་སྐོར་གསལ་འདུག དེའི་ལོ་དུས་ནི་རབ་བྱུང་གསུམ་པའི་ས་སྟག་1158ལོ་ཡིན་པ་དེ་ལས་ཚ་རོང་བཙད་པོ་ནམ་བྱོན་གྱི་ལོ་དུས་རགས་ཙམ་དཔོག་ཐུབ། བདེ་གཤེགས་ཕག་གྲུ་རྡོ་རྗེ་རྒྱལ་པོ་ཉམས་རྟོགས་ཁྱད་པར་ཅན་རྙེད་པ་དེས་བཙད་པོར་ཞེ་གཙིགས་གནང་བབས་ལ་གཞིགས་ན་སྐབས་དེར་ཚ་བ་རོང་པར་དབང་ཐང་དང་དཔལ་འབྱོར་མངའ་ཐང་ཆེ་ཙམ་ཡོད་པ་ཡང་མཐོང་ཐུབ།《ཡར་ལུང་ཇོ་བོའི་ཆོས་འབྱུང་》ལས་“བྱ་འཆད་ཁ་བ་རབ་ཏུ་བྱུང་རྗེས་མཚན་ཡེ་ཤེས་རྡོ་རྗེ་བཏགས། གཡེར་དགེ་བཤེས་སྒྲེ་བ་ལ་བསྙེན་རྫོགས་ཀྱི་མཁན་པོ་ཞུས་པས་མ་གནང་བར།ཚ་རོང་དང་དགས་པོ་གཙང་འདུལ་གཉིས་སྒྲེ་བ་ཆེན་པོའི་སར་བྱོན་པ་ལ་མཁན་སློབ་ཞུས།” (27) ཞེས་པ་ལས་ཚ་རོང་བཙད་པོ་དང་དྭགས་པོ་གཙང་འདུལ་གཉིས་གཡེ་པའི་སྒྲེ་བའི་སྐུ་མདུན་དུ་མཁན་སློབ་ཞུས་པ་གསལ་པོར་རྟོགས་ཐུབ་པས་ཚ་རོང་བཙད་པོ་དང་གཡེ་པའི་སྒྲེ་པ་གཉིས་དུས་མཉམ་པའི་མི་ཡིན་ཚོད་འདུག 《དེབ་སྔོན་》ལས་“སྤྱན་སྔ་ཚུལ་ཁྲིམས་འབར་ནི་ས་ཕོ་སྟག་གི་ལོ་ལ་འཁྲུངས། སློབ་མ་ཡང་འུ་ཡུག་པ་ཨ་མི། བྱ་ཡུལ་བ་ཆེན་པོ། གཡེ་པའི་སྒྲེ་པ་སོགས་བྱུང་” (28)ཞེས་པ་ལྟར་ན་བྱ་ཡུལ་བ་ཆེན་པོ་དང་གཡེ་པའི་སྒྲེ་པ་གཉིས་སྤྱན་སྔའི་སློབ་མ་ཡིན་ཞིང་། 《དེབ་དམར་》ལས་“སྤྱན་སྔ་བའི་གསོལ་ཇ་བ་གཞོན་ནུ་འོད་ཀྱིས་བྱ་ཡུལ་བཏབ་སྟེ།བྱ་ཡུལ་བ་ཆེན་པོར་གྲགས། དེའི་སློབ་མ་ཆེན་པོ་བཅུ་བཞིར་གྲགས་པ། ཁམས་སུ་རབ་ཁ་བ་ཆེན་པོ། ངང་ཚང་པ་ཆེན་པོ་གཉིས ། གཡེ་རུ་རི་མེར་པ་ཆེན་པོ་སོགས །” (29) ཞེས་བྱ་ཡུལ་བའི་སློབ་མ་རྒྱ་རི་མེར་པོ་ཆེན་པོ་ཡིན་པ་འཁོད་གསལ་ལྟར། བྱ་ཡུལ་བ་ཆེན་པོའི་(1075-1138)འདས་ལོ་སྤྱི་ལོ་1138ལོ་ལ་བཞག་ན་ཕག་གྲུ་རྡོ་རྗེ་རྒྱལ་པོ་དགུང་ལོ་28སོན་པས་རྒྱ་རི་མེར་པ་ཆེན་པོ་དང་ཕག་གྲུ་རྡོ་རྗེ་རྒྱལ་པོ་གཉིས་དུས་མཉམ་པའི་མི་ཡིན་ངེས། དེ་བཞིན་གོང་དུ་《ཡར་ལུང་ཇོ་བོའི་ཆོས་འབྱུང་》གི་ལུང་དུམ་བུ་དེ་ལས་ཚ་རོང་བཙད་པོ་དང་གཡེ་པའི་སྒྲེ་པ་གཉིས་དུས་མཉམ་པའི་མི་ཡིན་པ་གསལ་ཤེས་ཐུབ་པ་ལས་ཕག་གྲུ་རྡོ་རྗེ་རྒྱལ་པོ། རྒྱ་རི་མེར་པོ་ཆེན་པོ།ཚ་རོང་བཙད་པོ། གཡེ་པའི་སྒྲེ་པ་དུས་མཉམ་པའི་མི་ཡིན་ཚོད་འདུག དེ་ལྟར་ན་གོང་གསལ་ལྔ་པོ་ལས་རྒྱ་རི་མེར་པོ་ཆེན་པོའམ་ཚ་རོང་བཙད་པོ་གཉིས་རྒྱ་རི་དགོན་ནམ་རྒྱ་རིར་གཞིས་ཀ་བརྩིགས་མཁན་གྱི་བྱེད་པོ་མིན་ནམ་སྙམ།
ཡང་ལྷ་དགྲ་ལས་རྣམ་རྒྱལ་དང་རྒྱལ་བ་དགེ་འདུན་རྒྱ་མཚོ་གཉིས་མཆོད་ཡོན་དུ་འབྲེལ་ཡོད་ན་རྒྱལ་བ་དགེ་འདུན་རྒྱ་མཚོ་ནི་རབ་བྱུང་བརྒྱད་པའི་མེ་སྤྲེལ་ལོ་སྟེ་སྤྱི་ལོ་1476-1542ལོ་བར་ཡིན་པས། ཕག་གྲུ་རྡོ་རྗེ་རྒྱལ་པོའི་ལོ་ཚིགས་དང་བསྡུར་ན་མ་མཐའ་ཡང་ལོ་ཁྱད་300ཙམ་སོང་འདུག་པས་ལྷ་དགྲ་ལས་རྣམ་རྒྱལ་ནི་རྒྱ་རི་དགོན་ནམ་གཞིས་ཀ་བརྩིགས་མཁན་གྱི་བྱེད་པོ་མིན་པ་གདོན་མི་ཟ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས་“གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བ་རོང་པ་ཞེས་མི་དཔོན་ཞིག་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དུས་སུ་བྱུང་ཞིང་། དེ་ནས་རིམ་པར་བརྒྱུད་ནང་སོ་མདའ་སྨད་པས། ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་རྩ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩེགས་པས་རྒྱ་རི་ཞེས་མིང་དུ་ཆགས། དེ་ནས་ལྷ་ཆོས་ཀྱི་བཤེས་གཉེན་སོགས་ཞལ་ངོ་རིམ་པར་བྱུང་བ་ལས། ལྷ་དགྲ་ལས་རྣམ་རྒྱལ་གྱིས་རྒྱ་རི་རྫོང་དུ་བཞུགས། ཐམས་བཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་དང་མཆོད་ཡོན་འབྲེལ།” (30)ཞེས་པ་ལྟར་རྒྱལ་བ་ལྔ་པ་ཆེན་པོས་ནང་སོ་མདའ་སྨད་པས་རྒྱ་རིར་གཞིས་ཀ་བརྩིགས་པ་དང་ལྷ་དགྲ་ལས་རྣམ་རྒྱལ་རྒྱ་རི་རྫོང་དུ་བཞུགས་པ་གསལ་པོར་འཁོད་པ་ལ་གཞིགས་ན་ལུང་རིགས་ཀྱི་རྒྱབ་རྟེན་ཅུང་བཙན་ཞིང་། རྒྱ་རི་དགོན་ཕྱག་བཏབ་མཁན་ནི་གོང་དུ་ལུང་དྲངས་པ་ལྟར་རྒྱ་རི་མེར་པ་ཆེན་པོ་ཁོ་ན་ལས་གཞན་ཡིན་ཚུལ་ཁུངས་བཙན་གྱི་ལུང་རིགས་ད་བར་མཐོང་ལམ་དུ་མ་མཆིས།
དེར་བརྟེན་གུས་མོའི་ལྟ་བ་ལྟར་ན་རྒྱ་རི་མེར་པ་ཆེན་པོས་རྒྱ་རི་དགོན་ཕྱག་བཏབ་པ་དང་། ནང་སོ་མདའ་སྨད་པས་རྒྱ་རིར་གཞིས་ཀ་བརྩིགས་ཤིང་། ལྷ་དགྲ་ལས་རྣམ་རྒྱལ་རྒྱ་རི་རྫོང་དུ་བཞུགས་མྱོང་པར་སྙམ། གོང་གི་དཔྱད་བརྗོད་དེ་དག་གུས་མོས་ཆོས་འབྱུང་དང་ཡིག་ཚང་དུ་འཁོད་པ་རྣམས་བསྡུར་པ་ལས་ཐོན་པ་ཞིག་ཡིན་ཀྱང་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ།
གསུམ་པ། གདུང་རྒྱུད་གང་ལས་མཆེད་ཚུལ་སྐོར་བཤད་པ།
དེ་ཡང་སྤུར་རྒྱལ་བཙན་པོ་ཁྲི་དར་མ་འུ་དུམ་བཙན་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་རྗེས་བོད་བཙན་པོའི་གདུང་རྒྱུད་ཀྱིས་བོད་ཡོངས་ལ་གཅིག་གྱུར་གྱིས་དབང་བསྒྱུར་བའི་དུས་རྫོགས། ཁྲི་དར་མའི་ལྷ་སྲས་ཡུམ་བརྟན་དང་འོད་སྲུང་གཉིས་སྐུ་ན་ཆུང་ཞིང་འུ་དུམ་བཙན་གྱི་བཙུན་མོ་གཉིས་དེ་ཕྱོགས་སུ་གྱུར་བའི་བློན་པོ་རྣམས་བཙན་པོའི་གདུང་རྒྱུད་འཛིན་པའི་ཐད་ལ་མ་འཆམ་པར་འགལ་རྩོད་བྱུང་། དེའི་སྐོར་ལ་དཔའ་བོ་གཙུག་ལག་ཕྲེང་བས་(1392-1481)“དེ་ནས་བཙུན་མོ་གཉིས་དང་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ་ཡུམ་བརྟན་གྱིས་དབུ་རུ། འོད་སྲུང་གིས་གཡོ་རུ་བཟུང་ནས་དབུ་གཡོ་འཁྲུག་པར་བྱས། དེའི་ཕྱོགས་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་ཆུང་སྲིད་མང་ཚན་ཉུང་ཚན་གསེར་པ་གཡུ་པ་ཤ་ཟན་ཙམ་ཟན་ཞེས་སྡེ་གཉིས་སུ་ཆད་དེ་རྩོད།” (31) ཞེས་ལོ་ངོ་མང་པོའི་རིང་ལ་འགལ་རྩོད་བྱུང་བས་མཐར་བོད་བཙན་པོའི་གདུང་རྒྱུད་དེ་ཡུལ་སྡེ་ཆེ་ཆུང་མང་པོར་གྱེས་ཏེ། སྐབས་དེ་དུས་ལུང་པ་རེ་ལ་རྗེ་དཔོན་རེ། སྡེ་དཔོན་རེ་ལ་བཙན་རྫོང་རེ་བཟུང་ནས་གཅིག་གྱུར་གྱི་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་། དེ་ཡང་བོད་ཀྱི་ཡར་ལུང་རྒྱུད་དུ་ཁྲིམས་སྒོ་རང་བཙན་དུ་གནས་པའི་ཨེ་ལྷ་རྒྱ་རི་ནི་བོད་ཀྱི་བཙན་པོའི་གདུང་རྒྱུད་ཡིན་པར་ཐེ་ཚོམ་མི་དགོས་ཏེ། ད་བར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་སྐབས་སོ་སོའི་ས་གནས་སྲིད་དབང་གིས་ལྷ་རྒྱ་རིར་དམིགས་བསལ་གྱི་བདག་རྐྱེན་ཕོགས་ཐོབ་སོགས་རྒྱུད་འཇགས་གནང་བ་ལས་རྟོགས་ཐུབ་མོད། འོན་ཀྱང་བཙན་པོ་འུ་དུམ་བཙན་གྱི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་ལས་ཡང་སྙིང་སུ་ཡི་གདུང་རྒྱུད་ལས་མཆེད་མིན་ཐད་མཁས་པ་ཚོའི་བཞེད་ཚུལ་མི་འདྲ་བ་དང་གླེང་སློང་ཡང་མང་དུ་སྣང་། རྒྱལ་དབང་ལྔ་པ་ཆེན་པོས་“ས་སྐྱོང་ལྷ་རྒྱ་རི་བ་ནི། གོང་ས་ནས་ལུང་དང་འཇའ་ས་ཆེད་དུ་མ་བླངས་པར། ཉི་འོག་གི་རྒྱལ་པོར་གྱུར་པ་ཞིག་སྟེ། དེ་ཡང་བོད་ཆོས་རྒྱལ་གྱི་གདུང་རྒྱུད་དྲི་མ་མེད་པ་གནམ་ལྡེ་འོད་སྲུངས་ཀྱི་སྲས་མངའ་བདག་དཔལ་འཁོར་བཙན་གྱི་བརྒྱུད་ཚ་བ་ཁྲི་བཀྲ་ཤིས་བརྩེགས་པའི་སྲས་གསུམ་གྱི་འོད་ལྡེ་ལས་རིམ་པར་བྱུང་བ། འོད་སྐྱིད་འབར་གྱི་སྲས་གཙང་ཚ་སྤུན་དྲུག་ལས་བརྒྱུད་དེ། གདན་ས་ཐེལ་གྱི་མདར་བཙད་པོ་ཚ་བོ་རོང་པ་ཞེས་མི་དཔོན་ཞིག་དཔལ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་དུས་བྱུང་ཞིང་། དེ་ནས་རིམ་པར་བརྒྱུད་ནང་སོ་མདའ་སྨད་པས། ཨེ་སྟོད་ཆུ་ཚན་ཁ་ཞབས་སུ་རི་ལ་རྩྭ་རྒྱ་བོ་སྐྱེས་པ་ཞིག་ན་གཞིས་ཀ་བརྩིགས་པས་རྒྱ་རི་ཞེས་མིང་དུ་ཆགས།དེ་ལས་ལྷ་ཆོས་ཀྱི་བཤེས་གཉེན་སོགས་ཞལ་ངོ་རིམ་པར་བྱོན།” (32)ཞེས་པ་ལས་འོད་སྲུང་གི་གདུང་རྒྱུད་དྲི་མ་མེད་པ་གཙང་ཚ་སྤུན་དྲུག་བརྒྱུད་དེ་ཕག་གྲུ་རྡོ་རྗེ་རྒྱལ་པོའི་དུས་སུ་ཚ་རོང་བཙད་པོ་ལས་ཆད་པའི་སྐོར་ཞལ་གསལ་འཁོད་འདུག་པ་དང་། 《ཡར་ལུང་ཇོ་བོའི་ཆོས་འབྱུང་》ལས“རྒྱལ་པོ་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན།ཤིང་མོ་ཡོས་ལ་ཡར་ལུངས་འཕང་ཐང་དུ་སྐུ་འཁྲུངས། དེ་ལ་སྲས་གཉིས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། ཉི་མ་མགོན་མངའ་རིས་སུ་བྱོན་ནས་སྲས་གསུམ་བྱུང་བ་ལ་སྟོད་ཀྱི་མགོན་གསུམ་དང་། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ལ་སྲས་གསུམ་སྟེ། དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་གསུམ་ལ་སྨད་ཀྱི་ལྡེ་གསུམ་དུ་གྲགས། དེ་དག་ལས་འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བ་ནི། ཕ་བ་ལྡེ་སེ།ཁྲི་ལྡེ། ཁྲི་ཆུང་། ཉག་ལྡེའོ། ཁྲི་ཆུང་གིས་ཡར་ལུངས་སུ་བཞུགས་ནས། སྐུ་མཁར་འཆིང་ང་སྟག་རྩེའང་བཟུང་། དེའི་སྲས་འོད་སྐྱིད་འབར་གྱི་སྲས་བདུན་ལ། གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར། གཅུང་གཙང་པ་ཚང་སྤུན་དྲུག་ལ། ལྷས་ཅན།གཡུ་ཅན་གཉིས། ད་ར། ལྷུན་པོ་གཉིས། འོད་བཙན། གུང་བཙན་གཉིས་ཏེ་དྲུག་གོ། མངའ་བདག་གཡུ་ཅན་གར་མི་ཡོན་ཏན་གཡུ་རུང་གིས་དཔལ་ཕག་མོ་གྲུབ་པ་ལ་སོགས་མཁས་གྲུབ་མང་པོའི་ཞབས་ཏོག་མཛད།” (33) ཞེས་པ་དང་“གཙང་ཚའི་རྒྱུད་པ་ཇོ་བོ་ཤྰཀྱ་རྒྱལ་གྱིས་འབངས་བརྩིགས་སུ་རྒྱལ་སྲིད་བཟུང་། གཡེ་ཆེ་ཆུང་དང་བཅས་པ་ལ་དབང་བསྒྱུར་རོ།” (34)ཞེས་པ་གཉིས་ལས་འོད་སྲུང་གི་གདུང་རྒྱུད་གཙང་ཚ་སྤུན་དྲུག་ལས་མཆེད་པའི་གཡུ་རུང་གིས་དཔལ་ཕག་མོ་གྲུ་པར་ཞབས་ཏོག་མཛད་པ་དང་དེ་བཞིན་དེ་རྒྱུད་ཀྱིས་གཡེ་ཆེ་ཆུང་ལ་དབང་མཛད་ཚུལ་འཁོད་པ་ལྟར་ཡར་ལུངས་ཇོ་བོའི་རྒྱུད་ལས་མཆེད་པ་ཅུང་བདེན་ཤས་ཆེ་ཞིང་།འབྲེལ་ཐག་ཉེ་བར་སྣང་། གལ་ཏེ་བཙད་པོ་ཚ་བ་རོང་པ་གཙང་ཚ་སྤུན་དྲུག་གི་གཡུ་ཅན་ལས་མཆེད་པ་མིན་ན་གཙང་ཚ་གཞན་ལྔ་གང་རུང་ཞིག་གི་རྒྱུད་ལས་བྱུང་བ་ཡིན་པར་འདོད། གཙང་ཚ་གཞན་ལྔ་པོའི་གདུང་རྒྱུད་ཀྱི་མཚན་རྣམས་ཡིག་ཆར་ཞལ་གསལ་མ་འཁོད་སྟབས་འོལ་ཚོད་ཀྱིས་ངོས་བཟུང་ཐབས་བྲལ་ཡང་། ལྷ་རྒྱ་རི་ནི་མངའ་བདག་འོད་སྲུང་རྒྱུད་ལས་བྱུང་བར་གོང་ས་ལྔ་པ་ཆེན་པོའི་བཞེད་དགོངས་དང་གཅིག་མཐུན་དུ་མཆིས་པས་ལུང་རིགས་ཀྱི་རྒྱབ་རྟེན་ཁུངས་བཙན་ལྡན་པར་སྙམ། ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་“དྭགས་པོ་ཨེ་ལྷ་རྒྱ་རི་བ་ཁ་ཅིག་གིས་འོད་བསྲུང་གི་རྒྱུད་པར་མཛད་ཀྱང་གཞན་མང་པོ་ཞིག་ལྷ་འབྲི་སྒང་བའི་རྒྱུད་པར་སྨྲ་བའོ།” (35)ཞེས་ཚིག་ཉུང་དོན་གསལ་གྱི་ཐོག་ནས་ཡུམ་བརྟན་གྱི་རྒྱུད་ལས་མཆེད་ཚུལ་གསུངས་འདུག་ཅིང་། འབྱར་མན་གྱི་སྐུ་ཞབས་ཡོ་ཆིང་ཁ་ཤི་སི་ཏུན་གྱིས་བརྩམས་གནང་བའི་《ལྷ་རྒྱ་རིའི་ཁྱིམ་རྒྱུད་ལ་དཔྱད་པ་》(36)ཞེས་པའི་དཔྱད་རྩོམ་ནང་མངའ་བདག་ཡུམ་བརྟན་གྱི་སྲས་གཅེན་རིག་པ་མགོན་ལས་རྒྱུད་པའི་མངའ་བདག་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་གྱི་སྲས་ཁྲི་པའི་གདུང་སྲས་བོ་དྷི་རྰ་ཛ་ལས་ལྷ་འབྲི་སྒང་བ་(37)སོགས་རིམ་པར་བརྒྱུད་དེ་ཚ་རོང་བཙད་པོ་བྱུང་ཚུལ་འཁོད་འདུག་ཀྱང་དེ་ལ་ཅུང་མི་འཐད་པར་མཐོང་སྟེ། 《མཁས་པ་ལྡེའུ་ཆོས་འབྱུང་》དུ་“དེ་ནས་དམ་པ་ཆོས་ཀྱི་མེ་རོ་ནི། ཁྲི་ཆུང་ཁྲི་ལྡེ་ཚ་ན་གསུམ་གྱི་རིང་། མཚན་བཞི་ལྡན་པའི་དགོངས་པ་བསལ་གྱིས་བསླངས།” (38) ཞེས་འཁོད་པ་ལྟར་འོད་སྲུངས་ཀྱི་གདུང་རྒྱུད་འོད་ལྡེ་ལས་གྱེས་པའི་ཁྲི་ཆུང་དང་། ཡུམ་བརྟན་གྱི་གདུང་རྒྱུད་གཅེན་རིག་པ་མགོན་གྱི་སྲས་ཁྲི་ལྡེ། ཚ་ལ་ན་ཡེ་ཤེས་རྒྱལ་མཚན་བྱོན་པའི་དུས་མཚུངས་པ་གསལ་པོར་མཚོན་པ་དང་། 《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་》ལས་“ཁྲི་བཀྲ་ཤིས་བརྕེགས་པ་དཔལ་གྱི་སྲས་འབྲིང་པོ་འོད་ལྡེ་ལ་སྲས་ཕ་བ་དེ་སི་དང་། ཁྲི་ལྡེ། སྟག་སྡེ། ཁྲི་ཆུང་རྣམས་རིམ་པར་འཁྲུངས་པ་ལས་ཕ་བ་དེ་སེ་དང་། ཁྲི་ཆུང་གཉིས་ཀྱིས་སྔར་ཡུམ་བརྟན་རྒྱུད་ལ་ཤོར་བའི་ནོར་སྣ་ཁྱད་པར་ཅན་དགུ་ཚུར་ལེན་པར་འདོད་ནས་དབུས་སུ་འོངས་ཏེ་མངའ་བདག་ཁྲི་ཆུང་གིས་ཡུམ་བརྟན་ཉི་འོད་དཔལ་མགོན་གྱི་རྒྱུད་པ་མགོན་ནེ་ཕྱིང་ངེ་རྩེ་ཁུང་བུར་བཞུགས་པ་གྱོད་ལ་བཙུགས་ཏེ་ཅན་དགུ་ཚུར་ཕྲོགས་ནས་ཡར་ལུངས་སུ་གཞིས་ཆགས།” (39)ཞེས་པ་ལས་ཡུམ་བརྟན་གདུང་རྒྱུད་བསམ་ཡས་བཙད་པོ་ཚ་ལ་ན་ཡེ་ཤེས་དང་དུས་མཉམ་པའི་ཁྲི་ཆུང་སླར་དབུས་སུ་འོངས་ནས་ཡར་ལུངས་ཁུལ་དུ་བདག་གིར་བཞེས་པ་གསལ་འཁོད་མཛད་པ་ལས།ཚ་རོང་བཙད་པོ་འོད་སྲུང་བརྒྱུད་ལས་མཆེད་པ་བདེན་ཤས་ཆེ། གཞན་ཡང་གོང་སྨོས་བཞིན་ཚ་རོང་བཙད་པོ་ནི་འགྲོ་མགོན་ཕག་མོ་གྲུ་པའི་དུས་སུ་བྱུང་བ་ནི་སྨོས་མེད་ཡིན་ཏེ།ཀ་ཐོག་ཆེན་པོའི་བཞེད་པ་བཞིན་ལྷ་འབྲི་སྒང་བ་རྒྱུད་དེ་ཚ་རོང་བཙད་པོ་བྱུང་ཚུལ་ལ་གཞིགས་ན། ལྷ་འབྲི་སྒང་བ་ནི་ཚ་རོང་བཙད་པོའི་སྔོན་གྱི་མི་ཡིན་དགོས་པར་བརྟེན། ལྷ་འབྲི་སྒང་བ་ལོ་དུས་ནམ་བྱོན་ཤེས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།《དེབ་སྔོན་》ལས་“སློབ་དཔོན་པདྨའི་དངོས་སློབ་ཨ་མི་བྱང་ཆུབ་འདྲེ་བཀོལ་གཉིས་ཀྱི་གདུང་རབས་གྲུབ་ཐོབ་དང་སྡེ་དཔོན་བརྒྱུད་མར་བྱུང་བའི་རླངས་ལྷ་གཟིགས་ཀྱི་རིགས་ཏེ། ཡབ་ཡོན་ཆེན་རྒྱལ་བ་སྐྱབས་དང་། ཡུམ་འབྲོ་ལྡོག་གཟའ་གྱུ་གུ་ལྕམ་གཉིས་ཀྱི་སྲས་སུ་ཤིང་མོ་ལུག་ལ་བལྟམས། འདི་ལོ་ཕག་མོ་གྲུ་པ་(1110-1175)གཤེགས་ནས་ལོ་དྲུག་པ་ཡིན།སློབ་དཔོན་སྟོན་པ་ཞེས་པ་ཐང་པོ་ཆེ་བ་གཉིས་ལ་རབ་ཏུ་བྱུང་། མཚན་གྲགས་པ་འབྱུང་གནས་སུ་གསོལ།” (40) ཞེས་སྤྱན་སྔ་གྲགས་པ་འབྱུང་གནས་ནི་འགྲོ་མགོན་ཕག་མོ་གྲུ་པ་གཤེགས་རྗེས་ཀྱི་ལོ་དྲུག་པར་སྐུ་འཁྲུངས་པ་ལྟར་ན་ཕལ་ཆེར་སྤྱི་ལོ་1181ཡིན་ཏེ། “སྤྱན་སྔ་གྲགས་པ་འབྱུང་གནས་བཅུ་བདུན་པ་ལ་ཆོས་རྗེ་དྭགས་པོར་གཤེགས་པའི་ཕྱགས་ཕྱིར་བྱོན། ཆོས་རྗེའི་ཞལ་ནས། ད་ཁྱེད་ལ་སྐུ་ཚེ་ལ་སོགས་པ་ལ་བར་ཆད་གང་ཡང་མེད། རྣལ་འབྱོར་པ་མགོ་རྒྱལ་བ་བྱ་བ་ཡིན་གསུང་། དེ་ནས་ཆོས་རྗེ་ཕག་མོ་གྲུར་ཕེབས་པའི་ཚེ་ཉེ་གནས་ཀྱང་མཛད། ཆོས་རྗེ་འོན་དུ་ལྷ་འབྲི་སྒངས་པ་མཇལ་དུ་བྱོན་པའི་ཚེ། ཁྱོད་བསྙེན་པར་རྫོགས་པ་གྱིས་གསུང་བས།ཁོ་བོས་ལོ་བཅོ་བརྒྱད་ལས་མ་ལོན་ཞུས་པས། འདུལ་བ་ང་མཁས་པ་ཡིན། དེ་ལ་བསྙེན་པར་རྫོགས་པ་རུང་གསུང་ནས།མཁན་པོ་རིན་པོ་ཆེས་གསང་སྟེ་མཛད་ནས་བསྙེན་པར་རྫོགས། དེ་ནས་འབྲི་ཁུང་དུ་ཆོས་རྗེའི་གཟིམས་གཡོག་མཛད་པས་སྤྱན་སྔར་གྲགས།” (41) ཞེས་པ་ལས་སྤྱན་སྔ་གྲགས་པ་འབྱུང་གནས་དགུང་ལོ་བཅུ་བདུན་ཐོག་ལྷ་འབྲི་སྒང་བར་མཇལ་ནས་བསྙེན་རྫོགས་མཁན་པོ་ཞུས་པ་གསལ་ཏེ། ཡང་གོང་གི་ལུང་དུམ་བུ་དེ་ལས་སྤྱན་སྔ་གྲགས་པ་འབྱུང་གནས་སྐུ་འཁྲུངས་པའི་དུས་ནི་སྤྱི་ལོ་1181ཡིན་པ་དཔོག་ཚོད་བྱས་པ་བརྒྱུད། སྤྱན་སྔ་ཉིད་ཕལ་ཆེར་སྤྱི་ལོའི་1198ལ་ལྷ་འབྲི་སྒང་བ་དང་མཇལ་དུས་འགྲོ་མགོན་ཕག་མོ་གྲུ་པ་སྐུ་འདས་ནས་ལོ་ངོ་23འགོར། ཡང་ཚལ་པ་ཀུན་དགའ་རྡོ་རྗེས་“ཕག་མོ་གྲུ་པ་དགུང་ལོ་བཞི་བཅུ་རྩ་གཉིས་པ་ལ་དགེ་བཤེས་ཞང་སུམ་ཐོག་པ་དང་མཉམ་དུ་འགྲོགས་ནས་སྒམ་པོར་བྱོན་ཏེ།རྗེ་མཉམ་མེད་དྭགས་པོ་ལྷ་རྗེ་དང་མཇལ། རྟོགས་པ་འཁྲུངས།ལོ་ངོ་གསུམ་བསྟེན། ཡར་བྱོན་ནས་ཚ་རོང་བཙད་པོས་ཡོན་བདག་བྱས་ཏེ་ཕག་མོར་གྲུར་ལྗག་སྤྱིལ་དང་། ཆོས་ཁྲིམས་མཛད་ནས་དགོན་པ་བཏབ་” (42)ཅེས་པ་ལས་ཚ་རོང་བཙད་པོ་དང་བདེ་བཤེགས་ཕག་མོ་གྲུ་པ་གཉིས་མཇལ་བའི་ལོ་དུས་ནི་སྤྱི་ལོ་1155ཡིན་རྐྱེན་ལྷ་འབྲི་སྒང་དང་ཚ་རོང་བཙད་པོ་གཉིས་དུས་མཉམ་པའམ་ལྷ་འབྲི་སྒང་བ་ཚ་རོང་བཙད་པོའི་རྗེས་སུ་བྱུང་བའི་མི་ཞིག་ཡིན་པ་ལས་ལྷ་འབྲི་སྒང་བ་བརྒྱུད་དེ་ཚ་རོང་བཙད་པོ་བྱུང་མེད་པ་ནི་གསལ་རྟོགས་ཐུབ།དེར་བརྟེན་ཀ་ཐོག་ཆེན་པོ་སོགས་མཁས་དབང་ཚོའི་བཞེད་པ་ལྟར་ན། ལྷ་འབྲི་སྒང་བ་བརྒྱུད་དེ་ཚ་རོང་བཙད་པོ་བྱུང་ཚུལ་ལ་ཅུང་མི་འཐད་པར་མཐོང་། རང་ཉིད་ཀྱིས་རྒན་ཤེས་རབ་བཟང་པོ་ལགས་དང་གུ་གེ་ཚེ་རིང་རྒྱལ་པོ་ལགས་སོགས་ཀྱི་སྐུ་དྲུང་དུ་རྒྱ་རིའི་གདུང་རྒྱུད་མཆེད་ཁུངས་སྐོར་བཅར་འདྲི་ཞུས་པ་ལས་ཁོང་རྣམ་གཉིས་ཀྱིས་སྐབས་དེ་དུས་ཡུམ་བརྟན་ནི་བཙན་པོའི་གདུང་རྒྱུད་དངོས་མིན་པའི་ཤོད་སྲོལ་ས་ཁྱབ་རྡོ་ཁྱབ་ཏུ་གྲགས་པར་བརྟེན། ཡུམ་བརྟན་གྱི་གདུང་རྒྱུད་ཡིན་པའི་བཙན་པོ་ཁག་ཅིག་རང་ཉིད་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་པ་མངོན་ཕྱིར་འོད་སྲུང་གི་རྒྱུད་པ་ཡིན་ཁུལ་བྱས་པའང་ཡོད་དེ། ལྷ་རྒྱ་རིའང་ཕལ་ཆེར་ཡུམ་བརྟན་བརྒྱུད་དེ་མཆེད་ཚུལ་གསུངས་བྱུང་།མདོར་ན། ཨེ་ལྷ་རྒྱ་རི་ནི་འགྲོ་མགོན་ཕག་མོ་གྲུ་པའི་དུས་ནས་ལོ་ངོ་བརྒྱད་བརྒྱའི་རིང་ཁྲིམས་སྒོ་རང་བཙན་དུ་གནས་ཐུབ་པ་ནི་གཙོ་བོ་བོད་མིའི་བསམ་བློའི་འདུ་ཤེས་ཐོག་ནས་བརྗོད་ན། མཁས་དབང་ནོར་བྲང་ཨོ་རྒྱན་གྱི་གསུང་ལས་“བོད་དུ་བྱུང་བའི་ཁེང་ལོག་གིས་གཏོར་རྒྱུ་ཡང་བཙན་པོའི་རྒྱུད་པའི་སྲིད་དབང་ཡིན་ལ་འཛུགས་རྒྱུའང་བཙན་པོའི་རྒྱུད་པའི་སྲིད་དབང་ཡིན།” (43) ཞེས་བོད་སིལ་བུའི་དུས་ཀྱི་འབངས་གྱེན་ལོག་རྗེས་ཀྱི་མི་རྣམས་ལ་བྱུང་བའི་དམིགས་བསལ་གྱི་འདོད་དོན་སྣང་ཚུལ་ཞིག་ཀྱང་ཡིན། དེང་གི་དུས་སུའང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནི་རིགས་གསུམ་མགོན་པོའི་རྣམ་སྤྲུལ་དུ་ངོས་འཛིན་པ་སོགས་བོད་འབངས་ཚོས་བཙན་པོའི་གདུང་རྒྱུད་ལ་དམིགས་བསལ་གྱི་དད་གུས་དང་གདུང་སེམས་བཅངས་ཡོད་པ་ནི་སྨོས་མེད་ཡིན། བོད་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་སྡེ་དཔོན་ལྷ་རྒྱ་རི་ལ་ཆ་བཞག་ན། “དེ་ནས་ལྷ་དགྲ་ལས་ཨེ་ཆེན་རི་སྒོ་ཕྱོགས་སུ་ཕེབས་པས། ཡུལ་དུ་བཀྲ་ཤིས་པའི་དགེ་མཚན་མང་དུ་བྱུང་བས། ཡུལ་མི་རྣམས་ཀྱིས་ནས་ཕུད་ཁལ་རེ་ཕུལ། བླའི་དཔོན་དུ་གྱུར་ཏེ། རི་སྒོ་བཀྲ་ཤིས་ཆོས་རྫོང་དུ་ཕོ་བྲང་གི་ལྟེ་བ་མཛད་” (44)ཅེས་ལྷ་དགྲ་ལས་རྣམ་རྒྱལ་ཨེ་རི་སྒོར་ཕེབས་པ་ལས་ཡུལ་འདིར་བཀྲ་ཤིས་པའི་དགེ་མཚན་མང་དུ་བྱུང་བར་བརྟེན་བཙན་པོའི་གདུང་རྒྱུད་འདིར་ལྷའམ་མི་ལས་འདས་པའི་ནུས་རྩལ་ལྡན་པར་ངོས་བཟུང་སྟེ། ནས་ཕུད་ཁལ་རེ་ཕུལ་ནས་ཡུལ་དེའི་བླ་དཔོན་ཏུ་བཀུར་བ་བཞིན།བོད་མིས་བཙན་པོའི་གདུང་རྒྱུད་ལ་དེ་ལྟར་དམིགས་བསལ་གྱི་འདུ་ཤེས་འཛིན་པ་ལས་ཨེ་ལྷ་རྒྱ་རི་ལའང་ས་སྐྱ། ཕག་གྲུ། དགའ་ལྡན་ཕོ་བྲང་བཅས་དུས་རབས་རིམ་བྱུང་གི་སྲིད་འཛིན་བདག་པོ་དེ་དག་གི་བརྩི་བཀུར་དང་། སྲུང་སྐྱོབ། རྒྱབ་སྐྱོར་ཐོབ་ཡོད་པ་ནི་སྨོས་མེད་ཡིན།
མཆན་འགྲེལ།
①2013ལོའི་ཟླ་10ཚེས་23ཉིན་གུས་མོ་ས་ཡུལ་དངོས་ལ་རྟོག་ཞིབ་བྱེད་པར་བསྐྱོད་སྐབས་ཨེ་རི་སྒོ་བཀྲ་ཤིས་ཆོས་སྡེའི་གྲྭ་བཙུན་བཀྲ་ཤིས་རྣམ་རྒྱལ་ལ་བཅར་འདྲི་ཞུས།
②《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ་12པར། ཤོག་གྲངས་3141
③ལྷ་རྒྱ་རི་ཁྲི་ཆེན་བཅུ་གཅིག་པ་བདེ་ཆེན་འཕྲིན་ལས་རོལ་པའི་རྡོ་རྗེ། 《ལྷ་རྒྱ་རིའི་ཆབ་ཤོག་ཕྱོགས་སྡེབས་ཚངས་སྲངས་རྒྱུད་མངས་རང་སྒྲ》ནང་བསྟན་དཔེ་ཚོགས། 2008ལོར། ཤོག་གྲངས་215
④བཀྲ་ཤིས་ཕུན་ཚོགས། 《ཨེ་ལྷ་རྒྱ་རི་དང་འབྲེལ་བའི་ལོ་རྒྱུས་དོགས་སློང་ཁག་ཅིག》 བོད་ལྗོངས་སློབ་གྲུ་ཆེན་མོའི་2009ལོའི་དུས་དེབ་གཉིས་པ།
⑤ཇོ་བ་ཤཱཀྱ་ལྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་3པར། དོན་ཐེངས་དང་པོ། ཤོག་གྲངས་108
⑥ཏཱ་སི་བྱང་ཆུབ་རྒྱལ་མཚན། 《རླངས་ཀྱི་པུ་ཏི་སེ་རུ་རྒྱས་པ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986ལོའི་ཟླ་5པར། ཤོག་གྲངས་110
⑦འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་1པོར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས་45
⑧དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་6པར། ཤོག་གྲངས་716
⑨དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས་478
⑩ དུང་དཀར་བློ་བཟང་འཕྲིན་ལས། 《དུང་དཀར་ཚིག་མཛོད་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོའི་ཟླ་4 པར་གཞི་དང་པོ། ཤོག་གྲངས་1879
⑾《སཾ་བོད་སྐད་གཉིས་ཤན་སྦྱར》 རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་6པར། ཤོག་གྲངས་170
⑿⒀འབྲི་གུང་བསྟན་འཛིན་པད་མའི་རྒྱལ་མཚན། 《འབྲི་གུང་གདན་རབས་གསེར་ཕྲེང》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1989ལོའི་ཟླ་7པར། ཤོག་གྲངས་74 ཤོག་གྲངས་76
⒁ Karsten, Joachim. “Some Notes on the House of lHa rgya-ri.” In: Michael Aris and Aung SanSuu Kyi (eds.), Tibetan Studies in Honour of Hugh Richardson. Proceedings of International Seminar on Tibetan Studies Oxford 1979 . Warminster: Aris & Phillips,1980, pp. 163–168.
⒂《བོད་ཀྱི་ལོ་རྒྱུས་ཡིག་ཆ་》ཞེས་པའི་ནང་དུ་ལྷ་བྱ་རི་པ་ཞེས་འཁོད་འདུག་ཅེས་ Joachim Karsten ཀྱིས་བརྩམས་གནང་བའི་《ལྷ་རྒྱ་རིའི་ཁྱིམ་རྒྱུད་ལ་དཔྱད་པ་》ཡི་ནང་དུ་གསལ།
⒃⒄རྒྱལ་དབང་ལྔ་པས་མཛད་པའི་《ཏླ་ལའི་བླ་མ་སྐུ་ཕྲེང་བཞི་པའི་རྣམ་ཐར་》དུ་“ཡར་ལམ་གཉོས་རྒྱལ་བ་ལྷ་ནང་པའི་གདུང་བརྒྱུད་གྱེ་རེ་ལྷའི་བཙུན་པ་སྲོང་བཙན་ཚངས་པ་”ཞེས་གྱེ་རེ་ལྷ་པའམ་གྱེ་རེ་ལྷ་བཙུན་ནི་སྡེ་པ་ལྷ་རྒྱ་རི་བ་མ་ཡིན་པ་གཏན་འཁེལ་ཡིན།
⒅“གེ་རེ་ལྷ་པ་ནི་ལྷ་རིགས་ལས་འཆད་པའི་སྔགས་འཆང་གི་གདུང་རྒྱུད་ཅིག” ཅེས་བོད་རྒྱ་ཚིག་མཇོད་ཆེན་མོའི་ནང་གསལ་ལྟར་ལྷ་རྒྱ་རི་བ་མ་ཡིན་པ་གསལ་པོར་མཚོན།
⒆ 《བེེཌྰུརྱ་སེར་པོ་》ནང་དུ་“ཨེ་ཕྱོགས་སུ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་བསྟན་པ་བྱུང་ལུགས་ནི། འོད་གསལ་ལྷའི་གདུང་སྡེ་པ་ལྷ་པ་དཔོན་བློན་གྱིས་རིང་ལུགས་འདི་ཉིད་ལ་མི་ལྡོག་པའི་དད་པ་བརྟན་པོས་སྦྱིན་བདག་གི་མཐིལ་མཛད།” ཞེས་པ་བཞིན་ལྷ་རྒྱ་རིར་སྡེ་པ་ལྷ་པ་ཡང་འབོད་སྲོལ་ཡོད་དོ།།
⒇རག་ར་ངག་དབང་བསྟན་པའི་རྒྱལ་མཚན། 《རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ཞེས་བྱ་བ》 བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང། 1990ལོའི་ཟླ་4 པར། ཤོག་གྲངས་245
(21)སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《བེེཌྰུརྱ་སེར་པོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 1989ལོའི་ཟླ་11པར། ཤོག་གྲངས་204
(22)སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1992ལོའི་ཟླ་2པར་གཞི་དང་པོ། པར་གཞི་དང་པོ། ཤོག་གྲངས་614
(23)《ལྷོ་ཁའི་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་སྒྲིག》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། འདོན་ཐེངས་གསུམ་པ། 2006ལོའི་པར་གཞི་དང་པོ། ཤོག་གྲངས་108
(24)《ཆུ་གསུམ་རྫོང་དམངས་རྩོམ་རྣམ་གསུམ་ལེགས་བཏུས》 མི་རིགས་དཔེ་སྐྲུན་ཁང། 2000ལོའི་ཟླ་9པར། ཤོག་གྲངས་24
(25)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་1པོར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས་66
(26)དཔལ་འབྱོར་བཟང་པོ། 《རྒྱ་བོད་ཡིག་ཚང་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི་ཟླ་5པར། ཤོག་གྲངས་536
(27)ཡར་ལུང་ཇོ་བོ་ཤཀྱ་ལྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་3པར། དོན་ཐེངས་དང་པོ་ཤོག་གྲངས་102
(28)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་1པོར་དཔར་ཐེངས་དང་པོ་བཏབ། ཤོག་གྲངས་348
(29) ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》 མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་10པར། ཤོག་གྲངས་64
(30)རྒྱལ་དབང་སྐུ་ཕྲེང་ལྔ་པ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་5པར། ཤོག་གྲངས་186
(31)དཔའ་བོ་གཙུག་ལག་ཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན》 མི་རིགས་དཔེ་སྐྲུན་ཁང་། 1986ལོའི་ཟླ་6པར། ཤོག་གྲངས་431
(32)རྒྱལ་དབང་སྐུ་ཕྲེང་ལྔ་པ། 《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་5པར། ཤོག་གྲངས་186
(33)(34)ཇོ་བ་ཤཀྱ་ལྡེ། 《ཡར་ལུང་ཇོ་བོའི་ཆོས་འབྱུང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་3པར། དོན་ཐེངས་དང་པོ། ཤོག་གྲངས་73 ཤོག་གྲངས་76
(35)ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུ། 《རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་འབྱུང་བའི་རྩ་ལག་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ཡིད་ཀྱི་མེ་ལོང》 བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་གྲངས་76
(36)Karsten, Joachim. “Some Notes on the House of lHa rgya-ri.” In: Michael Aris and Aung SanSuu Kyi (eds.), Tibetan Studies in Honour of Hugh Richardson. Proceedings of International Seminar on Tibetan Studies Oxford 1979 . Warminster: Aris & Phillips,1980, pp. 163–168.
(37)《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས་“ཁྲི་ལྡེ་ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་མཉེན། དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་ཉི་མ་མགོན། གཅེན་རིག་པ་མགོན་གྱི་སྲས་ལྡེ་བོ་རྡོ་རྗེ་འབར། རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ་ཡབ་སྲས་འདི་གཉིས་ཀྱིས་བསམ་ཡས་ཀྱི་ཞབས་ཏོག་མཛད། ཁྲི་པའི་སྲས་ཨ་ཙ་ར། དགེ་སློང་། བླ་མ་བོངྷི་རྰ་ཛྰའོ། བོདྷི་རྰ་ཛྰའརི་རྒྱུད་ལྷ་འབྲི་སྒང་བ། སྨྱུག་རུམ་པ་སོགས་ཏེ།” ཞེས་མངའ་བདག་ཡུམ་བརྟན་བརྒྱུད་ནས་ལྷ་འབྲི་སྒང་བ་བར་གྱི་གདུང་རྒྱུད་མཆེད་ཚུལ་གསུངས་པ་དང་། 《ཉང་ཉི་མ་འོད་ཟེར་ཆོས་འབྱུང་》དང་《མཁས་པ་ལྡེའུའི་ཆོས་འབྱུང་》སོགས་ལས་“ཁྲི་ལྡེ་ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་གཉེན། དེའི་སྲས་རིག་པ་མགོན། ཉི་འོད་དཔལ་མགོན། གཅེན་རིག་པ་མགོན་གྱི་སྲས་ཁྲི་ལྡེ། དེའི་སྲས་འོད་པོ་སོགས་རིམ་པར་བྱུང་། གཅུང་ཉི་འོད་དཔལ་མགོན་ལ་སྲས་མགོན་ནེ། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས་ཁྲི་པ། ཁྲི་པའི་སྲས་ཨ་ཙ་ར། དགེ་སློང་། བླ་མ་བོདྷི་རྰ་ཛྰའི། ”ཞེས་ལས་གོང་སྨོས་ཀྱི་ཡུམ་བརྟན་བརྒྱུད་ནས་ལྷ་འབྲི་སྒང་བ་བར་གྱི་གདུང་རྒྱུད་མཆེད་ཚུལ་དང་གཅིག་མཚུངས་མ་ཡིན་པར་དཔའ་བོ་གཙུག་ལག་ཕྲེང་བ་དང་ཀ་ཐོག་ཆེན་པོའི་བཞེད་པ་ལྟར་ན་ལྷ་འབྲི་སྒང་བ་ནི་ཡུམ་བརྟན་གྱི་གདུང་སྲས་གཅེན་རིག་པ་མགོན་ལས་མཆེད་ཚུལ་གསུངས་པ་མ་ཟད། རིམ་པར་འཁོད་པའི་སྲས་སྲོས་དེ་དག་གི་མཚན་ཡང་ཅུང་ཟད་མི་འདྲ་ཙམ་ཞིག་འདུག ཡང་ཉང་ཉི་མའི་འོད་ཟེར་དང་ལྡེའུ་ཇོ་སྲས་ཀྱིས་ལྷ་འབྲི་སྒང་བ་ནི་གཅུང་ཉི་འོད་དཔལ་མགོན་ལས་མཆེད་ཞེས་དགོངས་ཚུལ་མི་འདྲ་བ་གཉིས་འདུག་ཀྱང་རང་ཉིད་ཤེས་ཚད་དམན་པའི་དབང་གིས་དཔྱད་གཞིའི་ཁུལ་དུ་འཁོད་པ་ལས་བརྡར་ཤ་ཡང་དག་ཤིག་བྱེད་ཐབས་དཀའ། འོན་ཀྱང་ལྷ་འབྲི་སྒང་བ་ནི་ཡུམ་བརྟན་རྒྱུད་ལས་འཕེལ་བ་ནི་སྨོས་མེད་ཡིན་ཏེ། ད་ཐེངས་དཔྱད་རྩོམ་འདིའི་ནང་ལྷ་འབྲི་སྒང་བ་འབྲི་དགོས་དོན་ཡང་ཚ་རོང་བཙད་པོའི་མཆེད་ཁུངས་ཡིན་ཚུལ་བརྗོད་པར་བརྟེན་ཆེད་མངགས་དམིགས་སུ་བཀར་ནས་ཞར་བྱུང་ཚོད་དུ་བཀོད་ཡོད།
(38)(39)ནོར་བྲང་ཨོ་རྒྱན། 《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991ལོའི་ཟླ་7པར། ཤོག་གྲངས། 264 ཤོག་གྲངས་270
(40)(41)འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་1པོར་དཔར་ཐེངས་དང་པོ་བཏབ ། ཤོག་གྲངས་674 ཤོག་གྲངས་675
(42) ཚལ་པ་ཀུན་དགའ་རྡོ་རྗེ། 《དེབ་ཐེར་དམར་པོ》 མི་རིགས་དཔེ་སྐྲུན་ཁང་། 1993ལོའི་ཟླ་2པ། ཤོག་གྲངས་122
(43)ནོར་བྲང་ཨོ་རྒྱན། 《བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1991ལོའི་ཟླ་7པར། ཤོག་གྲངས་142ནས་143བར།
(44)ལྷ་རྒྱ་རི་ཁྲི་ཆེན་བཅུ་གཅིག་པ་བདེ་ཆེན་འཕྲིན་ལས་རོལ་པའི་རྡོ་རྗེ། 《ལྷ་རྒྱ་རིའི་ཆབ་ཤོག་ཕྱོགས་སྡེབས་ཚངས་སྲངས་རྒྱུད་མངས་རང་སྒྲ》 ནང་བསྟན་དཔེ་ཚོགས། 2008ལོར། ཤོག་གྲངས་354