པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཡོངས་ལ། རང་གི་མིག་འབྲས་ལ་གཅེས་པ་བཞིན་དུ་བསླབ་པ་སློབ་གཉེར་གྱི་གོ་སྐབས་དམ་འཛིན་བྱེད་དགོས་ཞེས་རེ་སྐུལ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 06-27


བོད་ལྗོངས་ནང་བསྟན་སློབ་གླིང་།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་6པའི་ཚེས་17ཉིན་ནི་བོད་ས་ཕག་ལོའི་བཞི་བའི་ཚེས་བཅོ་ལྔ་སྟེ། བོད་ཀྱི་ཆེས་གཟབ་རྒྱས་ལྡན་པའི་ཆོས་ལུགས་དུས་སྟོན་ས་ག་ཟླ་བའི་དུས་ཆེན་ཡིན། བཤད་ཚུལ་ལ་བོད་ཟླ་བཞི་བའི་ཚེས་བཅོ་ལྔ་ནི་སྟོན་པ་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་མངོན་པར་རྫོགས་པར་འཚང་རྒྱ་བ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་རེད།
བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མས་གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་བསུ་མ་བྱེད་པ།
            ཉིན་དེ་ནི་ཕུལ་དུ་བྱུང་ཞིང་མཚར་སྡུག་ལྡན་པ་ཞིག་སྟེ། བོད་ལྗོངས་ནང་བསྟན་སློབ་གླིང་གི་སྒོ་ཁའི་རྡོ་གཅལ་སྟེང་དུ་ཚོན་དཀར་སེར་གཉིས་ཀྱིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཆེན་པོ་བྲིས་འདུག་ལ། སློབ་གླིང་གི་གྲྭ་བཙུན་སློབ་མ་ཡོངས་བགྲོད་ལམ་གཡས་གཡོན་གཉིས་སུ་གྲལ་སྒྲིག་ཅིང་ལག་ཏུ་ཁ་བཏགས་དང་བདུག་སྤོས་ཐོགས་ཏེ། རྒྱལ་ཡོངས་སྲིད་གྲོས་རྒྱུན་ཨུའམ་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཆིབས་བསྒྱུར་གནང་བར་ཁུ་སིམ་མེར་སྒུག་འདུག
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕེབས་འབྱོར་གནང་རྗེས་ཕྱག་ནས་གཏོར་བཞིན་པ།
            བོད་ལྗོངས་ནང་བསྟན་སློབ་གླིང་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་ར་སྟོད་བདེ་བ་ཅན་གྱི་འགྲམ་དུ་ཡོད་པ་དང་། བོད་ལྗོངས་ཀྱི་མཐོ་རིམ་བོད་བརྒྱུད་ནང་བསྟན་གྱི་ཕྱོགས་བསྡུས་རང་བཞིན་ལྡན་པའི་སློབ་གྲྭ་ཐོག་མ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་ལྔའི་དགེ་བཤེས་དང་སློབ་མ་བཅས་མཉམ་དུ་འདུས་ཡོད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གྲྭ་ཚང་ལ་སྣེ་ཁྲིད་དེ་ཆོས་འདོན་པ།
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བོད་ལྗོངས་ནང་བསྟན་སློབ་གླིང་དུ་འབྱོར་དུས། ཡུལ་དངོས་སུ་ཆོས་ཀྱི་སྒྲ་དབྱངས་གསང་མཐོར་བསྒྲགས་པ་དང་། སློབ་གླིང་གི་སློབ་མ་རྣམས་ཀྱིས་སེར་འཕྲེང་བསྒྲིགས་ནས་བསུ་མ་བྱས། ཕྱག་ཏུ་བདུག་སྤོས་ཐོགས་པ་དང་དུང་འབུད་པའི་དགེ་འདུན་པས་མདུན་བསུས་ཤིང་། གདུགས་བསྐོར་བའི་དགེ་འདུན་པས་སྐུ་བཅར་ཕེབས་བསུ་ཞུས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཚང་མར་ཕྱག་བརྡ་གནང་བ་དང་དགེ་འདུན་པས་མཐའ་ནས་བསྐོར་ཏེ་ནང་བསྟན་སློབ་གླིང་གི་ཚོམས་ཆེན་དུ་ཕེབས།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དགེ་འདུན་པའི་སྣེ་ཁྲིད་དེ་གསུང་ཆོས་གནང་བ།
            ནང་བསྟན་སློབ་གླིང་གི་ཚོམས་ཆེན་གྱི་ཕུགས་སུ་དུས་གསུམ་སངས་རྒྱས་ལ་མཆོད་པ་ཕུལ་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སངས་རྒྱས་ཀྱི་སྐུ་བརྙན་ལ་ཕྱག་འཚལ་ནས་ཁ་བཏགས་ཕུལ། དེ་ནས་སྐུ་བརྙན་གྱི་དྲུང་གི་ཁྲིར་བཞུགས་ཏེ་གྲྭ་བཙུན་ཡོངས་ལ་སྣེ་ཁྲིད་ནས་ཆོས་ཀྱི་འདོན་པ་གསུངས། 
བོད་ལྗོངས་ནང་བསྟན་སློབ་གླིང་གི་གླིང་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་དགེ་འདུན་པའི་སྣེ་ཁྲིད་དེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཎྜལ་འབུལ་བ། 
            དབུ་མཛད་ཀྱིས་གྲྭ་བཙུན་ཡོངས་ཀྱི་སྣེ་ཁྲིད་དེ་འདོན་པ་སྐར་མ་འགར་གསུངས་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གསལ་ཞིང་འཇེབས་པའི་གསུང་དབྱངས་ཀྱིས་འདོན་པ་བཏོན་པ་དང་དབང་ལུང་གནང་། འདོན་པ་བཏོན་ཚར་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཉུང་ངུ་རྣམ་གསལ་གྱི་ངག་གིས་སློབ་གླིང་གི་གྲྭ་བཙུན་ཡོངས་ལ་ལྷག་བསམ་དྲོན་མོའི་རེ་སྐུལ་གནང་། 
བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་འདུན་པ་ཡོངས་ཀྱིས་ཆོས་འདོན་པ།
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས། “ད་ལྟར་སློབ་གླིང་གི་ཁོར་ཡུག་འདི་འདྲ་བཟང་ཞིང་། དགེ་རྒན་ཡང་འདི་འདྲ་ལེགས་པོ་འདུག གྲུབ་མཐའ་སོ་སོ་ཞི་མཐུན་ངང་བསྡད་ཡོད་པས་ངེད་སློབ་གླིང་གི་སྒོ་ཆེན་འཛུལ་མ་ཐག་པ་ནས་བཟུང་སེམས་འགུལ་ཆེན་པོ་ཐེབས་སོང་། རྣམ་པ་ཚང་མས་རང་གི་མིག་འབྲས་ལ་གཅེས་པ་བཞིན་དུ་རྙེད་པར་དཀའ་བའི་བསླབ་པ་སློབ་གཉེར་གྱི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱེད་དགོས།”ཞེས་གསུངས་བྱུང་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དགེ་འདུན་པར་མཇལ་ཁ་གནང་བ།
            “ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར། སློབ་གླིང་གི་དབུ་ཁྲིད་ལྷན་རྒྱས་ཀྱི་སྣེ་ཁྲིད། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་རིན་པོ་ཆེ་དང་དགེ་སློབ་ཡོངས་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས། མིག་སྔར་བོད་ལྗོངས་ནང་བསྟན་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་དང་སློབ་ཁྲིད་ཀྱི་སྒྲིག་ཆས་འཐུས་སྒོ་ཚང་ལ་སློབ་གླིང་གི་ཁོར་ཡུག་ལེགས་པས། བོད་ཀྱི་སློབ་གྲྭ་འཛུགས་སྐྱོང་གི་ཆུ་ཚད་ཤིན་ཏུ་མཐོ་བའི་ནང་བསྟན་སློབ་གྲྭ་རྩེ་གྲས་སུ་གྱུར་འདུག་པ་དང་། བོད་ཀྱི་གྲུབ་མཐའ་སོ་སོར་ཚད་ལོན་པའི་གྲྭ་བཙུན་འཇོན་ཐང་ཅན་སྐྱེད་བསྲིང་བྱས་འདུག”ཅེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དེ་ལྟར་བཀའ་གསུང་གནང་བྱུང་།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་བོད་ལྗོངས་ནང་བསྟན་སློབ་གླིང་གི་གྲྭ་བཙུན་ཡོངས་ཀྱིས་མཉམ་དུ་བསྐྱོན་པའི་དྲན་རྟེན་མཉམ་པར།
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སློབ་གླིང་གི་གྲྭ་བཙུན་སློབ་མ་ཡོངས་ལ་རེ་སྐུལ་གནང་བ་སྟེ། ཏང་དང་སྲིད་གཞུང་གིས་རྣམ་པ་ཚང་མར་བསླབ་པ་སློབ་གཉེར་གྱི་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་པར་བཀའ་དྲིན་ཞུ་དགོས་པ་དང་། ནང་བསྟན་སློབ་གླིང་ནས་སློབ་གཉེར་དང་འཚར་ལོངས་ཀྱི་གོ་སྐབས་བྱུང་བར་དམ་འཛིན་བྱེད་དགོས། སངས་རྒྱས་ཤཱཀྱ་ཐུབ་པའི་ལྟ་བ་ཡང་དག་ལ་གུས་བརྩི་གནང་བ་དང་། བདེན་པ་བཞིའི་གནས་ལུགས་ཡང་དག་ཉམས་ལེན། ཆོས་དོན་དྲི་མ་མེད་པར་ཐོས་བསམ། རིག་གནས་ཤེས་བྱར་བྱང་ཆུབ་པ་དང་། ཆོས་ཀྱི་རྟོགས་པ་དང་སྒོམ་པ་གོང་འཕེལ་ཡོང་བ་གནང་དགོས། འདུལ་ཁྲིམས་གཙང་མ་སྲུང་བ་དང་། ཆོས་རྣམ་དག་སྒྲུབ་པ། རྒྱ་ཆེན་ཤེས་བྱར་བསླབ་སྦྱངས་དང་། རྒྱལ་གཅེས་ཆོས་གཅེས། ཆོས་དར་ཞིང་རྒྱལ་ཁབ་ལ་ཕན་པ། འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང་ཐོས་བསམ་སྒོམ་གསུམ་ལ་ཐོགས་པ་མེད་པར་བྱེད་དགོས། རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཕྲག་ཏུ་འཁུར་ཏེ། རྒྱ་ཆེའི་དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་དགོས་པར་བསྟན།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བོད་ལྗོངས་ནང་བསྟན་སློབ་གླིང་གི་གྲྭ་བཙུན་རྣམས་དང་ཞལ་གྱེས་གནང་བ།
             དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སློབ་གླིང་གི་གྲྭ་བཙུན་ཡོངས་ལ་མཇལ་ཁ་གནང་བ་དང་དྲན་རྟེན་མཉམ་པར་བསྐྱོན་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ན་ཆུང་སྤྲུལ་སྐུ་འཛིན་གྲྭར་གཟིགས་ཞིབ་གནང་བ།
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ན་ཆུང་སྤྲུལ་སྐུ་འཛིན་གྲྭ་ལའང་ཕེབས་པ་དང་ན་ཆུང་སྤྲུལ་སྐུའི་སློབ་གཉེར་གནས་ཚུལ་ལ་རྒྱུས་ལོན་གནང་། ཕྱིར་ཕེབས་ཁར་ན་ཆུང་སྤྲུལ་སྐུ་རྣམས་ལ་ཞལ་ཏ་བཀའ་སློབ་གནང་དོན། “ཤེས་རབ་སྙིང་རྗེའི་བདག་ཉིད་ཅན་གྱི་ནང་པའི་ཤེས་རབ་ལ་སློབ་སྦྱོང་བཟང་པོ་བྱེད་དགོས་པ་ལས་གཞན། ད་དུང་ཚན་རིག་རིག་གནས་ཀྱི་ཤེས་བྱ་རིགས་སོ་སོར་ཡང་ཡག་པོ་སྦྱོང་དགོས། ” པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་“རྗེས་སུ་ང་ད་དུང་ཁྱེད་ཅག་ལ་བལྟ་རུ་ཡོང་ངེས”ཞེས་ཀྱང་གསུངས་སོང་། 
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་དུང་དགེ་ལུགས་སློབ་ཁང་དང་ས་སྐྱ་སློབ་ཁང་། བཀའ་བརྒྱུད་སློབ་ཁང་། རྙིང་མ་སློབ་ཁང་བཅས་ལའང་ཕེབས་ནས་སློབ་གཉེར་གནང་བཞིན་པའི་གྲུབ་མཐའ་སོ་སོའི་དགེ་བཤེས་དང་སློབ་མར་གཟིགས་སྐོར་གནང་། དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཆོས་གྲྭར་ཕེབས་ནས་བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མས་བསྡུས་གྲྭ་རྩོད་བཞིན་པར་གཟིགས་ཞིབ་གནང་།
བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་འདུན་པས་ཆོས་འདོན་པ། 
            པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འཁྲུག་ཆ་དོད་པའི་རྩོད་པའི་ཚུལ་གཟིགས་རྗེས། ཕྱོགས་གཉིས་ཀྱི་རྩོད་པའི་ནང་དོན་གསལ་པོར་ཐོས་པའི་ཆེད་དུ་ལམ་སེང་རྩོད་པ་བའི་ཉེ་འཁོར་སར་བཞུགས་པ་དང་། སྐབས་དང་སྐབས་སུ་འགྲམ་ལོགས་ཀྱི་དགེ་འདུན་པ་དང་མཉམ་དུ་གླེང་མོལ་མཛད། རྩོད་མཁན་གྱིས་ཡང་དག་པའི་ལན་ནམ་འགྲེལ་བ་འཕེན་དུས་ཁོང་གིས་འཛུམ་དམུལ་དམུལ་གྱིས་དབུ་ལྕོག་ལྕོག་གནང་བཞིན་ཐུགས་འཐད་པའི་རྣམ་འགྱུར་སྟོན་པ་རེད། 
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ལྗོངས་ནང་བསྟན་སློབ་གླིང་གི་དགེ་འདུན་པར་གཟིགས་ཞིབ་གནང་བ།
བོད་ལྗོངས་ནང་བསྟན་སློབ་གླིང་གི་སློབ་མས་ཆོས་རྩོད་གནང་བཞིན་པ།


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1