༄༅།། ཏུན་ཧོང་གཏེར་ཡིག་P.T.1288ལས་བྱུང་བའི་གནག་ལིངས་བཏབ་ཅེས་པའི་གོ་དོན་དང་དེ་འབྲེལ་གྱི་གནད་དོན་འགའ་གླེང་བ།
རྡོ་རྗེ་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 06-27
རྡོ་རྗེ་དོན་གྲུབ།
[ནང་དོན་གནད་བསྡུས།] འདིར་སྔོན་གྱི་ཚད་ལྡན་གྱི་དག་ཡིག་རྣམས་དང་བོད་ཀྱི་ཡིག་སྐད་ཀྱི་མིང་གི་གྲུབ་ལུགས་དང་ཡུལ་སྐད་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་བརྟེན་ནས་ཏུན་ཧོང་གཏེར་ཡིག་P.T.1288་ལས་བྱུང་བའི་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་དོན་ལ་བརྟགས་ཅིང་དཔྱད་ན། སྔོན་གྱི་བརྡ་རྙིང་འགྲེལ་བཤད་དག་ཏུ་བཀོད་ཡོད་པའི་ཤ་ཁྲལ་བསྡུས་ཞེས་པའི་དོན་མ་ཡིན་པར། དེའི་དོན་དངོས་ནི་རི་དྭགས་རྔོན་པ་ཞེས་པའི་དོན་ཡིན་པར་ངེས་ཤེས་འདྲོངས་ཚུལ་དང་དེ་དང་འབྲེལ་བའི་གནད་དོན་འགའ་ཡང་ཞིབ་རྒྱས་སུ་བཀོད་ཡོད།
[བརྡ་ཆད་གཙོ་བོ།] གནག་ལིངས་བཏབ། དོན་ཆེན་གནད་བསྡུས། ཏུན་ཧོང་གཏེར་ཡིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0095-16
གླེང་གཞི།
ཏུན་ཧོང་གཏེར་ཡིག་P.T.1288ལ་གནག་ལིངས་བཏབ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་མིང་བརྡ་གོ་དཀའ་བ་འགའ་བྱུང་ཡོད།① སྔོན་གྱི་བརྡ་རྙིང་འགྲེལ་བཤད་མཁན་པོ་རྣམས་ཀྱིས་དེའི་དོན་གྱི་འགྲེལ་ཚུལ་གྱི་ཐད་ལ་གོ་དོན་གཏན་ནས་མི་འདྲ་བ་གཉིས་བཀོད་ཡོད་པ་ལས་གཅིག་ནི་དགེ་འདུན་ཆོས་འཕེལ་དང་དབང་རྒྱལ་སོགས་ཀྱིས་འགྲེལ་བཤད་གནང་བ་ཤ་ཁྲལ་བསྡུས་པ་ཞེས་པའི་དོན་ཡིན་ལ།གཞན་གཅིག་ནི་བྷ་ཁོ་(Bacot)དང་བྷི་རན་ད་དྷོད་ཚིན་(Brandon Dotson) སོགས་ཀྱིས་རི་དྭགས་བརྔོན་པ་ཞེས་པའི་དོན་ཡིན། བརྡ་རྙིང་མཁན་པོ་རྣམ་པའི་དོན་གྱི་འགྲེལ་ཚུལ་ལ་ཁྱད་པར་ཆེན་པོ་ལྡན་པས་བརྡ་རྙིང་ལ་གསར་དུ་འཇུག་པ་ང་ཚོ་ལ་མཚོན་ན་དོན་ཆེན་གནད་བསྡུས་སུ་འཁོད་པའི་གནག་ལིངས་བཏབ་ཅེས་པ་དང་དེ་འབྲེལ་གྱི་དོན་ཆེན་དག་ལ་གོ་བ་ཇི་ལྟར་ལེན་དགོས་པ་ལ་དཀའ་ཁག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།
ཚད་ལྡན་གྱི་དག་ཡིག་དང་བོད་ཀྱི་ཡིག་སྐད་དང་ཡུལ་སྐད་ཀྱི་མིང་གི་གྲུབ་ལུགས། སྒྲའི་ཀློག་སྟངས། དོན་གྱི་གོ་བ་ལེན་ཚུལ། དེ་མིན་བརྡ་རྙིང་བས་བྲིས་པའི་ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་བརྟེན་ནས་ཏུན་ཧོང་གཏེར་ཡིག་P.T.1288ལས་བྱུང་བའི་གནག་ལིངས་བཏབ་ཅེས་པར་ཡང་བསྐྱར་བརྟགས་ཅིང་དཔྱད་ན་དེའི་དོན་ནི་ཤ་ཁྲལ་བསྡུས་པ་ཞེས་པའི་དོན་མ་ཡིན་པར། རི་དྭགས་བརྔོན་པ་ཞེས་པའི་དོན་ཡིན་པར་ངེས་ཤེས་རྙེད། གནག་ལིངས་བཏབ་ཅེས་པའི་དོན་རི་དྭགས་བརྔོན་པའི་དོན་ཡིན་པར་ཤེས་ན་དོན་ཆེན་གནད་བསྡུས་ཀྱི་དོན་གོ་བ་ལ་རྒྱུ་མཚན་ཆེ་ཞིང་གཏན་ཚིགས་དང་ལྡན་པར་མ་ཟད་དོན་ཆེན་གནད་བསྡུས་སུ་འཁོད་པའི་དོན་ཆེན་ཀྱི་བྱུང་རིམ་གྱི་འགྲོས་དང་ཡང་འཚམས། དེ་ལྟ་ན་ཡང་། རི་དྭགས་བརྔོན་པར་འདོད་མཁན་རྣམས་ཀྱིས་གནག་ལིངས་བཏབ་ཅེས་པའི་དོན་རི་དྭགས་བརྔོན་པ་ཞེས་འགྲེལ་བཤད་རགས་ཙམ་བཀོད་པ་ཙམ་ལས་ཞིབ་རྒྱས་སུ་བཀྲལ་མེད་པར་མ་ཟད། སྐབས་འགར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ཡང་ལྷུང་ཡོད།②འདིར་དོན་ཚན་ཆེན་པོ་གསུམ་གྱི་སྒོ་ནས་གནག་ལིངས་བཏབ་ཅེས་པའི་དོན་རི་དྭགས་བརྔོན་པ་ཞེས་པའི་དོན་ཡིན་པར་ར་སྤྲོད་བྱུང་ཚུལ་ཞིབ་རྒྱས་སུ་དགོད་པར་བྱ་བ་ལ་སྔོན་གྱི་འགྲེལ་བཤད་མཁན་རྣམས་ཀྱིས་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པར་འགྲེལ་ཚུལ་གང་དག་བཀོད་ཡོད་པ་དང་སྒྲུབ་བྱེད་ཅི་དང་སྒྲུབ་བྱེད་དེ་དག་ལྟར་སྣང་ཅན་དུ་སོང་བའི་རྒྱུ་མཚན་གང་ཡིན་པ་དང་། དེ་དག་གི་དོན་དངོས་གང་། དེ་དང་འབྲེལ་བའི་གནད་དོན་གཞན་ཅི་ཡོད་པ་བཅས་རེ་རེ་བཞིན་བཀོད་ཡོད་པ་གཤམ་གསལ་ལྟར།དང་པོ། གནག་ལིངས་བཏབ་ཅེས་པའི་དོན་ལ་སྔོན་གྱི་འགྲེལ་ཚུལ་བཀོད་པ།ཏུན་ཧོང་གཏེར་ཡིག་P.T.1288ལས། ༄༅།། གླང་གི་ལོ་ལ་བབ་སྟེའ། (སྤྱི་ལོ་653)བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་དུ༔གནག་ལྀངས༔བཏབ། ད་རྒྱལ༔མང་པོ་རྗེས༔ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློན༔རིང་སྟག་རྒྱ་དང་ཞྀང་གྱྀ་ཚོང་ཆེན༔སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག༔གྱྀམ་རྩན་རྨ་ཆུང་བཆུག། མདོ་སྨདུ༔ཀམ་ཁྲྀ་བཟང༔བྱེ་འདའ༔ཐོང་མྱིས༔བཀུམ་སྟེ་ཤ་གཉརད་ཕར༔ལོ་གཆྀག། ཅེས་པ་དང་།འབྲུགི་ལོ་ལ་བབ་སྟེ་(སྤྱི་ལོ656) བཙན་པོ་མེར་ཀེ་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས་ཤ་ལྀངས་ཆེན་ཕོ་བཏབ་ཕར་ལོ་གཆིག་ཅེས་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པ་དང་འབྲེལ་བའི་ལོ་ཚིགས་བཀོད་པའི་དོན་ཚན་གཉིས་བྱུང་འདུག འདིར་གནག་ལིངས་དང་ཤ་ལིངས་དང་འབྲེལ་བའི་ཚིག་གཅིག་པུའི་དོན་རགས་ཙམ་ཞིག་བརྗོད་ན། ཚིག་དང་པོའི་དོན་ནི་སྤྱི་ལོ་653ལོར། བློན་ཆེན་པོ་མགར་སྟོང་བཙན་གྱིས་གཡུག་ཅེས་པའི་ས་ཆ་ནས་གནག་ལྀངས་བཏབ་པའི་ལས་ཀ་བསྒྲུབས་ཞེས་པ་དང་། ཚིག་གཉིས་པའི་དོན་ནི་སྤྱི་ལོ་656ལོར། བློན་ཆེན་པོ་མགར་སྟོང་བཙན་གྱིས་གཙམ་གྱི་ཡུལ་མར་ཞེས་པའི་ས་ཆ་ནས་ཤ་ལྀངས་ཆེན་པོ་བཏབ་པའི་ལས་ཀ་བསྒྲུབས་ཞེས་པའི་དོན་ཡིན། གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པ་ནི་ཤ་ཁྲལ་བསྡུས་པའི་དོན་དུ་བཀྲལ་བས་མགར་སྟོང་བརྩན་ཡུལ་ཟུང་གིས་ཤ་ཁྲལ་བསྡུས་པའི་ལས་ཀ་གཉེར་ཞེས་པར་འགྲེལ་དགོས་བྱུང་། དེ་ལ་གནག་ལིངས་བཏབ་ཅེས་པའི་དོན་ཤ་ཁྲལ་དུ་འགྲེལ་མཁན་ནི་དགེ་འདུན་ཆོས་འཕེལ་དང་དབང་རྒྱལ་དང་བསོད་ནམས་སྐྱིད་དང་། གཉའ་གོང་དཀོན་མཆོག་ཚེ་བརྟན་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས་བཅས་ཡིན་པས་རེ་རེ་བཞིན་བརྗོད་ཡོད་པ་གཤམ་གསལ་ལྟར།
གཅིག དགེ་འདུན་ཆོས་འཕེལ་གྱིས་ཤ་ཁྲལ་དུ་གོ་བ་ལེན་ཚུལ། དགེ་འདུན་ཆོས་འཕེལ་གྱིས་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ཞེས་བྱ་བ་ལས་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་ཕོ་བཏབ་ཅེས་པའི་དོན་ནི་ཤ་ཁྲལ་ཆེན་པོ་ཞེས་པར་མཆན་བཀོད་འདུག་སྟེ། དེ་ཉིད་ལས། བཙན་པོ་ཉེན་དཀར་ན་བཞུགས་ཤིང་། བློན་ཆེན་སྟོང་བཙན་གྱིས་གཡུག་ཏུ་གནག་ལིངས་(ཏེ་ཤ་ཁྲལ་ཆེན་པོ) བཏབ། ད་རྒྱལ་མང་པོ་རྗེས་ཞིང་གི་ཕྱིང་རིལ་(ཏེ་ཡུལ་མིའི་སོ་ནམ་གྱི་གཉེར་ཁ) བགྱིས་③ཞེས་དང་། བཙན་པོ་མེར་ཀེ་ན་བཞུགས་ཤིང་།བློན་ཆེན་སྟོང་བཙན་གྱིས་གཙང་གི་ཡུལ་མར་དུ་ཤ་ལིངས་་་(ཏེ་ཤ་ཁྲལ) ཆེན་པོ་བཏབ་པར་ལོ་གཅིག་④ཅེས་བྱུང་ཡོད་པ་བཞིན་དང་། གནག་ལིངས་དང་ཤ་ལིངས་ལ་ཤ་ཁྲལ་ཆེན་པོ་ཞེས་མཆན་བཀོད་ཡོད་པ་ཙམ་ལས་དེ་ལྟར་དུ་འགྲེལ་དགོས་པའི་རྒྱུ་མཚན་གང་ཡང་གསུངས་མེད་པས་གནག་ལིངས་དང་ཤ་ལིངས་ཤ་ཁྲལ་ཆེན་པོའི་དོན་དུ་བཀྲལ་དགོས་པའི་དགོངས་གཞི་ཅི་ཡིན་རྟོགས་དཀའ་བས་བཏང་སྙོམས་སུ་འཇོག་པར་ཟད།
གཉིས། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་ཤ་ཁྲལ་དུ་གོ་བ་ལེན་ཚུལ། བོད་མིང་དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྱུར་བའི་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་རུ་གནག་ལིངས་བཏབ། ཤ་ཁྲལ་ཆེན་པོ་བཏབ། 征牛腿税。གནག指一切牛类。ལིངས། 指四分之一,即一条牛腿。全牛的四分之一,四取其一,这里指牧业的税收ཞེས་⑤དང་། ཤ་ལིངས། གོང་གི་གནག་ལིངས་ཞེས་པ་དང་འདྲ།牛腿税⑥ ཞེས་བཀོད་ཡོད་པར་མ་ཟད། གནག་ལིངས་བཏབ་ཅེས་པ་ཤ་ཁྲལ་ལ་འཇུག་དགོས་པའི་རྒྱུ་མཚན་ནི་བོད་ཀྱི་དམངས་ཁྲོད་དུ་འབྲི་གཡག་ལུག་གསུམ་བཤས་ནས་ཤ་བགོ་སྟངས་ལ་ཤ་ཁོག་གཅིག་བཞི་ལིང་བཞིར་བགོས་ཏེ་འཇོག་སྲོལ་ཡོད་པ་གཞིར་བཟུང་ནས་བརྡ་རྙིང་དུ་བྱུང་བའི་གནག་ལིངས་བཏབ་ཅེས་པའི་ལིངས་དང་ཡུལ་སྐད་དུ་བརྗོད་པའི་བཞི་ལིང་ཞེས་པའི་ལིང་གཉིས་དོན་གཅིག་ཡིན་པར་བསམས་ནས་གནག་ལིངས་བཏབ་ཅེས་པའི་དོན་ཤ་ཁྲལ་བསྡུས་ཞེས་པའི་དོན་དུ་འགྲེལ་བརྗོད་གནང་། འདིའི་སྐོར་འོག་ནས་ཀྱང་འབྱུང་།
གསུམ། གཉའ་གོང་དང་བཙན་ལྷ་གཉིས་ཀྱིས་ཤ་ཁྲལ་དུ་གོ་བ་ལེན་ཚུལ། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་དུ་གནག་ལྀངས། ཤ་ཁྲལ་གྱི་དོན་ཏེ་ཤ་ལིངས་ཞེས་ཀྱང་བྱའོ་⑦ཞེས་དང་། བརྡ་དཀྲོལ་གསེར་གྱི་མེ་ལོང་དུ། གནག་ལིངས་བཏབ། ཤ་ལིངས་བཏབ་པའམ་ཤ་ཁྲལ་བསྡུས་པའི་དོན་ཏེ། ཏུན་ཧོང་གཏེར་ཡིག་བོད་ཀྱི་ཡིག་རྙིང་ལས་བཙན་པོ་ཉེན་དཀར་ན་བཞུགས་ཤིང་། བློན་ཆེ་སྟོང་རྩན་གྱིས་གཡུག་ཏུ་གནག་ལིངས་བཏབ། ད་རྒྱལ་མང་པོ་རྗེས་ཞིང་གི་ཕྱིང་རིལ་བགྱིས་⑧ཞེས་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པ་ལས་གནག་ལིངས་དང་ཤ་ལིངས་ཤ་ཁྲལ་དུ་བཀྲལ་བ་དང་བཏབ་བསྡུས་སུ་བཀྲལ་ནས་འབྲོག་པའི་ཡུལ་ནས་ཤ་ཁྲལ་བསྡུས་ཞེས་པར་འགྲེལ་བརྗོད་གནང་། གནག་ལིངས་བཏབ་དང་ཤ་ལིངས་བཏབ་ནི་ཤ་ཁྲལ་བསྡུས་ཞེས་པའི་དོན་ཡིན་དགོས་པའི་རྒྱུ་མཚན་ལ་གཉའ་གོང་གིས་རྒྱས་སྤྲོས་བྱས་མེད་པ་དང་། བཙན་ལྷ་ཚུལ་ཁྲིམས་ཀྱིས་དབང་རྒྱལ་དང་བསོད་ནམས་སྐྱིད་རྣམ་པ་གཉིས་ཀྱི་འགྲེལ་བརྗོད་བྱེད་སྟངས་ལ་ཁུངས་བཅོལ་འདུག དེ་མིན་བརྡ་རྙིང་ཞིབ་འཇུག་མཁན་གོ་ཤུལ་གྲགས་པ་འབྱུང་གནས་དང་གོང་བ་ཀླུ་འབུམ་རྒྱལ་སོགས་ཀྱིས་ཀྱང་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་དོན་ཅི་ཡིན་མཆན་འགྲེལ་བཀོད་པ་ཁོང་རྣམ་པ་གཉིས་ཀྱིས་རྩོམ་བསྒྲིགས་གནང་བའི་བརྡ་རྙིང་གི་བསླབ་དེབ་ཁག་ཏུ་མཐོང་ན་ཡང་གོང་འཁོད་ཀྱི་རྗེས་སུ་འབྲངས་ནས་འགྲེལ་བཤད་བགྱིས་པ་ཙམ་ལས་ཞིབ་འཇུག་གནང་མེད།
གོང་གསལ་ལས་མཐོང་བ་ལྟར། བརྡ་རྙིང་འགྲེལ་བཤད་མཁན་པོ་ཕལ་ཆེ་བས་ཤ་ལིངས་བཏབ་དང་གནག་ལིངས་བཏབ་ཅེས་པ་ཤ་ཁྲལ་བསྡུས་ཞེས་པར་གོ་དགོས་པའི་རྒྱུ་མཚན་བརྗོད་མེད། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་ཏོག་ཙམ་ཞིག་བརྗོད་པར་བྱས་ཡོད་པ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་ན་གནག་ནི་ནོར་ཟོག་གི་སྤྱི་མིང་ཡིན་ལ། ལིངས་ནི་འབྲི་གཡག་གཅིག་གི་བཞི་ཆ་གཅིག་སྟེ། གཡག་གི་སུག་པ་གཅིག་གི་དོན་དང་། གཡག་གཅིག་གི་བཞི་ཆ་གཅིག་སྟེ། ཆ་བཞི་ཡི་ནང་ནས་གཅིག་བླངས་པ། སྐབས་འདིར་འབྲོག་ལས་ཀྱི་ཁྲལ་བསྡུས་པའི་དོན་ཡིན་ཅེས་གནག་ལིངས་བཏབ་ཤ་ཁྲལ་བསྡུས་ཞེས་པར་བཀྲལ་ཡོད་པ་ནི་གོང་དུ་སོང་མ་ཐག་པ་བཞིན་དང་། གཞན་རྣམས་ཀྱིས་ཤ་ཁྲལ་ལའོ་ཞེས་པ་ཙམ་ལས་རྒྱུ་མཚན་བཀོད་མེད། འགྲེལ་བ་བཀོད་པའི་དུས་ཀྱི་སྔ་གཞུག་ལ་བལྟས་ན། ཤ་ཁྲལ་ལའོ་ཞེས་མཆན་འགོད་མཁན་ཐོག་མ་ནི་དགེ་འདུན་ཆོས་འཕེལ་ཡིན་པ་ངེས་ཤེས་འདྲོངས། དེས་ན་ང་ཚོས་གནག་ལིངས་བཏབ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པ་ཤ་ཁྲལ་དུ་གོ་དགོས་པའི་རྒྱུ་མཚན་ཤོད་དགོས་རྒྱུ་བྱུང་ན་དགེ་འདུན་ཆོས་འཕེལ་ལ་གཏུགས་དགོས་པ་བརྗོད་མེད་ཡིན་ཀྱང་ཁོང་གི་བརྩམས་ཆོས་གང་ན་ཡང་དེ་ལྟར་དུ་ཡིན་དགོས་པའི་རྒྱུ་མཚན་ཞིག་ད་སྔ་མཐོང་དུ་མེད་པས་ཤ་ཁྲལ་དུ་གོ་དགོས་པའི་དགོངས་གཞི་གང་ཡིན་རྟོགས་དཀའ། དབང་རྒྱལ་ལགས་ཀྱིས་བཀོད་པའི་རྒྱུ་མཚན་དེ་རྒྱུ་མཚན་ཡང་དག་ཡིན་མིན་བརྩད་ཆོད་ན་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་དོན་ཤ་ཁྲལ་བསྡུས་པའི་དོན་ཡིན་མིན་གྱི་རྒྱུ་མཚན་ཡང་རྟོགས་པར་འགྱུར་བས་འདིར་དེ་ལ་ཅུང་ཙམ་དཔྱད་པར་བྱས་ན།དབང་རྒྱལ་ཀྱིས་གནག་ཅེས་པ་ནོར་སྤྱིའི་དོན་དུ་གོ་བར་བྱས་ནས་ལིངས་ནི་ལིང་སྟེ་དེང་སང་བོད་ཀྱི་ཡུལ་སྐད་དུ་ལུག་གི་ཤ་བགོ་སྟངས་ཀྱི་རྩིས་གཞི་ལ་ལིང་དང་ཁོག་དང་གཟུག་དང་བུབས་ཞེས་པ་ལྟར་ཡོད་པ་ལས་ཤ་ཁོག་གཅིག་སུག་བཞི་ལྟར་བགོས་ནས་སུག་གཅིག་ལ་བཞི་ལིང་གཅིག་ཅེས་བརྗོད་སྲོལ་ཡོད་པ་གཞིར་བཟུང་བ་དང་། གནག་ལིངས་ཀྱི་ལིངས་ནི་བཞི་ལིང་ཞེས་པའི་ལིང་དང་དོན་གཅིག་ཏུ་བཟུང་ནས་གནག་ལིངས་བཏབ་ཅེས་པ་ཤ་ཁྲལ་དུ་འགྲོལ་དགོས་བྱུང་བ་རེད། དེ་ལྟ་ན་ཡང་། བོད་ཀྱི་ཡུལ་སྐད་ཁག་ལ་ཞིབ་བསྡུར་བྱས་ནས་བརྟག་དཔྱད་བགྱིས་ན་བོད་ཀྱི་ཡུལ་སྐད་དུ་བརྗོད་པའི་བཞི་ལིང་ཞེས་པའི་ལིང་དང་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་ལིངས་གཉིས་ནི་སྐད་གདངས་ཀྱི་ཀློག་སྟངས་ཀྱི་ཆ་ནས་སྒྲ་ཅུང་ཙམ་འདྲ་ཡང་དོན་གཅིག་མ་ཡིན་པ་བརྩད་ཆོད་བྱུང་། དེ་ལ་ཡང་བོད་སྐད་ཀྱི་ཡུལ་སྐད་ཁག་བསྡུར་ནས་དཔྱད་པ་ལས་དབུས་གཙང་གི་ཡུལ་སྐད་དུ་བཞི་ལིང་དང་བཞི་གླིང་གཉིས་གང་རུང་བར་བརྗོད་ཆོག་པ་དང་། ཁམས་སྐད་དུ་བཞི་ལིང་ཞེས་མི་བརྗོད་པར་རྐང་ཡ་གཅིག་གམ་ལག་པ་ཡ་གཅིག་ཅེས་བརྗོད་པ་དང་། ཨ་མདོ་འབྲོག་སྐད་དུ་བཞག་ལིང་ཞེས་བརྗོད་པ་བཞིན་ཡིན་པས་བཞི་ལིང་ཞེས་པའི་ལིང་ནི་གནག་ལིངས་བཏབ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་ལིངས་ཞེས་པའི་སྒྲ་དང་ཅུང་ཙམ་འདྲ་ཡང་ཁྱད་པར་ནི་ཡང་འཇུག་ས་སྦྱར་ཡོད་མེད་ཀྱིས་ཡིན་ཏེ། བརྡ་རྙིང་དུ་ལིངས་ཞེས་ཡང་འཇུག་ས་སྦྱར་ཡོད་པ་དང་། ཡུལ་སྐད་དུ་ལིང་ཞེས་ཡང་འཇུག་ས་སྦྱར་མེད་པ་བཞིན་ནོ།། དེ་ལྟ་ན་ཡང་དེ་གཉིས་ཀྱི་དོན་གཅིག་ཏུ་བལྟ་མི་རུང་བ་ནི་མིང་སོ་སོའི་དོན་གཅིག་མ་ཡིན་པའི་ཕྱིར་ཏེ་ཞིབ་ཏུ་གཤམ་གྱི་རེའུ་མིག་ཏུ་བཀོད་པ་ལས་རྟོགས་པར་བྱ། དཔེར་ན།⑨
ཡིག་སྐད། དབུས་གཙང་སྐད།ཁམས་སྐད། ཨ་མདོ་སྐད། མིང་དོན།ཤ་ཁོག ཤ་ཁོག ཤ་བུབ། ཤ་ཁོག་གམ་ཤ་བུབ། ཤ་ཧྲིལ་བོ་གཅིགབཞི་ལིང་ངམ་བཞི་གླིང་།བཞི་ལིང་ངམ་བཞི་གླིང་།རྐང་ཡ་ལག་ཡ།བཞག་ལིང་། ཤ་ཁོག་གི་བཞི་ཆའི་གཅིག
གོང་གསལ་ལས་ཡིག་སྐད་དུ་འབྲི་གཡག་སྐམ་ལུག་གང་རུང་བའི་ཤ་ཧྲིལ་བོ་གཅིག་ལ་ཡིག་སྐད་དུ་ཤ་ཁོག་གཅིག་གམ་གཟིག་གཅིག་ཟེར་བ་དང་། དབུས་གཙང་སྐད་དུ་ཤ་ཁོག་གཅིག་ཅེས་བརྗོད་པ་དང་། ཁམས་སྐད་དུ་ཤ་བུབ་གཅིག་ཅེས་བརྗོད་པ་དང་། ཨ་མདོ་འབྲོག་སྐད་དུ་ཤ་ཁོག་གཅིག་གམ་བུབ་གཅིག་ཅེས་བརྗོད་ཡོད། ཡང་ཤ་ཧྲིལ་བོ་གཅིག་གི་བཞི་ཆའི་གཅིག་ལ་ཡིག་སྐད་དུ་བཞི་ལིང་ངམ་བཞི་གླིང་ཞེས་ལིང་དང་གླིང་གང་བདེར་བྲིས་ཡོད་པ་དང་། དབུས་གཙང་སྐད་དུ་བཞི་ལིང་དང་བཞི་གླིང་གང་རུང་བརྗོད་ཆོག་པ་དང་། ཁམས་སྐད་དུ་རྐང་གཅིག་གམ་ལག་གཅིག་ཅེས་པ་ལས་བཞི་ལིང་ཞེས་བརྗོད་མེད་པ་དང་། ཨ་མདོའི་སྐད་དུ་བཞག་ལིང་གཅིག་ཅེས་བརྗོད་ཡོད་པ་ལྟར་རོ།། དེས་ན་ཨ་མདོ་ཡུལ་སྐད་དུ་བཞག་ལིང་ཞེས་བརྗོད་པ་ནི་དོན་གྱིས་བཞི་གླིང་ཞེས་པ་སྒྲ་འགྱུར་བྱུང་ནས་གྲུབ་པ་ཡིན་ཏེ་བཞི་གླིང་ཞེས་པའི་མིང་མཐའ་གླིང་ཞེས་པའི་སྒྲ་འགྱུར་ནས་ལིང་དུ་སོང་བར་མ་ཟད། གླིང་གི་མགོ་ཅན་ག་ཡིག་མིང་གཞི་བཞི་ཡི་རྗེས་འཇུག་ཏུ་གྱུར་པས་བཞིག་ཅེས་པར་སོང་བ་དང་བཞིག་ཅེས་པའི་དབྱངས་ཨི་ནི་ཨ་རུ་གྱུར་བས་ཁ་སྐད་དུ་བཞག་ལིང་ཞེས་བརྗོད་པར་གྱུར་བ་ཡིན། དེ་མིན་བཞི་ལིང་ཞེས་པའི་འབོད་སྟངས་ཀྱི་ཆ་ནས་ཡུལ་སྐད་ཆེན་པོ་གསུམ་ལས་དབུས་གཙང་སྐད་དང་ཨ་མདོ་སྐད་གཉིས་ཡིག་སྐད་དང་ཅུང་ཉེ་བར་ཡོད་པ་ནི་བཞི་ལིང་ངམ་བཞི་གླིང་གང་རུང་བརྗོད་ན་ཆོག་པ་ལྟ་བུ་རེད། དེ་ལྟ་བས་ན། ཡུལ་སྐད་དང་ཡིག་སྐད་གང་རུང་ན་བརྗོད་པའི་ལིང་ཞེས་པ་དོན་གྱིས་བརྡ་རྙིང་བ་གླིང་ཞེས་པའི་སྒྲ་ཟུར་ཆག་ནས་འོང་བ་སྟེ། ལིང་ནི་གླིང་ལས་བྱུང་བའི་ལོ་རྒྱུས་ཀྱི་གོ་རིམ་ཞིག་ཡོད་པ་ཤེས་སླ། གླིང་ཞེས་པའི་དོན་འགྲེལ་ལ་དག་ཡིག་གསར་བསྒྲིགས་སུ་མིང་འགྲེལ་དུ་མ་ཞིག་བཀོད་ཡོད་པ་ལས་བཞི་གླིང་གི་གླིང་ནི་ཀ་བ་གླིང་བཞི་ཞེས་བཀོད་ཡོད་པའི་གླིང་གི་དོན་དང་གཅིག་ཡིན་པར་སོང་ཡོད། ཀ་བ་གླིང་བཞི་ཞེས་པ་ནི་ཀ་བ་ཟུར་བཞི་ཡོད་པའི་ཀ་བ་ལ་བརྗོད་པ་བཞིན་དུ་བཞི་ལིང་ངམ་བཞི་གླིང་ཞེས་པའི་གླིང་ཡང་ཟུར་རམ་ལོགས་ཀྱི་དོན་ཡིན་པར་སོང་ཡོད། བཞི་གླིང་དང་བཞི་ལིང་གང་ཡིན་རུང་ཤ་ཁོག་གཅིག་གི་ཟུར་བཞིའམ་ལོགས་བཞི་ཞེས་པའི་དོན་ཡིན་པར་ངེས་ཤེས་འདྲོངས་ཐུབ་པ་བཞིན་ནོ།། དེར་བརྟེན་ཤ་ཁོག་གཅིག་གི་སུག་བཞི་ལ་བཞི་ལིང་ངམ་བཞི་གླིང་ཞེས་བརྗོད་པ་ནི་རྒྱུ་མཚན་དང་ལྡན་པ་ཡིན། དེས་ན་དོན་ཆེན་གནད་བསྡུས་སུ་བྱུང་བའི་ཤ་ལིངས་ཆེན་པོ་བཏབ་ཅེས་པ་དང་གནག་ལིངས་བཏབ་ཅེས་པའི་ལིངས་ནི་གླིང་གི་སྒྲ་འགྱུར་ནས་འོང་བ་མ་ཡིན་ལ་ཟུར་རམ་ལོགས་ཞེས་པའི་དོན་ཡང་མ་ཡིན་པར་དེའི་དོན་དངོས་ནི་རྒྱ་རྙི་ཞེས་པའི་དོན་ཡིན་པས་བཞི་ལིང་ངམ་བཞི་གླིང་ཞེས་པའི་ལིང་དང་དོན་གཅིག་ཏུ་བལྟ་མི་རུང་། དེ་མིན་ཤ་ལིངས་བཏབ་ཅེས་པའི་ཤའི་དོན་ཡང་སེམས་ཅན་གྱི་ཤ་དང་ཁྲག་ཅེས་པའི་ཤ་ཞེས་པའི་དོན་མ་ཡིན་པར་རི་དྭགས་ཤྭ་སྟེ་ཤ་བ་ཞེས་པའི་དོན་ཡིན།བརྡ་རྙིང་དང་བཀས་བཅད་ཐེངས་གསུམ་པའི་རྗེས་ཀྱི་ཡིག་སྐད་གཉིས་བསྡུར་ནས་བརྟགས་ན་མིང་འགའ་རེ་ཞིག་ལ་ཝ་བཏགས་ཡོད་མེད་ཅི་རིགས་མཆིས་པ་ནི་ཆེས་རྒྱུན་ལྡན་ཞིག་ཡིན་པས་ཕྱིས་བྱུང་གི་ཡིག་སྐད་དུ་བྱུང་བའི་མིང་དང་བརྡ་རྙིང་དུ་བྱུང་བའི་མིང་གཉིས་སྒྲ་དོན་གཉིས་ཀའི་ཆ་ནས་གཅིག་མཚུངས་སུ་བྱེད་པར་ཤིན་ཏུ་གཟབ་དགོས་པ་ཡིན།འདིར་དཔེར་མཚོན་ཙམ་བཀོད་པ་གཤམ་གསལ་ལྟར།
གོང་བཀོད་ཀྱི་རེའུ་མིག་ལས་རི་དགས་ལ་རི་དྭགས་དང་ཤ་བ་ལ་ཤྭ་ཞེས ཝ་བཏགས་མེད་པ་ནས་ཡོད་པར་གྱུར་བའི་སྐད་གདངས་ཀྱི་འགྱུར་ལུགས་ཤིག་ཡོད་པར་གསལ་བས་བརྡ་རྙིང་གི་དུས་ན་ཝ་བཏགས་མེད་པར་བྱས་ནས་བྲིས་ཡོད་པའི་ཤ་ཞེས་པའི་གོ་དོན་ནི་ཤ་ཁྲག་གི་ཤ་དང་རི་དྭགས་ཀྱི་ཤ་བ་གཉིས་ཀའི་དོན་དུ་གོ་བར་འགྱུར་དོགས་ཆེ་ཞིང་།བརྡ་རྙིང་གི་སྐབས་སུ་ཝ་ཟུར་སྦྱོར་སྲོལ་དེ་འདྲ་མི་གསལ་བས་དེང་སང་གི་བོད་སྐད་ནང་བཞིན་ཤ་ཁྲག་གི་ཤ་ལ་ཤ་ཞེས་ཝ་ཟུར་མི་སྦྱོར་བ་དང་རི་དྭགས་ཤྭའམ་ཤ་བ་ལ་ཝ་ཟུར་སྦྱར་ནས་ཤྭའམ་ཤ་བ་ཞེས་ཚད་ལྡན་⑩མ་ཡིན་པའི་ཕྱིར་ན་ཡིག་གཟུགས་ཀྱི་ཆ་ནས་གཅིག་ལྟར་བྱུང་ཡོད། དེ་ལྟ་བས་ན། བརྡ་རྙིང་དུ་ཤ་ལིངས་ཞེས་པའི་ཤ་ཡི་དོན་གང་ཡིན་ཚིག་གི་གོང་འོག་དང་སྐབས་སྟོབས་ལས་ཁྱད་པར་འབྱེད་དགོས་པ་ཡིན་ཏེ། ཤ་ལིངས་བཏབ་ཅེས་པ་ནི་གནག་ལིངས་བཏབ་ཅེས་པ་དང་འབྲེལ་ཏེ་ཚིག་གི་སྐབས་སྟོབས་ཀྱིས་ཤེས་པར་འགྱུར་བ་ནི་གནག་ལིངས་བཏབ་ཅེས་པའི་གནག་ནི་གཡག་རྒོད་སོགས་སྒོ་ཕྱུགས་ཆེ་བའི་སྤྱི་མིང་ཡིན་པ་བཞིན་དུ་ཤ་ལིངས་བཏབ་ཅེས་པའི་ཤ་ལ་ཝ་ཟུར་མེད་ན་ཡང་རི་དྭགས་ཤ་བའི་དོན་ཡིན་པར་གོང་གི་གནག་ལིངས་བཏབ་ཅེས་པའི་ཚིག་གི་སྐབས་སྟོབས་ཀྱིས་གསལ་བས་ཤ་ལིངས་ཞེས་པའི་ཤ་ནི་ཤ་ཁྲལ་དང་ཤ་ཁྲག་གི་ཤ་དང་དོན་གཅིག་ཏུ་བལྟ་མི་རུང་བར་གསལ་ལོ།། འདིའི་སྐོར་འོག་ནས་ཀྱང་འབྱུང་བ་ཡིན། དེས་ན་ཤ་ལིངས་བཏབ་ཅེས་པ་དང་གནག་ལིངས་བཏབ་ཅེས་པ་ཤ་ཁྲལ་དུ་གོ་བར་འགྲོ་བའི་ཀུ་མཚན་ལྟར་སྣང་དུ་སོང་བ་ནི་སྒྲ་འདྲ་བས་དོན་འདྲ་བ་སྟེ། དུས་སྐབས་སོ་སོའི་སྐད་གདངས་ཀྱི་འགྱུར་ལུགས་གཅིག་ཏུ་བལྟས་པར་མ་ཟད། བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་བོད་ཀྱི་སྤྱི་ཚོགས་ཀྱི་ངོ་བོ་ནི་བྲན་གཡོག་སྤྱི་ཚོགས་སམ་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་རྣམ་པར་བལྟས་⑾ནས་འབངས་རྣམས་ཀྱིས་བཙན་པོ་ལ་ཁྲལ་འཇལ་དགོས་ཤིང་། ཁྲལ་གྱི་རིགས་ལ་ཡང་འབྲོག་གི་ཁྲལ་དང་ཞིང་གི་ཁྲལ་སོགས་ཡོད་པས་ཁྲལ་འཇལ་བའི་ཚེ་ན་ཞིང་བས་ཞིང་གི་ཆ་ནས་བཙན་པོ་ལ་ཁྲལ་ཕུལ་དགོས་པ་དང་འབྲོག་པས་གནག་ཕྱུགས་ཀྱི་ཆ་ནས་བཙན་པོ་ལ་ཁྲལ་ཕུལ་དགོས་པར་འདོད་པའི་རྒྱུ་མཚན་གཉིས་ལ་བརྟེན་ནས་སྔར་གྱི་བརྡ་རྙིང་འགྲེལ་བཤད་མཁན་པོ་རྣམས་ཀྱིས་དོན་ཆེན་གནད་བསྡུས་སུ་འཁོད་པའི་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་ཚིག་གི་དོན་འབྲོག་པས་བཙན་པོ་ལ་གནག་ཕྱུགས་ཀྱི་ཆ་ནས་ཟ་རྒྱུའི་ཤ་ཡི་ཁྲལ་ཕུལ་བར་འདོད་དགོས་པ་བྱུང་ན་ཡང་དོན་གྱིས་དེ་ལྟར་མ་ཡིན་པར་རི་དྭགས་རྔོན་པའི་དོན་ཡིན།
གཉིས་པ། གནག་ལིངས་བཏབ་ཅེས་པའི་དོན་དངོས་དེ་གང་ཡིན་པར་བཤད་པ།
གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་དོན་ནི་ཤ་ཁྲལ་ཆེན་པོ་བཏབ་ཅེས་པར་བཀྲལ་འདུག་ཀྱང་གནག་ལིངས་བཏབ་ཅེས་པ་ནི་རི་དྭགས་འབྲོང་རྒོད་སོགས་སྒོ་ཟོག་ཆེ་བའི་སྐོར་བརྔོན་པའི་དོན་ཡིན་ལ། ཤ་ལིངས་ཆེན་པོ་བཏབ་ཅེས་པ་ནི་རི་དྭགས་ཤ་བ་⑿བརྔོན་པའི་དོན་ཡིན།རྒྱུ་མཚན་ནི་གཤམ་གསལ་ལྟར།
གཅིག སྔོན་གྱི་དག་ཡིག་རྣམས་སུ་གནག་ལིངས་ཞེས་པའི་དོན་ཇི་ལྟར་བཀོད་ཡོད་པའི་ཚུལ།
ད་ཡོད་དངོས་སུ་མཇལ་དུ་ཡོད་པའི་སྒྲའི་བསྟན་བཅོས་⒀སྒྲ་བྱེ་བྲག་ཏུ་རྟོགས་བྱེད་ཆེན་མོ་དང་སྒྲ་སྦྱོར་བམ་པོ་གཉིས་པ་དང་། གནས་བརྒྱད་ཆེན་མོ་རྩ་འགྲེལ་བཅས་བསྟན་པ་སྔ་དར་གྱི་སྒྲའི་བསྟན་བཅོས་རྣམས་སུ་གནག་ལིངས་དང་ཤ་ལིངས་དང་དེ་འབྲེལ་གྱི་ཐ་སྙད་བྱུང་མེད་པ་དང་། བསྟན་པ་ཕྱི་དར་ནས་བྱུང་བའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་དང་བཅོམ་ལྡན་རིག་པའི་རལ་གྲིས་མཛད་པའི་སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་དང་། དབུས་པ་བློ་གསལ་གྱིས་མཛད་པའི་བརྡ་གསར་རྙིང་གི་རྣམ་པར་བྱེད་པ་དང་སྐྱོགས་སྟོན་རིན་ཆེན་བཀྲ་ཤིས་ཀྱིས་མཛད་པའི་བོད་ཀྱི་སྐད་ལས་གསར་རྙིང་གི་བརྡའི་ཁྱད་པར་སྟོན་པ་ལེགས་པར་བཤད་པ་ལི་ཤིའི་གུར་ཁང་བཅས་སུ་ཡང་གནག་ལིངས་དང་ཤ་ལིངས་ཞེས་པའི་ཐ་སྙད་བྱུང་མེད་པར་མ་ཟད། གནག་དང་ལིངས་དང་ལིང་ཞེས་པའི་ཐ་སྙད་ཀྱང་བཀོད་མེད། དེས་ན་གནག་ཅེས་པ་དག་ཡིག་ཏུ་འགོད་མཁན་ཐོག་མ་ནི་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བརྡ་ཡི་བྱེ་བྲག་གསལ་བྱེད་དང་དཔལ་ཁང་ལོ་ཙཱ་བའི་དག་ཡིག་ངག་སྒྲོན་གཉིས་ཡིན་ལ། ལིངས་ཞེས་པ་དག་ཡིག་ཏུ་འགོད་མཁན་ནི་བསྟན་དར་ལྷ་རམས་པའི་གངས་ཅན་གྱི་བརྡ་གསར་རྙིང་ལས་བརྩམས་པའི་བརྡ་ཡིག་བློ་གསལ་མགྲིན་རྒྱན་དང་གཤེན་མཁས་གྲུབ་ཀྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པ་རྩ་འགྲེལ་དང་བརྡ་དག་བློ་གསལ་མཇུག་ངོགས་གཉིས་ཡིན། གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པ་དག་ཡིག་ཏུ་འགོད་མཁན་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱི་བརྡ་དཀྲོལ་གསེར་གྱི་མེ་ལོང་གཉིས་ཡིན་པས་རེ་རེ་བཞིན་བཀོད་ཡོད་པ་གཤམ་གསལ་ལྟར། 1.གནག་ཅེས་བྱ་བ་ཕྱུགས་ཀྱི་མིང་།⒁ 2.གནག་ནོར་རམ་འབྲི་གཡག་སོགས་ཕྱུགས་དུད་འགྲོ་རྟ་ལུགས་སོགས་ཀྱང་ངོ་།⒂ 3.ལིངས་པ་ནི་རྔོན་པ། ལིངས་བཏབ་ནི་རི་དྭགས་བདའ་བ། ལིང་གིས་བོར་བ་ནི་རིལ་གྱིས་བོར་བ།⒃ 4.ལིང་བས་(རྔོན་པ) ལིངས་བཏབ་(རི་དྭགས་སོགས་བདའ་བ་དང་)།⒄ 5.གནག་ལིངས་བཏབ། ཤ་ལིངས་བཏབ་པའམ་ཤ་ཁྲལ་བསྡུས་པའི་དོན།⒅
སྔོན་གྱི་ཡིག་རྙིང་གིས་མཚོན་པའི་ལོ་རྒྱུས་ཀྱི་དཔེ་ཆ་དང་འདུལ་བའི་མདོ་སོགས་སུ་ཡང་ལིང་བ་ཞེས་པ་རི་དྭགས་པའི་མིང་དུ་བྱུང་ཡོད་པ་ནི་དཔེར་ན། 1.དེ་ལིང་བ་རྣམས་ཀྱིས་མཐོང་ནས། ཁྱེད་སུ་ཡིན་བྱས་པས།⒆ 2.ལིང་པ་བྲག་ལ་གནས་པ་ཡིན།⒇ 3.རྒྱལ་པོ་དེ་ལིངས་ལ་དགའ་བས་མི་ཞིག་ལ་སྨྲས་པ། ཀཱའི་མི་འདི་སོང་ལ་ངའི་རྟ་དང་མདའ་གཞུ་དག་ཁྱེར་ཏེ་ཤོག་ཅིག(21)གོང་གི་དཔེར་བརྗོད་དག་ལས་མཐོང་བ་ལྟར་ན། ལིང་བ་ཞེས་པ་དང་ལིངས་ལ་དགའ་བ་ཞེས་པ་རྣམས་ནི་རི་དྭགས་པ་ཞེས་པ་དང་རི་དྭགས་བརྔོན་པར་དགའ་བ་ཞེས་པའི་དོན་ཡིན་པར་གསལ་ཞིང་། ཡང་འཇུག་ས་སྦྱར་ཡོད་མེད་གཉིས་བྱུང་བ་ནི་ལ་དྭགས་རྒྱལ་རབས་དང་མི་ལས་རས་པའི་རྣམ་མགུར་ལས་ལིང་བ་ཞེས་ཡང་འཇུག་ས་སྦྱར་མེད་པ་དང་། ལུང་ཕྲན་ཚེགས་སུ་ལིངས་ལ་དགའ་ཞེས་ཡང་འཇུག་ས་སྦྱར་ཡོད་པ་བཞིན་རེད། གཞན་ཡང་། གོང་དུ་བཀོད་པའི་དཔེར་བརྗོད་དག་ལས་གནག་ཅེས་པ་ནི་ཕྱུགས་ཟོག་སྤྱིའི་མིང་ཡིན་ལ།ལིངས་བཏབ་པ་ཞེས་པ་ནི་རི་དྭགས་རྔོན་པའི་དོན་དང་ལིང་པ་ཞེས་པ་ནི་རྔོན་པའམ་རི་དྭགས་པའི་མིང་ཡིན་པ་ཚིག་གི་སྐབས་སྟོབས་ཀྱིས་རྟོགས་ནུས། ཡིན་ན་འང་། གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་ཐ་སྙད་བྱུང་མེད། དུས་རབས་བཅུ་དགུ་བའི་མཇུག་ནས་བྱུང་བའི་དག་ཡིག་དགེ་བཤེས་ཆོས་གྲགས་དང་། དག་ཡིག་གསར་བསྒྲིགས། བརྡ་སྤྲོད་དཔག་བསམ་ལྗོན་པའི་སྙེ་མ། བོད་ཡིག་བརྡ་རྙིང་ཚིག་མཛོད། རྒྱ་བོད་མིང་མཛོད། བོད་རྒྱ་ཚིག་མཛོད་ཆེན་མོ་བཅས་ཀྱི་ནང་དུ་ཕྱུགས་ཟོག་སྤྱིའི་དོན་སྟོན་པའི་གནག་དང་གནག་དང་འབྲེལ་བའི་རྗེས་གྲུབ་ཀྱི་མིང་མང་པོ་ཞིག་བཀོད་ཡོད་པར་མ་ཟད། རྔོན་པའམ་རྒྱ་རྙིའི་དོན་སྟོན་པའི་ལིངས་དང་ལིངས་ཀྱིས་གྲུབ་པའི་རྗེས་གྲུབ་ཀྱི་མིང་ཡང་མང་པོ་ཞིག་བཀོད་འདུག འདིར་དཔེར་མཚོན་ཙམ་དུ་རྒྱ་བོད་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་སུ་གནག་གམ་གནག་དང་འབྲེལ་བའི་མིང་དང་ལིངས་སམ་ལིངས་དང་འབྲེལ་བའི་མིང་ཇི་ལྟར་བྱུང་ཡོད་པ་རེའུ་མིག་ཏུ་བཀོད་པ་གཤམ་གསལ་ལྟར།
དག་ཡིག་གསར་བསྒྲིགས། བོད་རྒྱ་ཚིག་མཛོད་ཆེན་མོ།ལིངས། གནག ལིང་། གནགལིངས་པ། གནག་ཁྱི། ལིང་སྐེད། གནག་ཁྱི། ལིང་། གནག་ཕྱུགས། ལིངས། གནག་ཕྱུགས།མེ་ལིང་། གནག་རྫི། ལིངས་ཁྱི། གནག་ནད།ལིང་། གནག་སེམས། ལིངས་པ། གནག་ལིངས་བཏབ།
གོང་དུ་གསལ་བ་ལྟར་དག་ཡིག་གསར་བསྒྲིགས་སུ་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་ཐ་སྙད་བྱུང་མེད་པ་དང་བོད་རྒྱ་ཚིག་མཛོད་ཆེན་མོར་གནག་ལིངས་བཏབ་ཅེས་བྱུང་ཡོད་པར་ཟད། གནག་ལིངས་བཏབ་ཅེས་པའི་ཐ་སྙད་ཀྱི་དོན་འགྲེལ་གྱི་ཐད་དུ་བརྡ་རྙིང་། ཤ་ལིངས་བཏབ་ཀྱང་ཟེར། ཤ་ཁྲལ་ཆེན་པོ་བསྡུས་པ་ཞེས་ཀྱང་བཀོད་ཡོད་ཅིང་། བརྡ་དཀྲོལ་གསེར་གྱི་མེ་ལོང་དུ་ཡང་གོང་འཁོད་བཞིན་དུ་དཔེར་བརྗོད་བཀོད་ཡོད་མེད་ཙམ་ལས་དོན་གྱི་འགྲེལ་ཚུལ་གཅིག་ལྟར་དུ་སོང་ཡོད། དེར་མ་ཟད།གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་ཐ་སྙད་འདི་དུས་འདི་ནས་བཟུང་བོད་ཀྱི་མིང་མཛོད་དུ་སླེབས་པའི་མགོ་བརྩམས་པ་རེད། ཡིན་ནའང་ཐ་སྙད་འདིའི་དོན་འགྲེལ་གྱི་ཐད་དུ་དག་ཡིག་དང་ཚིག་མཛོད་སྒྲིག་པ་པོ་རྣམས་གཅིག་གི་རྗེས་སུ་གཅིག་འབྲངས་ཏེ་ཀུན་པོས་ཀྱང་ཤ་ཁྲལ་བསྡུས་པ་ཞེས་བཀོད་པ་ཙམ་ལས་རི་དྭགས་རྔོན་པའི་དོན་བཀོད་མེད་དོ།། དེས་ན་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པའི་དོན་ཅི་ཡིན་དག་ཡིག་ལ་བལྟ་དགོས་བྱུང་ན་དུས་རབས་བཅུ་དགུའི་སྔོན་དུ་བྱུང་བའི་དག་ཡིག་ཏུ་འཁོད་པ་གཞིར་བཟུང་ནས་འགྲེལ་བཤད་བྱེད་དགོས་པ་ཡིན་ཏེ། ཕྱི་མ་རྣམས་ནི་གོང་དུ་སོང་བ་ལྟར་དགེ་འདུན་ཆོས་འཕེལ་དང་དབང་རྒྱལ་དག་ལ་གཏུགས་འདུག་པའི་ཕྱིར་རོ།།
གཉིས། གནག་ལིངས་བཏབ་ཅེས་པའི་དོན་རི་དྭགས་བརྔོན་པའི་དོན་ཡིན་པར་བརྗོད་པ། དག་ཡིག་ངག་གི་སྒྲོན་མ་དང་དག་ཡིག་མཁས་པའི་འབྱུང་གནས།བརྡ་སྤྲོད་ཉི་ཤུ་བདུན་པ་ལ་སོགས་པའི་དུས་རབས་བཅུ་དགུ་བའི་སྔོན་དུ་བྱུང་བའི་དག་ཡིག་རྣམས་སུ་ལིངས་ཞེས་པ་ནི་རི་དྭགས་འཛིན་བྱེད་ཀྱི་རྒྱ་རྙི་རིགས་ཤིག་གི་མིང་ཡིན་པར་འགྲེལ་འདུག་པ་དང་ལིངས་དང་འབྲེལ་ནས་གྲུབ་པའི་ཐ་སྙད་གཞན་པ་ཡང་དཔེར་ན་ལིངས་པ། ལིངས་ཁྱི། ལིངས་དུང་སོགས་དངོས་པོའི་མིང་ལ་དངོས་པོའི་མིང་སྦྱར་ནས་གྲུབ་པའི་རྗེས་གྲུབ་ཀྱི་མིང་གསར་བ་མང་བོ་ཞིག་བྱུང་ཡོད་ཅིང་། ལིངས་བཙུགས་པ། ལངི ས་སུ་ཆུད་པ། ལིངས་སུ་ཚུད་པ། ལིངས་འདེབས་པ། ལིངས་གཏོང་བ། ལིངས་ཐོབ་བཅས་དངོས་པོའི་མིང་ལ་བྱ་བའི་མིང་སྦྱར་ནས་གྲུབ་པའི་རྗེས་གྲུབ་ཀྱི་ཐ་སྙད་ཀྱང་མང་བོ་ཞིག་བྱུང་འདུག་པས་མིང་ཚིག་དང་མིང་ཚིག་སྦྱར་ནས་མིང་གསར་སྒྲུབ་པ་དང་མིང་ཚིག་དང་བྱ་ཚིག་སྦྱར་ནས་མིང་གསར་སྒྲུབ་པ་ནི་བོད་སྐད་ཀྱི་མིང་གསར་སྒྲུབ་པའི་སྒྲུབ་ཐབས་གཙོ་བོ་ཞིག་རེད། ལིངས་བཏབ་ཅེས་པའི་མིང་གི་གྲུབ་ལུགས་ནི་མིང་ཚིག་དང་བྱ་ཚིག་སྦྱར་ནས་མིང་གསར་སྒྲུབ་པའི་སྒྲུབ་ཐབས་ལ་གཏོགས་པ་དང་། དེ་དང་འདྲ་བའི་མིང་གསར་བ་གཞན་ཡང་མང་དུ་གྲུབ་ཡོད་པ་ནི་དཔེར་ན་ལིངས་དང་སྦྱར་ནས་གྲུབ་པའི་མིང་གི་ཆ་ཤས་ལ་བཙུགས་པ། ཆུད་པ། ཚུད་པ། འདེབས་པ། གཏོང་བ། ཐོབ་བཅས་སྦྱར་ནས་གྲུབ་ཡོད་པ་བཞིན་ནོ།། དེས་ན་བོད་ཀྱི་སྐད་དུ་མིང་ཚིག་ལ་བྱ་ཚིག་སྦྱར་ནས་གྲུབ་པའི་ཐ་སྙད་ཀྱི་གྲུབ་ལུགས་རྒྱུན་ཆགས་པ་ཞིག་གདོད་ནས་གྲུབ་ཡོད་པར་བརྟེན་ལིངས་ནི་མིང་ཚིག་དང་དེ་ལ་བྱ་ཚིག་གཏོང་ལྟ་བུ་སྦྱར་ནས་ལིངས་གཏོང་ཞེས་པའི་མིང་གི་ཐ་སྙད་ཀྱང་གྲུབ་ཐུབ་པར་གྱུར་བ་རེད། དེར་མ་ཟད། དེའི་དོན་ཡང་རི་དྭགས་བརྔོན་ཞེས་པའི་དོན་ཡིན་པ་ཡང་རྗེས་སུ་དཔགས་ཐུབ།
གནག་ཅེས་པའི་དོན་ཅི་ཡིན་གྱི་ཐད་དུ་དག་ཡིག་རྙིང་མ་དེ་ཚོར་བྱ་བ་ངན་པ། ཁ་དོག་ནག་པོ་ཞེས་པའི་དོན་གཉིས་ཡོད་པར་གོ་བར་བྱས་ཡོད་ཅིང་། གནག་དང་འབྲེལ་ནས་གྲུབ་པའི་མིང་གི་རིགས་ལ་གནག་པ་དང་གནག་ཕྱུགས་ཞེས་བཀོད་ཡོད་པར་མ་ཟད། གནག་ཕྱུགས་ཀྱི་གནག་ནི་ནོར་རམ་འབྲི་གཡག་སྤྱིའི་མིང་དུ་བཀྲལ་འདུག་པས་བོད་སྐད་ཀྱི་མིང་གི་གྲུབ་ལུགས་ལྟར་གནག་གི་ལིངས་སམ་གནག་ལིངས་ཞེས་པའི་ཐ་སྙད་གྲུབ་ཐུབ་པ་དང་གནག་ཅེས་པ་ཡང་གཡག་དང་འབྲོང་རྒོད་སོགས་རི་མགོ་ན་མ་བཏུལ་བར་ཡོད་པའི་རྩྭ་ཟན་གྱི་རིགས་ལ་གོ་ཆོག་པས་གནག་གི་ལིངས་ཞེས་པ་ནི་འབྲོང་རྒོད་རྔོན་པའམ་འབྲོང་རྒོད་འཛིན་བྱེད་ཀྱི་རྒྱ་རྙི་ཞེས་པའི་དོན་དུ་དགྲོལ་ཆོག་སྟེ། བོད་སྐད་ཀྱི་མིང་གི་གྲུབ་ལུགས་ཀྱིས་བརྡ་སྤྲད་ཡོད་པའི་ཕྱིར་རོ།། དེ་ལ་བྱ་ཚིག་བཏབ་ལྟ་བུ་སྦྱར་ནས་གནག་གི་ལིངས་བཏབ་ཅེས་བརྗོད་ན་འབྲོང་རྒོད་འཛིན་བྱེད་ཀྱི་རྒྱ་རྙི་བཏབ་ཅེས་པའམ་འབྲོང་རྒོད་བརྔོན་པ་ཞེས་པའི་དོན་དུ་འགྲོ་བ་ཡིན།
གནག་ལིངས་ནི་གནག་གི་ལིངས་ཞེས་པ་ཚིག་སྡུད་བྱས་པ་ལས་བྱུང་བ་ཡིན་ཏེ། གནག་གི་ལིངས་བཏབ་ཅེས་པ་ཚིག་སྡུད་བྱས་ན་གནག་ལིངས་བཏབ་ཅེས་པར་འོང་། སྤྱིར་ཚིག་སྡུད་ཀྱི་བསྡུ་ཚུལ་འདི་ནི་བོད་སྐད་ཀྱི་མིང་གསར་གྲུབ་ལུགས་ཤིག་ཀྱང་ཡིན་ཏེ། སྒྲའི་བསྟན་བཅོས་སྨྲ་བའི་རྒྱན་གྱི་མེ་ཏོག་ལས་ཤིང་ཡལ་ག་རྒྱས་པ་ལ་ཤིང་རྒྱས་ཞེས་བསྡུས་པ་བཞིན་ནོ།། གཉིས་པ་ལས་ཀྱི་བསྡུ་བ་ནི། ཁམས་གསུམ་འགྲོ་བ་ལ་ཁམས་འགྲོ་བ་ལ་སོགས་པའོ།། གསུམ་པ་བྱེད་པ་པོའི་བསྡུ་བ་ནི་མདའ་ཡིས་བསྣུན་པ་ནི་མདས་བསྣུན་ལ་སོགས་པའོ།། བཞི་བ་ཆེད་དུ་བྱ་བའི་བསྡུ་བ་ནི། རྒྱན་ཆེད་ཀྱི་གསེར་ནི་རྒྱན་གསེར་ལྟ་བུའོ།། ལྔ་བ་འབྱུང་ཁུངས་ཀྱི་བསྡུ་བ་ནི་ཡུལ་ལ་འབྱུང་བ་ལ་ཡུལ་འབྱུང་ལྟ་བུའོ།། དྲུག་པ་འབྲེལ་བའི་བསྡུ་བ་ནི་མིག་ལས་སྐྱེས་པའི་ཤེས་པ་ལ་མིག་ཤེས་ལྟ་བུའོ།། བདུན་པ་གནས་བཞིའི་བསྡུ་བ་ནི་ཆུ་ལ་གནས་པ་ནི། ཆུ་གནས་ལྟ་བུའོ།། བརྒྱད་པ་བོད་པའི་བསྡུ་བ་ནི། ཀྱེ་དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་ཀྱེ་དགེས་ཞེས་བསྡུས་པ་ཡིན་ནོ།། ཁ་ཅིག་བོད་པ་ལ་ཚིག་བསྡུ་བ་མེད་དོ་ཟེར་བ་ནི་རིགས་པ་མ་ཡིན་ཏེ་(21)ཞེས་གསུངས་པ་ལྟར་དང་། སྒྲ་རིག་སྨྲ་བ་དམུ་དགེ་བསམ་གཏན་ཚང་གི་བརྡ་སྤྲོད་བློ་གསལ་དགའ་སྟོན་ལས། ལེགས་སྦྱར་གྱི་ཚིག་སྡུད་དྲུག་གི་ནང་ནས་མི་ཟད་པའི་བསྡུ་བ་མ་གཏོགས་གཞན་རྣམས་བོད་སྐད་ལའང་ཇི་བཞིན་ཡོད་དེ་ཞེས་པ་དང་།ཡང་དེ་མ་ཐག་ཏུ་རྣམ་དབྱེ་དྲུག་པ་བསྡུས་པ་ནི། ཉི་མའི་འོད་ལ་ཉི་འོད་དང་ཆུའི་རླབས་ལ་ཆུ་འོད། གསེར་གྱི་ཁང་བ་ལ་གསེར་ཁང་ཟེར་བ་ལྟ་བུའོ་(22)ཞེས་བཀོད་ཡོད་པ་སོགས་ལས་གནག་ལིངས་བཏབ་ཅེས་པ་ལྟ་བུ་ཡང་གནག་གི་ལིངས་བཏབ་ཅེས་པ་དྲུག་པ་འབྲེལ་བའི་སྒྲ་བསྡུ་བའི་ཚིག་སྡུད་ཀྱིས་གྲུབ་ཡོད་པར་ངེས་ཤེས་འདྲོངས།
དེ་ལྟར་བོད་སྐད་ཀྱི་མིང་གི་སྦྱོར་ལུགས་དང་ཚིག་སྡུད་བྱེད་སྟངས། སྔོན་གྱི་དག་ཡིག་དང་ཡིག་རྙིང་གི་བསྟན་བཅོས་ལྟར་བྱས་ན། དོན་ཆེན་གནད་བསྡུས་སུ་བྱུང་བའི་གནག་ལིངས་བཏབ་ཅེས་པའི་ལིངས་ནི་རི་དྭགས་འཛིན་བྱེད་ཀྱི་རྒྱ་རྙི་དང་གནག་ནི་འབྲོང་རྒོད་ཀྱི་དོན་ཡིན་པར་མ་ཟད། གནག་ལིངས་བཏབ་ཅེས་པ་ཡང་གནག་གི་ལིངས་བཏབ་པའམ་འབྲོང་རྒོད་འཛིན་བྱེད་ཀྱི་རྙི་བཏབ་པ་སྟེ་བཙུགས་པ་ཞེས་པའི་དོན་ཡིན་པར་རྟོགས་པར་འགྱུར་བས་གནག་ལིངས་བཏབ་ཅེས་པ་ནི་འབྲོང་རྒོད་སོགས་ཀྱི་རི་དྭགས་བརྔོན་པའི་དོན་དང་ཤ་ལིངས་བཏབ་ཅེས་པ་ནི་རི་དྭགས་ཤ་བ་སོགས་བརྔོན་པ་ཞེས་པའི་དོན་ཡིན་པར་གསལ་ལོ།། དོན་གྱིས་ལིངས་བཏབ་པ་རི་དྭགས་རྔོན་པའི་དོན་དུ་གོ་བར་འགྱུར་བའི་ཏུན་ཧོང་ཡིག་ཆ་གཞན་དང་གཞན་ཡང་ཡོད་དེ་དཔེར་ན། P.T.1071ལས། 1.ཇྀ་འོས་པ་ཉ་ཚ་གྲངས་ཕྲལ་ལས་སྩལད། ལིངས་གྱི་རི་དགས་ཀྱྀ་ཤ་ཞིག་ལ་རྐུས་ན།2.རི་དགས་ཀྱྀ་ལིངས་བཏབ་པ་ལས་ཤ་རྐུས་ན། ITJ1368ལས། 1.ལིངས་ཆེད་པོ་བགྱིས་ཏེ། རྀ་དགས་ཀྱང་ཞེས་པ་ལྟར་རོ།།
གོང་གསལ་ལས་ལིངས་གྱི་རི་དགས་ཞེས་པ་དང་རི་དགས་ཀྱི་ལིངས་བཏབ་པ། ལིངས་ཆེད་པོ་བགྱིས་ཏེ་ཞེས་བྱུང་བའི་དོན་རྣམས་ནི་རི་དྭགས་བརྔོན་པ་ཞེས་པའི་དོན་ཡིན་པར་གསལ་ཏེ། ལིངས་གྱི་རི་དགས་ཀྱྀ་ཤ་ཞིག་ལ་རྐུས་ན་ཞེས་པ་ནི་རི་དྭགས་བརྔོན་པ་ལས་ཐོབ་པའི་ཤ་བ་མི་གཞན་དང་སུ་ཡིས་བརྐུས་པར་གྱུར་ན་ཞེས་པའི་དོན་དང་།རི་དགས་ཀྱྀ་ལིངས་བཏབ་པ་ཞེས་པ་ནི་རི་དྭགས་བརྔོན་པའི་བྱ་བ་བསྒྲུབས་པ་ལས་ཞེས་པའི་དོན་དང་ལིངས་ཆེད་པོ་བགྱིས་ཏེ་ཞེས་པ་ནི་རི་དྭགས་བརྔོན་པའི་བྱ་བ་རྒྱ་ཆེན་པོ་ཞིག་བསྒྲུབས་ནས་ཞེས་པའི་དོན་ཡིན་པར་ཚིག་གི་སྐབས་སྟོབས་དང་ཁྲིམས་ཡིག་གི་ནང་དོན་གྱིས་རྟོགས་པར་འགྱུར་བ་ཡིན་ནོ།།
གསུམ་པ། གནག་ལིངས་བཏབ་དང་དེ་འབྲེལ་གྱི་གནད་དོན་གཞན་བརྗོད་པ།
དེ་ལྟར་གནག་ལིངས་བཏབ་དང་ཤ་ལིངས་བཏབ་ཅེས་པ་རི་དྭགས་རྔོན་པའི་དོན་ཡིན་པར་ཤེས་ན། སྔོན་གྱི་ཚེ། རྒྱལ་པོ་བཙན་པོ་དང་བློན་པོ་དཀུ་བོ་ཆེ་ལ་སོགས་པ་གྲལ་རིམ་མཐོན་པོར་ཡོད་པ་དག་གིས་རི་དྭགས་རྔོན་པའི་ཆོ་ག་དང་དམིགས་ཡུལ། ཕན་ནུས་ཅི་ཡོད་ཤེས་པར་འགྱུར་ཞིང་།མགར་སྟོང་བརྩན་ཡུལ་ཟུང་དང་བཙན་པོ་མང་སྲོང་མང་བཙན་བར་གྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཡིན་པ་ཡང་ཟུར་བསྟན་ལེབ་མཐོང་བཞིན་ཤེས་པར་འགྱུར། དེར་མ་ཟད།དོན་ཆེན་གནད་བསྡུས་སུ་བྱུང་བའི་དོན་ཆེན་དེ་དག་ལ་གོ་བ་གསར་བ་ཡང་བསྐྱེད་ཐུབ། གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་བཏབ་ཅེས་པ་ཤ་ཁྲལ་བསྡུས་པའི་དོན་མ་ཡིན་པར་རི་དྭགས་བརྔོན་པའི་དོན་ཡིན་པར་ར་འཕྲོད་པས་བཙན་པོ་རྒྱལ་རབས་སྐབས་སུ་རི་དྭགས་བརྔོན་པའི་དམིགས་ཡུལ།བློན་ཆེན་པོ་དང་བློན་པོ་བར་གྱི་དབང་ཐང་མི་འདྲ་བ་དང་།དོན་ཆེན་གནད་བསྡུས་སུ་འཁོད་པའི་དོན་ཆེན་གྱི་བྱུང་རིམ་ཇི་ལྟར་ཡོད་པ། ཤོག་དྲིལ་གྱི་ཁྱད་ཆོས་ཅི་ཡིན་ལ་སོགས་པའི་གནད་དོན་གཞན་ལ་གོ་བ་གསར་བ་རེ་ལེན་ཐུབ་པ་ནི་གཤམ་གསལ་ལྟར།
གཅིག བཙན་པོ་རྒྱལ་རབས་སྐབས་ཀྱི་རི་དྭགས་བརྔོན་པའི་དམིགས་ཡུལ། ཏུན་ཧོང་ཡིག་ཆ་ལས་P.T.1071དང་། P.T.1073དང་། P.T.1079དང་P.T.1075དང་། IOL Tib753བཅས་ནི་རི་དྭགས་བརྔོན་པའི་ཁྲིམས་ཡིན། ཁྲིམས་ཡིག་འདི་དག་གི་ནང་དོན་ནི་རི་དྭགས་རྔོན་པའི་དུས་སུ་མ་བསམས་པར་ཕན་ཚུན་ལ་མདའ་ཕོག་པར་བྱས་ཏེ་ཤི་རྨས་བྱུང་བ་དང་། རི་དྭགས་བརྔོན་པའི་སྐབས་སུ་མ་བསམས་པར་གཡག་གི་འོག་ཏུ་ཤོར་བ་མི་སུ་དང་གཞན་གང་གིས་མཐོང་ནས་སྐྱོབ་མི་སྐྱོབ་ལ་སོགས་པའི་ཚེ་ན་ཁྲིམས་ཐག་ཇི་ལྟར་གཅོད་དགོས་པ་ལ་སོགས་པའི་ཁྲིམས་ཀྱི་ནང་དོན་བྱེ་བྲག་ལས་ཀྱང་བྱེ་བྲག་པའི་སྐོར་ཡིན།ཁྲིམས་ཡིག་འདི་དག་ལས་སྔོན་གྱི་ཚེ་རི་དྭགས་བརྔོན་པའི་སྲོལ་རྒྱ་ཆེ་བ་ཞིག་དར་མྱོང་ཡོད་པར་མ་ཟད། རི་དྭགས་བརྔོན་པའི་དམིགས་ཡུལ་ལ་ཡང་དཔལ་འབྱོར་འཚོ་བའི་ཆེད་དང་། དམག་བསྡུ་བ་དང་། རྩེད་འཇོ་རོལ་བ་དང་།སྤྲོ་བསངས་པའི་ཆེད་ལ་སོགས་པ་ཡོད་པ་མཚོན་ཞིང་། རི་དྭགས་བརྔོན་པའི་ཆོ་ག་ལ་ཡང་རོལ་མོ་དཀྲོལ་བ་དང་། དུང་འབུད་པ། ཁིས་འདེབས་པ། གཡོར་འདོར་བ། མདའ་འཕེན་པ། ཐ་ན་བསངས་ཕུལ་བ་ལ་སོགས་པའི་ཁྱད་པར་ཅན་གྱི་ཆོས་གྱ་ནོམ་པ་ཞིག་སྔོན་གྱི་ཚེ་མདོ་དབུས་མཐོ་སྒང་འདིར་དར་མྱོང་ཡོད་པ་རྗེས་སུ་དཔགས་ནུས།
1.དམག་བསྡུ་བ་དང་སྤྲོ་བསངས་པའི་ཆེད་དུ་རི་དྭགས་བརྔོན་པ། བཙན་པོ་བོད་ཀྱི་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་པོ་དང་བློན་པོ་སོགས་རི་དྭགས་བརྔོན་པའི་དམིགས་ཡུལ་ནི་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུའི་འཚོ་བའི་ཆེད་ཡིན་པར་སྨྲ་མི་དགོས་ཀྱང་། མཐའ་གཅིག་ཏུའང་མ་ངེས་ཏེ། རྩེད་འཇོ་ལ་རོལ་བ་འམ་སྤྲོ་བསངས་བའི་ཆེད་དུ་རི་དྭགས་བརྔོན་པ་ཡང་ཡོད་དེ། དཔེར་ན། བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་ལས་འདུས་སྲོང་མང་པོ་རྗེའི་ལོ་རྒྱུས་བརྗོད་པའི་སྐབས་སུ་བཙན་པོ་ཁྲི་འདུས་སྲོང་།། སྐུ་ཆུང་ནས་གཞོན་གྱིས་ཀྱང།། ཕག་རྒོད་ལ་བཤན་གྱྀས་མཛད། གཡག་རྒོད་སྒྲོག་དུ་བཅུག།།སྟགྀ་རྣ་བ་ལ་བཟུང་བ་ལ་སྩོགས་པའ།(23) ཞེས་བྱུང་བ་དང་།ཁྲི་གཙུག་ལྡེ་བཙན་སྐབས་ཀྱི་དོན་ཆེན་གནད་བསྡུས་ལས་བྱྀ་བའྀ་ལོ་ལ་བབ་སྟེ། སྤྱི་ལོ724། བཙན་པོ་དབྱརད་སྤེལ་ན་བཞུགས་ཤྀང་། བྱང་རོལ་དུ་གཤེགསྟེ། ཁོ་ཉེ་དུ་རུར།གཡག་རྒོད་ལ་རོལ་མོ་མཛདེ། གཡག་རྒོད་སྒྲོག་ཏུ་བཆུག།དབྱར་འདུན་དབུ་རུ་ཤོད་ཀྱྀ་ལྕྀའུ་ལུང་དུ་བློན་ཆེན་པོ་ཁྲྀ་སུམ་རྗེས་བསྡུས་(24)ཞེས་སོགས་བྱུང་བ་ལས་བཙན་པོ་ཁྲི་འདུས་སྲོང་དང་ཁྲི་ལྡེ་གཙུག་བརྟན་གཉིས་ནི་བཙན་པོ་ཞིག་ཡིན་པའི་ཆ་ནས་ཆབ་སྲིད་དང་། དཔལ་འབྱོར།རིག་གནས། དམག་དོན་ལ་སོགས་པའི་དབང་ཆ་ཡོད་དོ་ཅོག་མངའ་བའི་བཙན་པོ་(25)ཞིག་ཡིན་པས་ཁ་ལ་ཟ་རྒྱུ་མ་འདངས་པ་དང་རྒྱབ་ལ་གྱོན་རྒྱུས་མ་བསྲིབས་པར་རི་དྭགས་འབྲོང་རྒོད་ལ་རོལ་མོ་མཛད་ནས་སྒྲོག་ཏུ་འཇུག་པ་དང་།སྟག་གི་རྣ་བ་བཟུང་ནས་འཛིན་པ། ཕག་རྒོད་ལ་བཤན་གྱིས་མཛད་པ་མ་ཡིན་པར་རང་ལུས་ཀྱི་སྟེང་ན་སྐུ་རྩལ་ཆེན་པོ་ཡོད་པ་མགར་སོགས་བློན་པོ་གཞན་ལ་མངོན་པའི་ཆེད་དང་། བློན་པོ་གཞན་དང་གཞན་ལ་ཡང་སྐུ་རྩལ་ཅི་ཡོད་ཉམས་ཚོད་ལེན་པའི་ཆེད་དང་། དེ་མིན་ད་དུང་ཕོ་རྒོད་སུ་དང་སུ་མདའ་འཕེན་པར་མཁས་པ་དང་། སུ་དང་སུ་མདུང་གཡུག་པར་མཁས་པ། སུ་དང་གང་རྒྱུགས་ན་མགྱོགས་པ། སུ་དང་སུ་གླང་པོ་ཆེ་ཕྲུ་གུ་གླད་ལ་སྐོར་ཐུབ་ཀྱི་ལག་པའི་དཔུང་ཤུགས་ལྡན་པ། སུ་དང་སུ་ལ་རྟ་གཡང་ལ་མཆོངས་ན་ཕྱིར་འཐེན་ནུས་ཀྱི་རྩལ་དང་འཇོན་ཐང་ཡོད་པ་ལ་སོགས་པ་ཉམས་དྲོད་ཟིན་ནས་དམག་བསྡུ་བ་བཅས་ཀྱི་ཆེད་དུ་རི་དྭགས་བརྔོན་པ་ཡིན་པས་སྐུ་ཆུང་ནས་གཞོན་གྱིས་ཀྱང་།། ཕག་རྒོད་ལ་བཤན་གྱྀས་མཛད། གཡག་རྒོད་སྒྲོག་དུ་བཅུག། སྟགྀ་རྣ་བ་ལ་བཟུང་བ་ལ་སྩོགས་པའ་ཐུགས་སྒམ་པའི་སྟེང་སྐུ་རྩལ་ཆེན་པོ་བསྣན་ཞེས་བྱུང་བ་ཡིན་ནོ།། ཕྱིས་བྱུང་གི་ལོ་རྒྱུས་དེབ་ཐེར་དག་ན་ཡང་འདིའི་རིང་ལ་རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ། རྔོག་གླིང་གམ་གྱིས་གཡག་གྲུས་པོ་ཆེ་ཐེག། གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲའི་སྐེད་པ་གཅད། དབས་རྒོད་ལྡོངས་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གིས་སླེབ།འགོས་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས་འབྲོང་འཐུར་དུ་བརྒྱུགས་པ་གྱེན་ལ་འཐེན། གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ནུས་པ་སྟེ། རྩལ་བོ་ཆེ་བདུན་བྱུང་(26)ཞེས་སོགས་བཀོད་པ་ལས་ཀྱང་ཟུར་ཙམ་བསྟན་ཡོད་ཅིང་། སྤྱི་ལོ་724ལ། བྱང་རོལ་དུ་གཤེགས་ནས་ཁོ་ཉེ་དུ་རུའི་ས་ཆ་ནས་གཡག་རྒོད་ལ་རོལ་མོ་མཛདེ། གཡག་རྒོད་སྒྲོག་ཏུ་བཆུག་ཅེས་བཀོད་ཡང་མི་ལ་རས་པའི་རྣམ་མགུར་དུ་བྱུང་བའི་ཤ་ཁྱི་ལྟ་བུ་འཚོ་བ་དབུལ་ནས་རི་དྭགས་བརྔོན་པ་མ་ཡིན་པར་དམག་བསྡུ་བའི་ཆེད་དང་རྩེད་འཇོ་ལ་རོལ་བའི་ཆེད་ཡིན་པར་གསལ་ལོ།། བླ་ན་རྗེ་སྒམ་ན། ཁྲི་སྲོང་བརྩན།འོག་ན་བློན་འཛངས་ན་སྟོང་རྩན་ཡུལ་ཟུང་། རྗེ་ནྀ་གནམ་རི་པྱ་ཡི་ལུགས།། བློན་པོ་ནི་ས་འྀ་ངམ་ལེན་གྱི་ཚུལ་(27)ཞེས་གསུངས་པ་ལྟར་སྲོང་བཙན་སྒམ་པོའི་སྐབས་སུ་མགར་སྟོང་རྩན་ཡུལ་ཟུང་བློན་ཆེན་པོར་གྱུར་ནས་བཙན་པོ་ཁྲི་སྲོང་བརྩན་ལ་གློ་བ་ཉེ་ཞིང་། སྙིང་ཤེས་མྱིག་རྣོ་བ་ཡིན། སྲོང་བཙན་སྒམ་པོའི་སྲས་དབོན་མང་སྲོང་མང་བཙན་གྱི་སྐབས་ལ་སླེབས་དུས་མགར་སྟོང་བརྩན་ཡུལ་ཟུང་ནི་བཙན་པོ་ཞེས་མ་ཐོགས་ཀྱང་དོན་གྱིས་བཙན་པོ་ལྟ་བུའི་ཆབ་སྲིད་དང་དམག་དོན་གྱི་དབང་ཆ་ཐམས་ཅད་བཟུང་བའི་བློན་ཆེན་ཞིག་ཏུ་གྱུར། རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར་ཞེས་པ་ལས་བཙན་པོ་གྲོངས། གོང་མས་འདས་མཆོད་དུ་ཕོ་ཉ་བ་མངགས། དེར་སྲས་མེད་ནས་ཚ་བོ་ལ་གཏད་ཀྱང་། ན་སོ་ཕྲ་བས་མགར་སྟོང་བཙན་གྱིས་སྲིད་བསྐྱངས་(28)ཞེས་དང་།ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་ལས་མགར་འདི་ཡི་གེར་རྨོངས་ཀྱང་རང་བཞིན་གྱིས་རིག་པ་རྣོ་ཞིང་ངང་ཚུལ་བརྟན་ལ། གཡུལ་གྱི་བྱ་བ་མཁས། བྷོད་པ་རྣམས་ཀྱིས་རྒྱབ་རྟེན་ཁོ་ལ་བཅོལ་ཏེ་རྒྱལ་ཁབ་སྟོབས་ཆེར་གྱུར་བ་ཡིན་(29)ཞེས་བརྗོད་པ་ལྟར་མགར་སྟོང་བརྩན་ཡུལ་ཟུང་ནི་ན་སོ་ཕྲ་ཞིང་བྱ་བ་བྱེད་མི་མཁས་པའི་མང་སྲོང་མང་བཙན་གྱི་སྐབས་སུ་བཙན་པོ་ལྟ་བུའི་དབང་བཟུང་མཁན་ཞིག་ཏུ་གྱུར་ཡོད་པ་ཤིན་ཏུ་གསལ། དེར་བརྟེན། བཙན་པོ་ལྟ་བུའི་བློན་ཆེ་མགར་སྟོང་རྩན་ཡུལ་ཟུང་ཡང་གཡུག་ཏུ་གནག་ལིངས་བཏབ་པ་ཡང་ཁོང་གི་སྐུ་རྩལ་དང་རིག་པའི་འཕྲུལ་མཛངས་ཅི་ཡོད་བཙན་པོ་ལ་ཤེས་སུ་འཇུག་པའི་ཆེད་དང་། བློན་པོ་གཞན་དང་གཞན་ལ་དཀུ་སྒྱུ་ཅི་ཡོད་ཀྱི་ཉམས་དྲོད་ཟིན་པའི་ཆེད་དང་། རང་དང་གློ་བ་ཉེ་བའི་བློན་ཆེན་གཞན་དང་གཞན་སྤྲོ་བསངས་པའི་ཆེད་དུ་རི་དྭགས་བརྔོན་དུ་སོང་བའི་ཚུལ་དོན་ཆེན་གནད་བསྡུས་སུ་འཁོད་པར་བྱུང་བས། གླང་གི་ལོ་ལ་བབ་སྟེའ། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་དུ་གནག་ལྀངས་བཏབ་(30)ཅེས་བྱུང་བ་རེད།
2.འཚོ་བའི་དཔལ་འབྱོར་གྱི་ཆེད་དུ་རི་དྭགས་རྔོན་པ།འཚོ་བའི་ཆེད་དུ་རི་དྭགས་བརྔོན་པ་ཡང་ཡོད་དེ། ཏུན་ཧོང་ཁྲིམས་ཡིག་ལས་ཞང་ལོན་ཆེན་པོ་དང་སྟོང་མཉམ་པ་མན་ཅད། ཕྲ་མེན་ཀྱྀ་ཡྀ་གེ་པ་དང་སྟོང་མཉམ་བ་ཡན་ཅད།གཡགྀ་འོག་དུ་ཆུད་པ་ལ། གཅིག་གིས་གཅིག་ཕྱུང་བ་དང་།མ་ཕྱུང་བའྀ་ཁྲིམས་ལ།།(31) ཞེས་དང་། རྒྱའི་ཡིག་ཚང་ཐང་ཧྲུའུ་དུ་ཡང་མགྲོན་སླེབས་ཚེ་གཡག་གཅིག་འཁྲིད་ནས་འོངས་པར་དེ་ལ་མགྲོན་པོ་རང་གིས་མདའ་འཕངས་ཏེ་བསད་ནས་ཤ་མགྲོན་གཏོང་(32)ཞེས་གསུངས་ཡོད་པ་སོགས་ཀྱིས་སྐབས་དེ་ཤེད་དུ་རི་དྭགས་བརྔོན་པ་ནི་བློན་པོ་དང་རྒོད་གཡུང་། གཙང་ཆེན་པ། དམངས་མཐའ་མ། ལྷོ་བལ་གྱི་བཙོན་སོགས་བོད་འབངས་ཡོངས་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་ཡིན་པའང་ཞོར་གྱིས་གསལ་ན་ཡང་། འདི་ནི་མགར་སྟོང་རྩན་གྱིས་སྤྱི་ལོ་653དང་656སྔ་ཕྱི་ཐེངས་མ་གཉིས་ལ་རི་དྭགས་བརྔོན་པའི་བྱ་བ་བསྒྲུབས་པ་དོན་ཆེན་གནད་བསྡུས་སུ་འཁོད་པ་དང་གཅིག་མིན་ཏེ། དོན་ཆེན་གནད་བསྡུས་སུ་བཀོད་པ་མགར་སྟོང་བརྩན་ཡུལ་ཟུང་གཡུག་ཏུ་གནག་ལིངས་བཏབ་པའི་དམིགས་ཡུལ་ནི་གོང་དུ་སོང་བ་བཞིན་ནོ།།
གཉིས། བློན་ཆེན་པོ་དང་བློན་པོ་བར་གྱི་དབང་ཐང་མི་འདྲ་བའི་ཚུལ། བཙན་པོ་རིམ་བྱོན་གི་ལོ་རྒྱུས་ལས་བོད་ཀྱི་གཙུག་ལག་བཀའ་གྲིམས་ཆེད་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་།ལེགས་པ་ཟིན་པའི་བྱ་དགའ་དང་། ཉེ་ཡོ་བ་འྀ་ཆད་པ་དང་།ཞིང་འབྲོག་གི་ཡུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་དང་། སྲང་ལ་སྩོགས་པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན།། བཙན་པོ་ཁྲྀ་སྲོང་བརྩན་གྱི་རིང་ལས་བྱུང་ངོ་།།(33) ཞེས་དང་། བཙན་པོ་རྒྱལ་རབས་ཀྱི་སྐབས་དེར་བཙན་པོ་དང་བཙན་པོའི་ཉེ་དུ་རྣམས་མ་གཏོགས་པའི་རྒྱལ་འབངས་ཡོད་དོ་ཅོག་ལ་མཆོག་དམན་གྱི་དབྱེ་བ་ཆེན་པོ་གསུམ་སྟེ། ཞང་བློན་དང་རྒོད་དང་གཡུང་བཅས་སུ་ཕྱེ་ཡོད་(34)ཅེས་གསུངས་པ་ལ་སོགས་པས་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བློན་པོའི་རིམ་པ་བྱུང་ཡོད་པར་གསལ་ཞིང་། དོན་ཆེན་གནད་བསྡུས་སུ་མགར་སྟོང་བཙན་ཡུལ་ཟུང་དང་དར་རྒྱལ་མང་པོ་རྗེ་དང་།སྤུག་གྱྀམ་རྩན་རྨ་ཆུང་། ཀམ་ཁྲི་བཟང་བྱེ་འདའ་བཅས་བློན་པོ་བཞིའི་མཚན་བྱུང་ཡོད་ཅིང་། བློན་པོ་བཞི་བོའི་འགན་ཁུར་ཡང་གཅིག་མིན། ཡི་གེའི་ཐོབ་ཐང་གཅིག་མིན་པས་མགར་སྟོང་བཙན་ཡུལ་ཟུང་དང་དར་རྒྱལ་མང་པོ་རྗེ་དང་།སྤུག་གྱྀམ་རྩན་རྨ་ཆུང་། ཀམ་ཁྲི་བཟང་བྱེ་འདའ་བཅས་ཀྱི་གོ་གནས་ལ་ཁྱད་པར་ཡོད་པ་དང་། སྐབས་དེར་མགར་སྟོང་རྩན་ཡུལ་ཟུང་ནི་བློན་ཆེན་པོ་ཡིན་ལ། གཞན་གསུམ་ནི་བློན་ཆེན་པོ་མ་ཡིན་པར་མགར་སྟོང་རྩན་གྱི་ལག་རོགས་ཀྱི་ཚུལ་དུ་ཡོད། མཁས་པའི་དགའ་སྟོན་ལས་དང་པོ་ཁྲི་རྩེ་འབུམ་བཞེར་ན་སྲིད་པ་དང་ཁོས་སྟོན་པ་ལས་རྒྱལ་པོས་བློན་པོ་སོ་སོར་བཀས་བསྒོས་ཏེ་བོད་ཀྱི་ཁོས་དཔོན་མགར་སྟོང་བཙན་ཡུལ་བཟུང་བསྐོས་(35)ཞེས་དང་ཡང་དེ་ཉིད་ལས་འཕན་ཡུལ་དར་རྒྱལ་ན་བྱིས་པ་མང་པོ་རྗེ་བྱ་བ་འཕྲུལ་ཆེ་བར་ཐོས་ནས་(36)ཞེས་དང་དར་རྒྱལ་མང་པོ་རྗེས་མཆིམས་མང་བཞེར་ངན་པ་བྱ་བ་མཛངས་པར་ཐོས་ནས་(37)ཞེས་འཁོད་ཡོད་པ་ལ་གཞིགས་ན་ཡང་དར་རྒྱལ་མང་པོ་རྗེ་ནི་མགར་གྱི་ལས་རོགས་ལྟ་བུའི་བློན་པོ་ཙམ་ཡིན་པར་གསལ།དོན་ཆེན་གནད་བསྡུས་སུ་སྟག་གི་ལོ་ལ་བབསྟེ། སྤྱི་ལོ་654།བཙན་པོ་མེར་ཁེ་ནའ་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས།མོང་པ་སྲང་འཛོང་དུའ་བསྡུསྟེ། རྒོད་གཡུང་དབྱེ་ཞིང་། མཁོ་ཤམ་ཆེན་པོ་བགྱྀ་བའྀ་རྩིས་མགོ་བགྱྀ་བར་ལོ་གཅིག་(38)ཅེས་རྒོད་གཡུང་དབྱེ་ཞིང་གང་ལ་གང་ཡོད་ཀྱི་ནུས་པའམ་གྲལ་རིམ་གྱི་གོ་གནས་ལྟར་དེ་ལ་དེ་འཚམ་གྱི་བྱ་བ་བསྒྲུབ་ཏུ་བཅུག་ཅེས་བཀོད་པ་ལས་ཀྱང་རྟོགས་པར་འགྱུར་ཞིང་། འོ་ལྡེ་སྤུ་རྒྱལ་པའི་བློན་པོ་རྩལ་ཅན་རིམ་བྱུང་ལས། ཟུ་ཙེ་ལྟེ་བུ་སུ་ག་ལ་ཡང་མྱེད་དོ།། དེའི་འོག་ཏུ་མགར་སྟོང་རྩན་ཡུལ་ཟུང་གྀས་བྱས་སོ་(39)ཞེས་མགར་སྟོང་རྩན་ཡུལ་ཟུང་བློན་ཆེར་བཞག་པའི་གནས་ཚུལ་བཀོད་ཡོད་པ་ལས་ད་རྒྱལ་མང་པོ་རྗེ་དང་སྤུག་གྱྀམ་རྩན་རྨ་ཆུང་གཉིས་བློན་ཆེན་པོར་བཞག་པའི་གནས་ཚུལ་འཁོད་མེད། མགར་སྟོང་བཙན་ཡུལ་ཟུང་དང་དར་རྒྱལ་མང་པོ་རྗེ་དང་། སྤུག་གྱྀམ་རྩན་རྨ་ཆུང་གསུམ་ནི་ཆབ་སྲིད་ཀྱི་དབང་ཆ་གཅིག་མིན་པར་གསལ་བས་སྐབས་དེ་ཤེད་དུ་མགར་གྱི་དབང་ཤུགས་བཙན་པོ་དང་མཉམ་པོར་ཡོད་པ་དང་། ༄༅།། གླང་གི་ལོ་ལ་བབ་སྟེའ།(སྤྱི་ལོ་653)བཙན་པོ་ཉེན་ཀར་ན་བཞུགས་ཤྀང་ཞེས་བཙན་པོ་མང་སྲོང་མང་བཙན་ཁྲི་ལ་བཞུགས་ཡོད་ཀྱང་སྐུ་ཆུང་ཞིང་ཆབ་སྲིད་ཀྱི་ཉམས་མྱོང་མེད་པས་ལོ་རྒས་ཤིང་ཐབས་ལ་མཁས་པ། བཙན་པོ་འོ་ལྡེ་སྤུ་རྒྱལ་བའི་མི་རབས་གསུམ་གྱི་བློན་ཆེན་དུ་བཞུགས་མྱོང་བ། སྙིང་འཛངས་ཚོར་སྐྱེན་པ་མགར་སྟོང་རྩན་ཡུལ་ཟུང་གྱིས་བཙན་པོ་དང་མཉམ་པའི་ཆབ་སྲིད་ཀྱི་དབང་ཐང་བདག་གིར་བཞེས་ཡོད། དེས་ན་སྤྱི་ལོ་653ལོར་བྱུང་བའི་དོན་ཆེན་གྱི་བྱུང་རིམ་དང་དོན་ཆེན་སྒྲུབ་མཁན་དང་དེའི་བཀོད་འདོམས་མཁན་རྣམས་བློན་པོའི་དབང་ཐང་གི་ཆེ་ཆུང་ལྟར་ལས་བགོས་བྱས་ཡོད་པས་བློན་ཆེ་སྟོང་རྩན་གྱིས། གཡུག་དུ༔གནག་ལྀངས༔བཏབ། ད་རྒྱལ༔མང་པོ་རྗེས༔ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློན༔རིང་སྟག་རྒྱ་དང་ཞྀང་གྱྀ་ཚོང་ཆེན༔སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག༔གྱྀམ་རྩན་རྨ་ཆུང་བཆུག། མདོ་སྨདུ༔ཀམ་ཁྲྀ་བཟང༔བྱེ་འདའ༔ཐོང་མྱིས༔བཀུམ་སྟེ་ཤ་གཉརད་ཕར༔ལོ་གཆྀག་ཅེས་གསུངས་པ་རེད།།
རྒྱུ་མཚན་དེ་དག་གི་ཕྱིར་ན་༄༅།། གླང་གི་ལོ་ལ་བབ་སྟེའ། (སྤྱི་ལོ་653)བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས། གཡུག་དུ༔གནག་ལྀངས༔བཏབ། ད་རྒྱལ༔མང་པོ་རྗེས༔ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློན༔རིང་སྟག་རྒྱ་དང་ཞྀང་གྱྀ་ཚོང་ཆེན༔སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག༔གྱྀམ་རྩན་རྨ་ཆུང་བཆུག། མདོ་སྨདུ༔ཀམ་ཁྲྀ་བཟང༔བྱེ་འདའ༔ཐོང་མྱིས༔བཀུམ་སྟེ་ཤ་གཉརད་ཕར༔ལོ་གཆྀག། ཅེས་པ་ནི་གླང་གི་ལོ་སྟེ། སྤྱི་ ལོ་653ལ། བཙན་པོ་མང་སྲོང་མང་བཙན་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གཡུག་གི་ས་ཆར་རི་དྭགས་བརྔོན་དུ་ཕེབས། མགར་གྱིས་ད་རྒྱལ་མང་པོ་རྗེས་ལ་ཕྱིང་བའི་ཁྲལ་བགྱིད་དུ་བཅུག་པར་མ་ཟད། ཞང་ཞུང་གི་ར་སང་རྗེའི་བློན་རིད་སྟག་རྒྱ་དང་ཚོང་ཆེན་སྦྱར་དུ་ཡང་བཅུག། དེར་མ་ཟད། ལོ་དེར་མགར་གྱིས་ཞང་ཞུང་གི་མངན་དཔོན་དུ་སྤུག་གྱྀམ་རྩན་རྨ་ཆུང་བཅུག་པར་བཀའ་བསྒོས་ཤིང་། མདོ་སྨད་དུ་བོད་ཀྱི་བློན་པོ་ཀམ་ཁྲི་བཟང་བྱེ་མདའ་ཐོང་མྱིས་བཀུམ་པའི་དགྲ་ཤ་ཡང་ལེན་དུ་བཅུག་ཅེས་པ་ལྟར་འགྲེལ་དགོས།།
གསུམ། དོན་ཆེན་གནད་བསྡུས་སུ་འཁོད་པའི་དོན་ཆེན་དང་ཤོག་དྲིལ་གྱི་ཁྱད་ཆོས། ཏུན་ཧོང་གཏེར་ཡིག་ཏུ་མཆིས་པའི་དོན་ཆེན་གནད་བསྡུས་ལ་ཡི་གེའི་བྲིས་ལུགས་མི་འདྲ་བའི་དབང་གིས་རིགས་མི་གཅིག་པ་གཉིས་བྱུང་ཡོད། རིགས་དང་པོ་ནི་P.T.1288དང་ITJ 750གཉིས་ཡིན་ལ། རིགས་གཉིས་པ་ནི་Or.8212(187)ཡིན།རིགས་དང་པོར་གཏོགས་པའི་P.T.1288ནི་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་ཤིང་། ཤོག་དྲིལ་འདིའི་མགོ་རལ་ནས་མེད་པ་དང་མཇུག་ཀྱང་བཅད་ནས་འདུག་པས་རིང་ཚད་དང་ཞེང་ཚད་ལ་(25 1/2c×70c )ཡོད། ཤོག་ངོས་སུ་འཁོད་འདུག་པའི་ཚིག་ཕྲེང་ལ་བསྡོམས་པས་ཚིག་ཕྲེང་53བྱུང་བ་དང་། ཚིག་གི་མགོ་ནི་××× ×××ཁུས་ནས།སྙྀང་དྲུང་××× ××× པ་ལ་མཐའ་དག་གྱང་××× ×××གློ་བ་རྀངས་ནས་ཞེས་པ་ནས་བཟུང་སྟེ། ཚིག་གི་མཇུག་ནི་ལུགྀ་ལོ་ལ་བབ་སྟེ་བཙན་ཕོ་དབྱརད་ལྟམ་གྱྀ་ར་སྔོན་ན་བཞུགསྟེ།དགུན་ཉ་མངས་ཚལ་དུ་གཤེགས་ཤིང་××× ×××ཞེས་པའི་བར་ཡིན་ལ། ITJ 750ནི་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་ཤིང་། ཤོག་དྲིལ་འདིའི་མགོ་དང་མཇུག་གཉིས་བཅད་དེ་ལུས་ཡོད་ཅིང་། རིང་ཚད་དང་ཞེང་ཚད་ནི་(364c.×25.8c)ཡོད། ཤོག་ངོས་སུ་འཁོད་འདུག་པའི་ཚིག་ཕྲེང་ལ་བསྡོམས་པས་ཚིག་ཕྲེང་257བྱུང་བ་དང་། ཚིག་གི་མགོ་ནི་སྤྲེའུ་འི་ལོ་ལ་བབ་སྟེ། བཙན་པོ་དབྱརད་ཤངས་གྱི་སུམ་ཆུ་བོ་ན་བཞུགས་ཅྀང་། དགུན་ནམ་ཙེ་གླྀང་དུ་གཤེགསྟེ།ནད་འབྲུམ་བུས་བསྙེངས་པར་ལོ་གཅིག། ཅེས་པ་ནས་བཟུང་སྟེ། ཚིག་གི་མཇུག་ནི་ཕག་གི་ལོ་ལ། བཙན་པོ་པོ་བྲང་ན་མར་ན་བཞུགསྟེ། འབྲོག་སོག་གཅོད་པའྀ་རིང་ལུགས་སོ་སོར་བཀྱེ་ཁུ་ལེར་ཆེབས་ཞེས་པའི་བར་ཡིན།། ཤོག་དྲིལ་འདི་གཉིས་ཀ་ཡང་སྔོན་གྱི་ཚེ་ཤོག་དྲིལ་གཅིག་ཡིན་པ་ལ་གཉིས་སུ་བཅད་དེ་སོ་སོར་ཡོད་པ་སྔ་རྗེས་སུ་གཅིག་ཧྥ་རན་སི་ལ་འབྱོར་བ་དང་གཅིག་དབྱིན་ཇིར་འབྱོར་བས་ཁག་གཉིས་ལྟ་བུར་སོང་ན་ཡང་ད་ལྟ་དེ་གཉིས་མཚམས་མཐུད་དེ་དོན་ཆེན་གནད་བསྡུས་ཞེས་མིང་བཏགས་གནངས་ནས་གཅིག་ཏུ་བྱས་ཐུབ་པར་བྱུང་ཡོད། ཤོག་དྲིལ་འདི་གཉིས་ཀ་ཡང་ཡིག་གཟུགས་ཀྱི་ཆ་ནས་བརྡ་རྙིང་གི་ཁྱད་ཆོས་ཡོད་པ་ལས་གཞན་དམིགས་བསལ་དུ་ཡོད་པའི་ཁྱད་ཆོས་ཤིག་ནི་ཡི་གེ་རྣམས་གྲུ་བཞིའི་དབྱིབས་སུ་ཡོད་པ་(40)དང་ལོ་ཚིགས་བརྗོད་པའི་ཚིག་རྣམས་མཚལ་དམར་བོས་བྲིས་ཡོད་པ་དང་། ཡིག་འབྲི་བར་གྱི་ཚེག་ནི་གཅིག་ཅན་དང་གཉིས་ཅན་བྱུང་ཡོད་པར་མ་ཟད། བྲིས་པ་གཟབ་ནན་དང་ཞིབ་ཚགས་ཆེ་བའི་རྟགས་མཚན་ཞིག་མངོན་ཡོད་པ་འདི་ཡིན།།
རིགས་གཉིས་པར་གཏོགས་པའི་Or.8212(187) ནི་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་ཤིང་།ཤོག་དྲིལ་འདིའི་མགོ་དང་མཇུག་ཀྱང་བཅད་དེ་ལུས་ཡོད་པ་དང་། ཤོག་ངོས་སུ་འཁོད་པའི་ཚིག་ཕྲེང་ལ་བསྡོམས་པས་ཚིག་ཕྲེང་93ཙམ་བྱུང་བ་དང་། ཚིག་གི་མགོ་ནི་མགོ་རྟིང་བརྗེས་ནས་ཡོད་ཅིང་། ཚིག་དངོས་འབལ་ལྡོང་བཙན་དང་བློན་མང་པོ་རྗེ་ཉ་ཞང་འབྲི་བརྩན་ལས་རྩོགས་པས་བསྡུས་ཞེས་པ་ནས་བཙན་ཕོ་ཕོ་བྲང་ལྐ་སྐལ་ནས་བཞུགསྡེ་བླ་ན་ཐུར་དྲགས་སྡེ་མཆཾ་ཞེས་པའི་བར་ཡིན། ཤོག་དྲིལ་འདིའི་ཡི་གེ་རྣམས་བྲིས་པ་མགྱོགས་པས་ཡིག་འབྲི་རྩིང་ཞིང་གྲ་མི་དག་པ་དང་། ལོ་ཚིགས་བཀོད་པའི་ཚིག་རྣམས་ཀྱང་ཚིག་གི་དཀྱིལ་དང་མགོ་གང་རུང་དུ་ཡོད་པར་མ་ཟད་ཚིག་ཕྲེང་འགའ་ནི་མགོ་རྟིང་སློག་ནས་བྲིས་ཡོད་པས་ཤོག་དྲིལ་གཞན་གཉིས་དང་བསྡུར་ན་ཤོག་དྲིལ་འདི་ལ་གཟབ་ནན་དང་ཞིབ་ཚགས་མ་ཡིན་པའི་རྟགས་མཚན་ཞིག་མངོན་ཡོད།།དེས་ན་༄༅།། གླང་གི་ལོ་ལ་བབ་སྟེའ། (སྤྱི་ལོ་653)བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས།གཡུག་དུ༔གནག་ལྀངས༔བཏབ། ད་རྒྱལ༔མང་པོ་རྗེས༔ཞིང་གྱྀ་ཕྱིང་རིལ་བགྱིས། ར་སང་རྗེའི་བློན༔རིང་སྟག་རྒྱ་དང་ཞྀང་གྱྀ་ཚོང་ཆེན༔སྦྱརད། ཞང་ཞུང་ཡུལ་གྱྀ་མངན་དུ་སྤུག༔གྱྀམ་རྩན་རྨ་ཆུང་བཆུག། མདོ་སྨདུ༔ཀམ་ཁྲྀ་བཟང༔བྱེ་འདའ༔ཐོང་མྱིས༔བཀུམ་སྟེ་ཤ་གཉརད་ཕར༔ལོ་གཆྀག། ཅེས་པ་དང་།འབྲུགི་ལོ་ལ་བབ་སྟེ (སྤྱི་ལོ་656)། བཙན་པོ་མེར་ཀེ་བཞུགས་ཤྀང་། བློན་ཆེ་སྟོང་རྩན་གྱིས་ཤ་ལྀངས་ཆེན་ཕོ་བཏབ་ཕར་ལོ་གཆིག་ཅེས་བཀོད་པ་ནི་རིགས་དང་པོ་ནི་P.T.1288ལ་བྱུང་བ་དང་། ཡིག་གཟུགས་ཀྱི་ཆ་ནས་བརྡ་རྙིང་གི་ཁྱད་ཆོས་ཡོད་པ་ལས་གཞན་དམིགས་བསལ་དུ་ཡོད་པའི་ཁྱད་ཆོས་ཤིག་ནི་ཡི་གེ་རྣམས་གྲུ་བཞིའི་དབྱིབས་སུ་ཡོད་པ་དང་ལོ་ཚིགས་བརྗོད་པའི་ཚིག་རྣམས་མཚལ་དམར་བོས་བྲིས་ཡོད་པ་དང་། ཡིག་འབྲུ་བར་གྱི་ཚེག་ནི་གཅིག་ཅན་དང་གཉིས་ཅན་བྱུང་ཡོད་པར་མ་ཟད། བྲིས་པ་གཟབ་ནན་དང་ཞིབ་ཚགས་ཆེ་བའི་རྟགས་མཚན་མངོན་ཡོད་པ་བཅས་ཀྱིས་དོན་ཆེན་འདི་ནི་མང་སྲོང་མང་བཙན་གྱི་སྐབས་སུ་ཡི་གེར་འཁོད་ཡོད་པ་རྟོགས་ནུས་པ་བཅས་སོ།།
བཞི་བ། སྡོམ་ཚིག་འགོད་པ་དང་ཐག་མ་ཆོད་པའི་གནད་དོན་ལྷག་མ་འགའ། 1.སྔོན་གྱི་ཚད་ལྡན་གྱི་དག་ཡིག་རྣམས་དང་བོད་ཀྱི་ཡིག་སྐད་ཀྱི་མིང་གི་གྲུབ་ལུགས་དང་ཡུལ་སྐད་ཀྱི་ཁྱད་ཆོས། ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་བརྟེན་ནས་ཏུན་ཧོང་གཏེར་ཡིག་P.T.1288ལས་བྱུང་བའི་གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་དོན་ལ་བརྟགས་ཅིང་དཔྱད་ན། དེའི་དོན་དངོས་ནི་རི་དྭགས་བརྔོན་པའི་དོན་ཡིན་པར་ངེས་ཤེས་རྙེད།
2.བཙན་པོ་རྒྱལ་རབས་སྐབས་སུ་རི་དྭགས་བརྔོན་པའི་དམིགས་ཡུལ་ལ་དམག་བསྡུ་བ་དང་རྩེད་འཇོ་ལ་རོལ་བ།འཚོ་བའི་དཔལ་འབྱོར་ཡར་རྒྱས་སུ་གཏོང་བའི་ཆེད་སོགས་མང་དུ་ཡོད་པ་ལས་མང་སྲོང་མང་བཙན་གྱི་སྐབས་སུ་སླེབས་པ་ན་མགར་སྟོང་རྩན་ནི་མིང་ལ་བློན་ཆེན་པོ་ཡིན་ཀྱང་དོན་གྱིས་བཙན་པོ་ལྟ་བུར་བཞུགས་པས་སྤྲོ་བསངས་པ་དང་དམག་བསྡུ་བའི་ཆེད་དུ་སྤྱི་ལོ་656ལོར་གཡུག་ཏུ་རི་དྭགས་བརྔོན་པར་ཕེབས་པར་མ་ཟད། དེ་དང་མཉམ་དུ་ཞིང་གྱི་ཕྱྀང་རིལ་དང་ཚོང་ཆེན་བགྱི་བ། མངན་དུ་བསྐོ་བ་ལ་སོགས་པའི་དོན་ཆེན་ཀྱང་ཕྱག་ཏུ་བཞེས་པ་སོགས་ཡིན།
3.གནག་ལིངས་བཏབ་ཅེས་པ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་བརྡ་རྙིང་བའི་ཐ་སྙད་འདི་གཉིས་དག་ཡིག་གམ་མིང་མཛོད་དུ་བསྡུས་ཏེ་ཤ་ཁྲལ་བསྡུས་པ་ཞེས་མཆན་འགོད་མཁན་ཐོག་མ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་བརྡ་དཀྲོལ་གསེར་གྱི་མེ་ལོང་གཉིས་ཡིན་ལ་ཁོངས་བཅོལ་ཡུལ་ནི་དགེ་འདུན་ཆོས་འཕེལ་དང་དབང་རྒྱལ་སོགས་ཡིན།
4.འདིར་ཐག་མ་ཆོད་པར་ལྷགས་ཡོད་པའི་གནད་དོན་ནི་དོན་ཆེན་གནད་བསྡུས་དང་འོ་ལྡེ་སྤུ་རྒྱལ་བའི་བློན་པོའི་རབས་གཉིས་ཀར་བློན་ཆེ་མགར་སྟོང་རྩན་ཡུལ་ཟུང་གྱི་ལོ་རྒྱུས་བཀོད་ཡོད་ཀྱང་ཅུང་ཙམ་གཅིག་མཐུན་བྱུང་མེད་པ་དང་། མགར་སྟོང་རྩན་གྱིས་གནག་ལིངས་བཏབ་ནས་ལོ་གསུམ་འགོར་རྗེས་ཤ་ལིངས་བཏབ་པ་དང་། དེ་ནས་བཟུང་གནག་ལིངས་དང་ཤ་ལིངས་བཏབ་པའི་གནས་ཚུལ་དོན་ཆེན་གནད་བསྡུས་སུ་འཁོད་མེད་པའི་རྒྱུ་མཚན་བཅས་ནི་འདིར་ཐག་མ་ཆོད་པའི་གནད་དོན་ཡིན་པས་བརྡ་རྙིང་མཁན་པོ་དང་ལོ་རྒྱུས་མཁན་པོ་རྣམ་པས་གསེད་བཀྲོལ་ཐུབ་ན་གནག་ལིངས་བཏབ་དང་ཤ་ལིངས་ཆེན་པོ་བཏབ་ཅེས་པའི་དོན་ཇེ་གསལ་དུ་འགྲོ་བར་ཕན་ཐོགས་ཆེའོ།།
མཆན་འགྲེལ།
①སྤྱི་ལོ་2008དང་2011སྔ་ཕྱི་གཉིས་སུ་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དང་ཧྥ་རན་སིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་དངོས་བཅར་གྱིས་ཏུན་ཧོང་བོད་ཀྱི་ཡིག་ཆ་དངོས་མ་དེ་ཚོར་ལྟ་ཀློག་ཐུབ་པར་བྱུང་བ་མ་ཟད། དཔེ་མཛོད་ཁང་གི་ལས་བྱེད་མི་སྣས་ཀྱང་རོགས་རམ་གང་ལེགས་ཐོབ། འདིར་ཆེད་དུ་ཁོང་རྣམ་པ་ལ་བཀའ་དྲིན་ཆེ་ཞུ་བ་ལགས།
② བྷི་རན་ད་དྷོད་ཚིན་གྱིས་བརྩམས། 《དོན་ཆེན་གནད་བསྡུས་ཀྱི་འགྲེལ་བཤད།》 ཤོག་ངོས་84ལ་གསལ། (Brandon Dotson,The Old Tibetan Annals:An Annotated
Translation of Tibet's First History,Verlag der Osterreichischen Akademie der Wissenschaften Wien 2009ཤོག་ངོས་84ལ་གསལ། Brandon Dotson,The Old Tibetan Annals:An
Annotated Translation of Tibet's First History,Verlag der Osterreichischen Akademie der Wissenschaften Wien 2009)
③④《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ་1པའི་པར་གཞི། ཤོག་ངོས་116ལ་གསལ། ཤོག་ངོས་117ལ་གསལ།
⑤⑥དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱིས་བསྒྱུར་པ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 མི་རིགས་དཔེ་སྐྲུན་ཁང། 1980ལོའི་ཟླ་བ་8པ། ཤོག་ངོས་166ལ་གསལ། ཤོག་ངོས་167ལ་གསལ།
⑦གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་5པའི་པར་གཞི། ཤོག་ངོས་65ལ་གསལ།
⑧བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས། 《བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་5བའི་པར་གཞི། ཤོག་ངོས་406ལ་གསལ།
⑨གཞིས་ཀ་རྩེ་དང་ཡུལ་ཤུལ་རྫ་སྟོད་དང་མཚོ་སྔོན་རྐང་ཚ་བཅས་ཀྱི་སྐད་གཞིར་བཟུང་བ་ཡིན། ལྷ་ས་བ་ཤ་རྒན་དབང་འདུས་དང་ཁམས་པ་ཚེ་བརྟན་བཀྲ་ཤིས། ཨ་མདོ་བ་བཀྲ་ཤིས་དོན་གྲུབ་བཅས་ཀྱིས་ཡུལ་སྐད་ཐད་ཀྱི་རྒྱུ་ཆ་མཁོ་སྤྲོད་གནང་བས་འདིར་ཆེད་དུ་ཁོང་རྣམ་པར་བཀའ་དྲིན་ཞུ།
⑩སྒྲ་སྦྱོར་བམ་པོ་གཉིས་པ། དག་ཡིག་སྨྲ་བའི་རྒྱན། ཚོགས་གསུམ་གསལ་བ། བརྡ་གསར་རྙིང་གི་ཁྱད་པར་སྟོན་པ་ལི་ཤིའི་གུར་ཁང་ལ་སོགས་པའི་དག་ཡིག་བྱུང་བ་ནས་བཟུང་བོད་ཀྱི་ཡུལ་སྐད་ཀྱི་ཁྱད་པར་ཤོར་བའི་མིང་བརྡ་རྣམས་ཚད་ལྡན་ནམ་གཅིག་གྱུར་བྱུང་། དཔེར་ན་ས་མཐའ་ལ་ཤེས་སྦྱོར་རྒྱུ་ལ་ཞེས་སུ་བཏང་བ་དང་། ཇི་ལྟར་དང་ཅི་ལྟར་གྱི་ཁྱད་པར་འབྱེད་པ་དང་། སྐྱེས་དགུ་ཞེས་པ་སྐྱེ་རྒུ་རུ་གཏན་དུ་ཁེལ་བ་སོགས་མང་དུ་སྣང་བས་ཝ་ཟུར་འདོགས་དགོས་མིན་ཡང་དེ་དང་མཚུངས།
⑾ཝང་ཧྥུ་རེན། སུའོ་ཝུན་ཆིང་གཉིས་ཀྱིས་རྩོམ་སྒྲིག་བྱས། 《བོད་རིགས་ཀྱི་ལོ་རྒྱུས་མདོར་བསྡུས།》 《藏族史要》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1982ལོའི་པར་གཞི། ཤོག་ངོས་51ནས་59བར་གསལ།
⑿ཤ་བ་དང་། འབྲོང་རྒོད་དང་། ཝ་དང་གུང་དང་སྟག་དང་གཟིག་བཅས་ནི་རི་དྭགས་པའམ་ལིངས་པ་རྣམས་ཀྱིས་ལིངས་འདེབས་པའི་དམིགས་བྱ་ཡིན། དེ་ལ་ཤྭ་ལྟ་བུ་འཛིན་དགོས་ན་དབྱར་ཁའི་དུས་ནི་ཤ་བ་འཛིན་པའི་དུས་བཟང་ཤོས་ཡིན། དུས་དེར་ཤ་བ་ཕོ་མོ་རྣམས་འདོད་པའི་དུས་ལ་བབས་ཅིང་། བྲག་དང་ནགས་རྫོང་དུ་ཉིན་བཅུ་དང་ཉི་ཤུའི་བར་དུ་འདུག་པས་སྐོམ་སྟེ་ར་རོ་བར་འགྱུར་ཞིང་བཟུང་སླ། ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་ཀྱི་སྔོན་དུ་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ཁུལ་དུ་རི་དྭགས་ཤ་བ་བརྔོན་པ་ནི་རྔོན་པའི་ལས་རིགས་དར་ཁྱབ་ཆེ་བ་ཞིག་ཡིན་ཞེས་བཤད། འདི་ནི་2003ལོར་རི་དྭགས་བརྔོན་ཚུལ་འཚོལ་སྡུད་བྱས་པ་ལས་དྲངས།
⒀ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་དུ་སུམ་རྟགས་དང་འབྲེལ་བའི་དག་ཡིག་དང་ཡི་གེའི་བཤད་པ་གྲགས་ཅན་སྐོར་བཀོད་པ་ལས་རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག་མདོར་བསྡུས་ནས་དགེ་བའི་བཤེས་གཉེན་དཔྱི་ས་བློ་གྲོས་རྒྱ་མཚོས་མཛད་པའི་དག་ཡིག་ཁྱད་དུ་འཕགས་པ་སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་བར་དག་ཡིག་27བཀོད་ཡོད་པ་ལས་འདིར་ཁོ་བོའོ་ལག་ཏུ་སོན་པ་རྣམས་གཞིར་བཟུང་ནས་བཀོད་ཡོད། ཚེ་ཏན་ཞབས་དྲུང་གིས་མཛད། ཐོན་མིའི་ཞལ་ལུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་པར་གཞི། ཤོག་ངོས་210ནས་214བར་གསལ།
⒁དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་གཉིས་པ། 《སུམ་རྟགས་དང་དག་ཡིག》 མི་རིགས་དཔེ་སྐྲུན་ཁང་། 2004ལོའི་པར་གཞི། ཤོག་ངོས་323ལ་གསལ།
⒂དཔལ་ཁང་ལོ་ཙཱ་བས་མཛད། 《ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ།》 མི་རིགས་དཔེ་སྐྲུན་ཁང་། 1991ལོའི་ཟླ་10བའི་པར་གཞི། ཤོག་ངོས་108ལ་གསལ།
⒃《བསྟན་དར་ལྷ་རམས་པའི་གསུང་འབུམ།》 པོད་11པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2008ལོའི་པར་གཞི། ཤོག་ངོས་673ལ་གསལ།
⒄གཤེན་མཁས་གྲུབ། 《བརྡ་སྤྲོད་ཉི་ཤུ་བདུན་པ་རྩ་འགྲེལ་དང་བརྡ་དག་བློ་གསལ་མཇུག་ངོགས།》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1989ལོའི་པར་གཞི། ཤོག་ངོས་436ལ་གསལ།
⒅⒆བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་རྩོམ་སྒྲིག་བྱས། 《བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ།།》 མི་རིགས་དཔེ་སྐྲུན་ཁང་། 1997ལོའི་ཟླ་5བའི་པར་གཞི། ཤོག་ངོས་406ལ་གསལ། ཤོག་ངོས་916ལ་གསལ།
⒇《ལ་དྭགས་རྒྱལ་རབས།》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1987ལོའི་པར་གཞི། ཤོག་ངོས་26ལ་གསལ། རུས་པའི་རྒྱན་ཅན་གྱིས་བརྩམས། 《རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མི་ལ་རས་པའི་རྣམ་མགུར།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1999ལོའི་ཟླ་4བའི་པར་གཞི། ཤོག་ངོས་236ལ་གསལ།
﹙21﹚བཅོམ་ལྡན་རིག་པའི་རལ་གྲིས་མཛད། 《སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག》 དཔལ་བརྩེགས། སྣ་རིང་། ཤོག་ངོས་391ལ་གསལ།
﹙22﹚དམུ་དགེ་བསམ་གཏན་གྱིས་བརྩམས། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་པར་གཞི། ཤོག་ངོས་65ལ་གསལ།
﹙23﹚﹙24﹚གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་5པའི་པར་གཞི། ཤོག་ངོས་68དང་ཤོག་ངོས་88ལ་གསལ།
﹙25﹚དོན་གྲུབ་རྒྱལ་གྱིས་བརྩམས། 《གནའ་རབས་བོད་ཀྱི་སྲིད་འཛིན་ས་ཁུལ་དང་དཔོན་རིགས་ཀྱི་ལམ་ལུགས་རོབ་ཙམ་བཤད་པ་བུང་བ་གཞོན་ནུའི་གླུ་དབྱངས།》 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 1985ལོའི་དེབ་དང་པོ་སྟེང་བཀོད་ཡོད། ཤོག་ངོས་122ལ་གསལ།
﹙26﹚རྒྱལ་དབང་ལྔ་བ་ཆེན་མོས་བརྩམས། 《བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》 མི་རིགས་དཔེ་སྐྲུན་ཁང་། 1991ལོའི་པར་གཞི། ཤོག་ངོས་49ལ་གསལ།
﹙27﹚﹙28﹚﹙29﹚གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་5པའི་པར་གཞི། ཤོག་ངོས་54དང་ཤོག་ངོས་559དང་ཤོག་ངོས་283ལ་གསལ།
﹙30﹚﹙31﹚དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར། 《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས།》 1983ལོའི་པར་གཞི། ཤོག་ངོས་13ལ་གསལ། ཤོག་ངོས་15ལ་གསལ།
﹙32﹚《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དེབ་གསུམ་པ།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན། 1990ལོའི་པར་གཞི། ཤོག་ངོས་5ལ་གསལ།
﹙33﹚﹙34﹚﹙35﹚གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ་5པའི་པར་གཞི། ཤོག་ངོས་55དང་ཤོག་ངོས་66དང་ཤོག་ངོས་33ལ་གསལ།
﹙36﹚ཚེ་བརྟན་གྱིས་བྲིས། 《བོད་བཙན་པོའི་སྐབས་ཀྱི་ཁྲིམས་ཡིག་ཐོར་བུ་འགའ་ལ་ཅུང་ཟད་དཔྱད་པ།》 ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 1985ལོའི་དེབ་དང་པོ། ཤོག་ངོས་83ལ་གསལ།
﹙37﹚﹙38﹚﹙39﹚དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། 1986ལོའི་པར་གཞི། ཤོག་ངོས་185དང་ཤོག་ངོས་185དང་ཤོག་ངོས་186བཅས་སུ་གསལ།
﹙40﹚རྡོ་རྗེ་དོན་གྲུབ། 《ཏུན་ཧོང་གཏེར་ཡིག་གི་བོད་ཀྱི་ཡིག་གཟུགས་ཀྱི་ཁྱད་ཆོས་དང་ཏུན་ཧོང་ཡིག་ཆའི་སྔ་ཕྱིའི་སྐོར་གླེང་བ།》 《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ།》 2014ལོའི་དེབ་དང་པོ། ཤོག་ངོས་34ལ་གསལ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1