༄༅།། དོན་སྦྱོར་རྟོག་པའི་དབྱེ་བ་དགར་ཚུལ་ལ་དཔྱད་པ།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 07-01


ཚེ་རིང་སྒྲོལ་མ།
          [ནང་དོན་གནད་བསྡུས།] ཚད་མ་རིག་པའི་གཞུང་ལུགས་ཀྱི་དགོངས་དོན་དངོས་དང་བོད་ཀྱི་མཁས་པས་ཞིབ་འཇུག་གཏིང་ཟབ་བགྱིས་པའི་གྲུབ་འབྲས་རྨང་བྱས། དོན་སྦྱོར་རྟོག་པའི་དབྱེ་བ་དགར་ཚུལ་ལ་ཕྱི་ཚུལ་གཏན་ཚིགས་རིག་པའི་རིགས་ལམ་གྱི་ཐབས་ལམ་སྤྱད་ནས་དཔྱད་བསྡུར་རགས་ཙམ་བགྱིས་ཡོད།
          [བརྡ་ཆད་གཙོ་བོ།] ཚད་མ་རིག་པ། དོན་སྦྱོར་རྟོག་པ། འགལ་བ། འབྲེལ་བ།
          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] B946.6
          [ཡིག་ཚང་མཚན་བྱང་།] A
          [རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-01-0080-15
          དོན་སྦྱོར་རྟོག་པ་ལ་གཞི་ཆོས་ཀྱི་འབྲེལ་བའི་སྒོ་ནས་དབྱེ་ཚུལ་ལ། འགལ་བའི་དོན་རྟོག་དང་འབྲེལ་བའི་དོན་རྟོག་གཉིས་ཡོད་ལ། བློས་རྟོགས་ཚུལ་གྱི་སྒོ་ནས་དབྱེ་ཚུལ་ལ། དགག་པ་དང་སྒྲུབ་པ་གཉིས་ཡོད་པ་དང་། ཆོས་ཅན་གྱི་ཚད་གྲངས་ཀྱི་སྒོ་ནས་དབྱེ་ཚུལ་ལ། ཡོངས་འདུས་དོན་རྟོག(全称判断) ཆ་འདུས་དོན་རྟོག(特称判断) རྐྱང་འདུས་དོན་རྟོག(单称判断)བཅས་གསུམ་ཡོད་པ་དང་བསྡོམས་ན་དགག་སྒྲུབ་གཉིས་ཀ་ལ་རིགས་དྲུག་ཡོད།
          གཅིག འགལ་བ་དང་འབྲེལ་བ།
          འཇིག་རྟེན་གྱི་བྱ་དངོས་ཡོད་ཚད་རང་རྐྱ་ཐུབ་པར་གནས་ཐུབ་པ་ཞིག་མིན་པར། དེ་དག་ཐམས་ཅད་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་སྒོ་ནས་གྲུབ་པ་ཞིག་ཡིན་པས། ཕན་ཚུན་གྱི་བར་ལ་འབྲེལ་བ་དམ་པོ་ཡོད། ཕྱི་ཚུལ་གཏན་ཚིགས་རིག་པའི་གཞུང་གི་ཞིབ་འཇུག་བྱེད་ཡུལ་ནི་གཞུང་གི་བརྗོད་བྱ་མ་ཡིན་པར་ཁྱབ་མཐའི་བར་གྱི་འབྲེལ་བ་གཙོ་བོ་ཡིན་པས། འདིར་ཡང་དོན་སྦྱོར་རྟོག་པའི་ཁྱབ་མཐའི་བར་གྱི་འབྲེལ་བ་གཙོར་བཟུང་སྟེ་འཆད་པར་བྱ།བསྡུས་གྲྭའི་གཞུང་ལས་གསུངས་པའི་འགལ་འབྲེལ་གྱི་རྣམ་བཞག་དང་སྐབས་འདིར་བཤད་པའི་འབྲེལ་བ་གཉིས་མི་གཅིག་སྟེ། 《མིའི་རིགས་ཤེས་རྟོགས་རྣམ་བཤད་》ལས།“བྱ་དངོས་ཤིག་ལ་བསམ་གཞིག་གཏོང་དུས། དེ་དང་བྱ་དངོས་གཞན་ཞིག་ལྷན་དུ་བཞག་སྟེ་དཔྱོད་པ་དང་། དེ་གཉིས་ཕན་ཚུན་བསྡུར་ཏེ་ཡང་ཡང་བརྟག་ན། དེ་ལ་འབྲེལ་བ་ཞེས་བརྗོད།”① ཅེས་གསུངས་པས། བསྡུས་གྲྭའི་གཞུང་ལས་གསུངས་པའི་འགལ་འབྲེལ་གྱི་རྣམ་གཞག་དེའི་འགལ་བར་འདོད་པ་ཐམས་ཅད་སྐབས་འདིར་བཤད་པའི་འབྲེལ་བར་བསྡུས་ཤིང་འགལ་བའི་འབྲེལ་བ་ཡིན་པར་བརྗོད་པ་དང་། འགལ་བའི་འབྲེལ་བ་དེ་འབྲེལ་བའི་བྱེ་བྲག་ཡིན་པར་འདོད། དེ་བས་དོན་རྟོག་དེ་ཡང་གཞི་ཆོས་གཉིས་ཀྱི་འབྲེལ་བ་ངེས་ཐག་གཅོད་པ་ཡིན་པས། དགག་སྒྲུབ་གང་ལྟར་ཡང་འབྲེལ་བའི་དོན་རྟོག་ཡིན་པས་ཁྱབ་ཅིང་། ནམ་ཡང་གཞི་དེ་ཆོས་དེ་ཡིན་པའམ་མིན་པར་ཐག་གཅོད་པ་ལ་གཞི་ཆོས་གཉིས་ཀྱི་འབྲེལ་བ་དེ་དོན་རྟོག་གི་ཡུལ་ཡིན་པ་མ་ཟད། གཞི་ཆོས་གང་རུང་གཉིས་ཀ་མེད་དུ་མི་རུང་ཞིང་།ཕན་ཚུན་ལ་བརྟེན་ནས་འབྲེལ་བ་ངེས་ཅན་གྲུབ་པའོ།། ཆོས་གཉིས་འབྲེལ་བ་མེད་ན་འགལ་བ་མེད་པས་ཁྱབ་ཅིང་།འགལ་བ་ཡིན་ན་འབྲེལ་བ་མ་ཡིན་པས་མ་ཁྱབ་པའི་ཕྱིར་རོ།།དོན་རྟོག་གི་ཁྱབ་མཐའི་བར་གྱི་འབྲེལ་བ་གསལ་བོར་ངེས་པ་ནི། རྗེས་དཔག་ཡང་དག་སྐྱེ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། བོད་ཀྱི་ཚད་མ་རིག་པའི་གཞུང་དུའང་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བསྟན་ཡོད་དེ། 《ཚད་མ་རིགས་གཏེར》ལས། “དགག་དང་སྒྲུབ་པ་ཇི་སྙེད་པ།། འགལ་འབྲེལ་ཉིད་ལ་ལྟོས་པས་ན།། ཚད་མའི་མཚན་ཉིད་དཔྱོད་པ་ཡི།། སྔོན་ལ་འགལ་འབྲེལ་དཔྱད་པར་བྱ།།”②ཞེས་དང་།། དེའི་འགྲེལ་བར། “ཚད་མ་ཡིན་མ་ཡིན་ཞེས་བྱ་བ་ལ་སོགས་པ་དཔྱོད་པ་ཐམས་ཅད་འགལ་འབྲེལ་ལ་བལྟོས་པའི་ཕྱིར་ཐོག་མར་དེ་གཏན་ལ་དབབ་བོ་”ཞེས་གསུངས་པ་བཞིན། འདིར་ཡང་དོན་རྟོག་གི་ཁྱབ་མཐའི་བར་གྱི་འགལ་བ་དང་འབྲེལ་བར་ཅུང་ཟད་དཔྱད་པར་བྱའོ།།
          དང་པོ། འགལ་བའི་དོན་རྟོག འགལ་བའི་མཚན་ཉིད་བཤད་པ་ལ། 《རྣམ་འགྲེལ་》ལས། “འགལ་བ་གང་ཡིན་འདིར་བཤད་བྱ།། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར།།” ཞེས་དང་། “འགལ་དེ་ཆོས་ནི་ཐ་དད་དམ།། ཐ་དད་མེད་ལ་རང་སྦྱོར་ཏེ།། ཁ་བ་མེད་པར་སྒྲུབ་པ་ལ།། མེ་དང་སྐྱེ་ལ་ཡོད་གནོད་བཞིན།།”③ ཞེས་པ་སོགས་ལས་འཕྲོས། བོད་ཀྱི་ཚད་མ་རིག་པའི་གཞུང་དུའང་འགལ་བའི་སྐོར་ལ་དཔྱད་པ་ཞིབ་རྒྱས་གནང་ཡོད་དེ། 《ཚད་མ་རིགས་གཏེར་གྱི་འགྲེལ་བ་》ལས། “ཆོས་གང་ཞིག་ཆོས་གཞན་ལ་གནོད་པར་བྱེད་ཅེས་བྱ་སྟེ། གནོད་པ་མི་བྱེད་ན་འགལ་བའི་དོན་མི་འགྲུབ་པའི་ཕྱིར་རོ།།”④ ཞེས་ཆོས་གང་ཞིག་གང་ལ་གནོད་པ་བྱེད་པ་འགལ་བའི་མཚན་ཉིད་དུ་བཞག་ཡོད་ཀྱང་། གནོད་བྱ་གནོད་བྱེད་ཚོགས་པའི་སྤྱི་གཅིག་མི་སྲིད་ལ། ཡ་གྱལ་འགོད་ན་མ་ཁྱབ་ཅིང་། གནོད་བྱེད་ཅེས་བྱ་བ་འཇིག་པར་བྱེད་པ་ལ་ཟེར་ན་འཇིག་པ་ལ་རྒྱུ་མི་དགོས་པས་གནོད་པའི་ཕྱིར། འདིར་མཁས་པ་དག སྐད་གཉིས་སྨྲ་བའི་དབང་བོས་དེ་སྐད་གསུངས་མོད་ཀྱང་། དངོས་པོ་ལས་གྱུར་བའི་གནོད་བྱ་གནོད་བྱེད་དུ་གྱུར་པ་ཞེས་བྱས་ན་མཐའ་ཐམས་ཅད་བསལ་ཏེ། འགལ་བ་གཉིས་ལ་གནས་ཀྱི། ཡ་གྱལ་རེ་རེ་ལ་འགལ་བ་མེད་པའི་ཕྱིར་ཞེས་གསུངས་པ་ནི་ལེགས་པ་མ་ཡིན་ཏེ། འདིར་འགལ་བ་གཉིས་ལ་གནས་པ་འགོག་པ་མ་ཡིན་གྱི། དངོས་པོ་གང་གི་སྟེང་དུའང་གནོད་པ་སྟེང་དུའང་གནོད་བྱ་གནོད་བྱེད་གཉིས་གཅིག་ཏུ་གཟུང་རྒྱུ་མེད་པ་འགོག་པ་ཡིན་ལ། གཞན་དུ་ན་གནོད་བྱ་གནོད་བྱེད་དུ་གྱུར་པ་ཞེས་པའི་མཚན་གཞི་ངོས་འཛིན་པ་ལ། ཚ་གྲང་གཉིས་སོ་ཞེ་ན། དེ་གཉིས་ཆོས་ཅན། གནོད་བྱ་མ་ཡིན་པར་ཐལ། གནོད་བྱེད་ཡིན་པའི་ཕྱིར། གསུམ་ཆར་དངོས་འགལ་ཁས་བླངས་པའི་ཕྱིར་རོ།།
          དེས་ན། གནོད་བྱའི་མཚན་ཉིད་ནི། གནོད་བྱེད་ཀྱི་རྒྱུ་མ་གཏུགས་པ་འབྱུང་བ་ཅན་གཞན་ཡོད་ན་ནུས་མེད་དུ་སྐྱེ་བའོ། གནོད་བྱེད་ཀྱི་མཚན་ཉིད་ནི། རྒྱུ་མ་གཏུགས་པར་འབྱུང་བ་ཅན་དེ་ནུས་མེད་དུ་སྐྱེད་བྱེད་དོ།། དེའང་《ཚད་མ་རྣམ་ངེས་》ལས། “རྒྱུ་མ་གཏུགས་པར་འབྱུང་བ་ཅན་གཞན་ཡོད་ན་མེད་པའི་ཕྱིར། འགལ་བར་རྟོགས་ལ། དེའང་མི་དམིགས་པ་ལས་ཡིན་ནོ།།”⑤ ཞེས་གསུངས་པ་ལྟར། ཚ་རེག་གིས་གྲང་རེག་འགོག་པའི་ཚེ་གྲང་རེག་གི་རྒྱུན་འགོག་པར་བྱེད་པའི་ཆ་ནས་འགལ་བ་ཡིན་གྱི། ཚ་རེག་སྐད་ཅིག་མ་དང་པོ་འདིས་གྲང་རེག་སྐད་ཅིག་མ་གཉིས་པ་ནུས་མེད་དུ་བསྐྱེད་པའི་ཆ་ནས་ཚ་རེག་སྐད་ཅིག་མ་དང་པོ་ཉིད་གྲང་རེག་ནུས་མེད་ཀྱི་ལྷན་ཅིག་བྱེད་རྐྱེན་ཡིན་པས་རྒྱུ་འབྲས་ཡིན་གྱི་འགལ་བར་མི་འགྱུར་བས་སོ།།
          བོད་ཀྱི་ཚད་མ་རིག་པའི་གཞུང་དུ། འགལ་བའི་མཚན་ཉིད་དུ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ།⑥ ཞེས་བཀོད་ཡོད་པས། འདིར་ཡང་འདོད་པ་དེའི་རྗེས་སུ་འབྲངས་ནས་དཔྱད་པར་བྱའོ།། མཚན་ཉིད་ཀྱི་ཟུར་དུ། 1.ཐ་དད་ཅེས་སྨོས་པས། འགལ་བར་འཇོག་པ་ལ་ཆོས་སོ་སོ་བ་གཉིས་དགོས་ཤིང་ཆོས་གཅིག་ལ་འགལ་བ་མི་སྲིད་པ་བསྟན། དཔེར་ན། ཀ་བ་དང་བུམ་པ་གཉིས་ཕན་ཚུན་ཐ་དད་ཡིན་ཏེ། ཀ་བ་བུམ་པ་དང་ཐ་དད་ཡིན་པ་གང་ཞིག བུམ་པ་ཀ་བ་དང་ཐ་དད་ཡིན་པའི་ཕྱིར། ཀ་བ་དང་བུམ་པ་གཉིས་ཀའི་གཞི་མཐུན་པ་མི་སྲིད་པ་ཡིན་ཏེ། ཀ་བ་ཡིན་ན་བུམ་པ་མ་ཡིན་པས་ཁྱབ་པ་དང་བུམ་པ་ཡིན་ན་ཀ་བ་མ་ཡིན་པས་ཁྱབ་པས།ཀ་བ་ཡང་ཡིན་བུམ་པ་ཡང་ཡིན་པའི་གཞི་མཐུན་ཞིག་མེད་པའི་ཕྱིར་ཏེ། ཀ་བ་དང་བུམ་པ་གཉིས་འགལ་བ་ཡིན་པའི་ཕྱིར་རོ།། 2.ཆོས་ཞེས་སྨོས་པ། རི་བོང་རྭ་དང་བུམ་པ་གཉིས་འགལ་བ་ཡིན་པ་གཅོད་པའི་ཆེད་ཡིན་ཏེ། དེ་གཉིས་གཞི་མཐུན་མི་སྲིད་པ་ཡིན་ཡང། རི་བོང་རྭ་བུམ་པ་དང་ཐ་དད་མ་ཡིན་པའི་ཕྱིར། ཟུར་ཕྱི་མ་དེར་ཐལ། རི་བོང་རྭ་བུམ་པ་དང་སོ་སོ་བའི་ཆོས་མ་ཡིན་པའི་ཕྱིར་ཏེ། ཆོས་མ་ཡིན་པའི་ཕྱིར་རོ།། 3.མཚན་ཉིད་ཀྱི་ཟུར་དུ་གཞི་མཐུན་མི་སྲིད་པ་ཞེས་སྨོས་པས། དངོས་པོ་དང་བུམ་པ་གཉིས་འགལ་བ་ཡིན་པ་གཅོད་དེ། དེ་གཉིས་ཕན་ཚུན་ཐ་དད་ཡིན་ཡང་གཞི་མཐུན་མི་སྲིད་པ་མ་ཡིན་ཏེ། དངོས་པོ་ཡང་ཡིན་བུམ་པ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། དེར་ཐལ། གསེར་བུམ་དེ་དེ་ཡིན་པའི་ཕྱིར། དཔེར་ན། དགེ་རྒན་དང་བོད་རིགས་ཞེས་པ་ལྟ་བུ་ལ་ཆ་མཚོན་ན་གཉིས་ཀའི་གཞི་མཐུན་ཡོད་ཏེ། བོད་རིགས་ཀྱིས་དགེ་རྒན་ལ་ཁྱབ་པའི་ཆ་ཡོད་པ་དང་དགེ་རྒན་གྱིས་བོད་རིགས་ལ་ཁྱབ་པའི་ཆ་ཡོད་པ་རིས་དབྱིབས་ཀྱིས་མཚོན་ན་རྟོགས་སླ་སྟེ།
 
          ཞེས་པ་ལྟ་བུའོ།། འདིར་གཞི་མཐུན་མི་སྲིད་ཅེས་པ་ནི། དོན་རྟོག་ལ་ཁྱབ་པའི་ཆ་ཡོད་པ་གཅོད་པ་སྟེ། དཔེར་ན།བུམ་པ་ཡིན་ན་བུམ་པ་མ་ཡིན་པ་ཡིན་པས་ཁྱབ་པ་དང་ཀ་བ་ཡིན་ན་བུམ་པ་མ་ཡིན་པས་ཁྱབ་པ་ཞེས་པ་ལྟ་བུའོ།། དེ་རིས་དབྱིབས་ཀྱིས་མཚོན་ན།
 
          ལྟ་བུ། ཡང་དཔེར་ན། དུ་བ་དང་མེ་གཉིས་ཀྱང་འགལ་བ་ཡིན་ཏེ། ཐ་དད་ཅིང་གཞི་མཐུན་མི་སྲིད་པ་ཡིན་པའི་ཕྱིར། འབྲེལ་བའང་ཡིན་ཏེ། དེ་བྱུང་འབྲེལ་ཡིན་པའི་ཕྱིར། དེ་ལ་བསྡུས་གྲྭའི་གཞུང་དུ་གསུངས་པ་བཞིན། འགལ་བ་དང་འབྲེལ་བ་གཉིས་མི་འགལ་བ་ཡིན་ནོ།། འགལ་བ་ལ་ལྡོག་པའི་སྒོ་ནས་དབྱེ་ན། ཕན་ཚུན་སྤངས་འགལ་དང་ལྷན་ཅིག་མི་གནས་འགལ་གཉིས་སུ་དབྱེ།
          1.ཕན་ཚུན་སྤངས་འགལ་གྱི་དངོས་འགལ། ཕན་ཚུན་སྤངས་འགལ་དང་འགལ་བ་གཉིས་དོན་གཅིག་ཡིན་པས།འགལ་བའི་མཚན་ཉིད་ལས་མཚན་ཉིད་ཟུར་དུ་བཞག་མེད།ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དང་། དངོས་ཀྱི་ཕན་ཚུན་སྤངས་འགལ། དངོས་འགལ་རྣམས་དོན་གཅིགཕན་ཚུན་གཅིག་ཡིན་པ་རྣམ་པར་བཅད་པས་ཅིག་ཤོས་ཡིན་པར་གོ་ནུས་པའི་འགལ་ཟླ་དངོས་པོ་དེ་དེའི་མཚན་ཉིད། དཔེར་ན། གཅིག་དང་ཐ་དད།﹙གཅིག་ཡིན་ན་ཐ་དད་མ་ཡིན་པས་ཁྱབ﹚ དངོས་པོ་དང་དངོས་མེད།﹙དངོས་པོ་ཡིན་ན་དངོས་མེད་མ་ཡིན་པས་ཁྱབ﹚ དམར་པོ་དང་དམར་པོ་མ་ཡིན་པ།﹙དམར་པོ་ཡིན་ན་དམར་པོ་མ་ཡིན་པ་མ་ཡིན་པས་ཁྱབ་﹚ལྟ་བུ་དེ་བློ་དེས་ཅིག་ཤོས་རྣམ་པར་བཅད་པ་སྟེ། མ་ཡིན་པར་རྟོགས་ན་ཅིག་ཤོས་ཡིན་པར་ཤུགས་ལ་རྟོགས་པར་འགྱུར་བའམ་གོ་ནུས་པ་དེ་དེའི་དོན་ཡིན་ནོ།།
དེ་ཡང་《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་》ལས།“ཕན་ཚུན་དངོས་སུ་མི་མཐུན་པར་གནས་པ། དངོས་འགལ་གྱི་མཚན་ཉིད།”⑦ ཅེས་དང་། 《བསྡུས་གཞུང་ལུང་རིགས་ཉི་མ་》ལས། “ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་ཉིད་ཡོད་དེ། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་དེ་དེ་ཡིན་པའི་ཕྱིར།”⑧ ཞེས་གསུངས།དེ་ལ་ཡོངས་གཅོད་ཅེས་པ་ནི་གཞི་དེར་ཆོས་དེ་ཡིན་པར་ཚུར་སྒྲུབ་པའི་སྒོ་ནས་རྟོགས་པ་དང་། རྣམ་བཅད་ཅེས་པ་ནི། གཞི་དེ་ཆོས་དེ་ཡིན་པ་ཕར་རྣམ་པར་བཅད་ཅིང་མ་ཡིན་པར་རྟོགས་པའི་དོན་ནོ།། དེ་ཡང་དངོས་པོ་དང་དངོས་མེད་གཉིས་ལ་མཚོན་ན། དེ་གཉིས་ཆོས་ཅན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་ཏེ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་བུམ་པ་ལྟ་བུ་དེ་བློས་དངོས་སུ་དངོས་པོ་ཡིན་པར་ཡོངས་སུ་བཅད་པ་སྟེ་གྲུབ་ན། དེ་གྲུབ་པའི་སྟོབས་ཀྱིས་བློ་དེ་ཉིད་ཀྱི་ངོར་ཤུགས་ལ་དངོས་མེད་ཡིན་པར་ཕར་རྣམ་པར་བཅད་ནས་དངོས་མེད་མ་ཡིན་པར་དངོས་སུ་གྲུབ་ན། དེས་སྟོབས་ཀྱིས་བློ་དེའི་ངོར་ཤུགས་ལ་དངོས་པོ་ཡིན་པར་ཚུར་ཡོངས་སུ་བཅད་ཅིང་གྲུབ་པ་དང་། བློ་གཅིག་གིས་གཞི་བུམ་པ་ལྟ་བུ་དེ་དངོས་པོ་ཡིན་པར་ཡོངས་གཅོད་དུ་གྲུབ་ན་དངོས་མེད་ཡིན་པ་རྣམ་བཅད་ལ་ཁེགས། དངོས་མེད་ཡིན་པ་རྣམ་བཅད་ལ་ཁེགས་ན་དངོས་པོ་ཡིན་པ་ཡོངས་གཅོད་ལ་གྲུབ་པས་ན་དངོས་པོ་དང་དངོས་མེད་གཉིས་ནི་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་མི་མཐུན་པར་གནས་པའམ་ཕན་ཚུན་གཅིག་གཅིག་གི་བཅད་ལྡོག་ཏུ་གནས་པ་ཡིན་ནོ།། དེ་གཉིས་དེ་ལྟར་ཡིན་པས་ན་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར་རོ།། དེ་དག་རིས་དབྱིབས་ཀྱིས་མཚོན་ན་རྟོགས་སླ་སྟེ།
 
          འདི་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱི་ཁྱབ་པའི་ཁོངས་མི་འདྲ་སྟེ། དམར་པོ་དང་དམར་པོ་མ་ཡིན་པ་ཞེས་པ་ལྟ་བུར་མཚོན་ན། ཕྱི་ཚུལ་གཏན་ཚིགས་རིག་པར་དམར་པོ་མ་ཡིན་པ་ཞེས་པའི་ཁྱབ་མཐར་ཁ་དོག་ལས་གཞན་པའི་ཆོས་མི་འདུ་བ་ཡིན། བོད་ཀྱི་ཚད་མ་རིག་པར་དམར་པོ་མ་ཡིན་པ་ཞེས་པའི་ཁྱབ་མཐར་དམར་པོ་ལས་གཞན་པའི་བདག་མེད་ཐམས་ཅད་འདུ་བ་ཡིན། འདི་དཔེ་རིས་ཀྱིས་མཚོན་ན་འདི་ལྟ་སྟེ།
 
          2. ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ། ཆོས་དེ་དང་གཞི་མཐུན་མི་སྲིད་པའི་སྒོ་ནས་འགལ་བ་གང་ཞིག  ཆོས་དེ་རྣམ་པར་བཅད་ལྡོག་མ་ཡིན་པ་དེ། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད། འདི་དང་ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་དང་།བརྒྱུད་འགལ་རྣམས་དོན་གཅིག དཔེར་ན། བྱས་པ་དང་རྟག་པ་གཉིས་དང་། ཀ་བུམ་གཉིས། དམར་པོ་དང་སེར་པོ་གཉིས་ལྟ་བུ་སྟེ། བྱས་པ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ།ཀ་བ་ཡིན་ན་བུམ་པ་མ་ཡིན་པས་ཁྱབ་པ་དང་། དམར་པོ་ཡིན་ན་སེར་པོ་མ་ཡིན་པས་ཁྱབ་པའོ།། དེ་ལྟར་ན། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་﹙反对关系﹚གྱི་འཇོག་ཚུལ་ལ་རིགས་གཉིས་ཡོད་དེ། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་གཉིས་ལས་ཅིག་ཤོས་རྣམ་པར་བཅད་ན་ཅིག་ཤོས་ཡིན་པར་འགྱུར་ངེས་པའི་རིགས་ཤིག་སྟེ། དངོས་པོ་དང་དངོས་མེད་གཉིས་ལྟ་བུ། དངོས་པོ་དང་དངོས་མེད་གཉིས་ཆོས་ཅན། ཅིག་ཤོས་རྣམ་པར་བཅད་ན་ཅིག་ཤོས་ཡིན་པའི་ཕྱིར་རོ།།
རིགས་གཞན་ཞིག་ནི། ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་གཉིས་ལས་ཅིག་ཤོས་རྣམ་པར་བཅད་ན་ཅིག་ཤོས་ཡིན་པ་ཤུགས་ལ་མི་རྟོགས་པ་སྟེ། ཀ་བ་མ་ཡིན་ན་བུམ་པ་ཡིན་པ་ཤུགས་ལ་མི་རྟོགས་པ་དང་། དམར་པོ་མ་ཡིན་ན་སེར་པོ་ཡིན་པ་ཤུགས་ལ་མི་རྟོགས་པ་དངོས་པོ་དང་བཞིན་ནོ།། དེ་དག་དཔེ་རིས་ཀྱིས་མཚོན་ན་འདི་ལྟ་སྟེ།
 
          1.ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད། དཔེར་ན།ཚ་གྲང་གཉིས་དང་། སྣང་མུན་གཉིས་ལྟ་བུ། དེ་གཞི་ལ་སྦྱར་ན། ཚ་གྲང་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ཏེ། དེ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། གྲང་བ་ནི་རང་ལ་གནོད་བྱེད་དུ་གྱུར་བའི་ཚ་བའི་དངོས་ཀྱི་གནོད་བྱ་དང་། ཚ་བ་ནི་རང་གི་གནོད་བྱར་གྱུར་བའི་དངོས་སུ་གནོད་བྱེད་ཡིན་ཞིང་། ཚ་གྲང་གཉིས་འཕྲད་པའི་སྐད་ཅིག་གཉིས་པ་ཕན་ཆད་ནས་ཚ་བས་གྲང་བའི་ནུས་པ་ཇེ་ཆུང་དུ་བྱས་ནས་ཉམས་པར་བྱེད་པས་ན་དེ་གཉིས་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར། གཞན་ཡང་། སྣང་མུན་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཏེ། དེ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར། དེར་ཐལ། མུན་པ་ནི་རང་གི་གནོད་བྱེད་སྣང་བའི་དངོས་ཀྱི་གནོད་བྱ་དང་། སྣང་བ་ནི་རང་གི་གནོད་བྱ་མུན་པའི་དངོས་སུ་གནོད་བྱེད་ཡིན་ཞིང་། སྣང་བ་སྐྱེས་པ་དང་མུན་པའི་རྒྱུན་འགག་པ་དུས་མཉམ་ཡིན་པས་ན་དེ་གཉིས་རྒྱུན་ནུས་མཚུངས་པ་ཅན་དུ་གཞི་གཅིག་ལ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར་རོ།། དེ་དཔེ་རིས་ཀྱིས་མཚོན་ན་འདི་ལྟ་སྟེ།
 
          ལྷན་ཅིག་མི་གནས་འགལ་གྱི་ཚད་མས་གནོད་འགལ་དང་། ལྷན་ཅིག་མི་གནས་འགལ་གྱི་གྱི་བརྒྱུད་འགལ་གཉིས་དོན་གཅིག བརྒྱུད་ནས་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་དེ་དེའི་མཚན་ཉིད། དཔེར་ན། དུ་བ་སྟོབས་ཆེན་པོ་དང་གྲང་རེག་སྟོབས་ཆེན་པོ་ལྟ་བུ། ཆོས་གཉིས་པོ་གང་ཡིན་ཡང་ཅིག་ཤོས་དེའི་རྒྱུན་དེ་ཅིག་ཤོས་དེས་དངོས་སུ་གཅོད་མི་ནུས་ཀྱང་། རྒྱུན་གཅད་བྱ་དེ་ཅིག་ཤོས་རྒྱུན་གཅོད་བྱེད་དེས་ཆོས་གཞན་ལ་བརྒྱུད་ནས་རྒྱུན་གཅོད་པར་བྱེད་པ་དེ་ལྟ་བུའི་བརྒྱུད་ནས་རྒྱུན་གཅད་བྱ་གཅོད་བྱེད་དུ་གནས་པའང་ཡིན། དེ་འདྲའི་སྒོ་ནས་གཞི་མཐུན་མེད་པར་གནས་པའང་ཡིན། དེ་ལ་དུ་བ་སྟོབས་ཆེན་པོ་དང་། གྲང་རེག་སྟོབས་ཆེན་པོ་གཉིས་ཆོས་ཅན། ཁྱོད་ལ་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གང་ན་དུ་བ་སྟོབས་ཆེན་པོ་ཡོད་པའི་གཞི་དེར་མེ་ཡོད་དགོས་ལ། མེས་གྲང་རེག་ལ་དངོས་སུ་གནོད་ཅིང་། དུ་བས་གྲང་རེག་ལ་བརྒྱུད་ནས་གནོད་པས་ན་དེ་ལྟར་དུ་བརྗོད་པའི་ཕྱིར་རོ།། དེ་དཔེ་རིས་ཀྱིས་མཚོན་ན་འདི་ལྟ་སྟེ།
 
          གཉིས་པ། འབྲེལ་བའི་དོན་རྟོག འདིར་བརྗོད་པའི་འབྲེལ་བ་ནི་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་འབྲེལ་བར་གོ་ལ། དེ་ཡང་《ཀུན་བཏུས་རང་འགྲེལ་》ལས། “འབྲེལ་བ་ནི་རྣམ་པ་གཉིས་ཏེ། ལྡན་པ་དང་འདུ་བའོ།།”⑨ 《ཚད་མ་རྣམ་འགྲེལ་》ལས། “རང་བཞིན་ལ་ཡང་མེད་མི་འབྱུང་།།ཡོད་པ་ཙམ་དང་འབྲེལ་བ་ནི།། དེ་མེད་ན་ནི་ཡོད་པའི་བདག །མེད་འགྱུར་ཐ་དད་མེད་ཕྱིར་རོ།།”⑩ ཞེས་གསུངས་པ་སོགས་ལས་འཕྲོས། བོད་ཀྱི་ཚད་མ་རིག་པར་འབྲེལ་བའི་རྣམ་གཞག་རྒྱས་པར་བསྟན་ཡོད། སྤྱིར་འབྲེལ་བའི་སྐད་དོད་ལ་ལེགས་སྦྱར་སྐད་དུ་བནྡྷ་ཞེས་འབྱུང་ལ། དེ་ཡང་ས་བནྡྷ་ཞེས་པ་ནི་ཡང་དག་པར་བཅིངས་པ་དང་། པྲ་ཏི་བནྡྷ་ཞེས་པ་སོ་སོར་བཅིངས་པ་སྟེ། གཞན་སེལ་གྱི་ངོར་ཆོས་གཉིས་མི་འབྲལ་བར་བཅིངས་པ་ནི་འབྲེལ་བའི་སྒྲ་དོད་ཡིན་པ་ལྟར།《རིགས་གཏེར་འགྲེལ་བ་》ལས། “ཆོས་གང་ཞིག་གཞན་སེལ་ཕྱིན་ཅི་མ་ལོག་པའི་བློ་ངོར་ཆོས་གཞན་མི་འདོར་བ། འབྲེལ་བའི་མཚན་ཉིད།”⑾ ཅེས་པས། འབྲེལ་བ་ནི་དོན་ལ་མ་གྲུབ་པར་བློ་ངོར་བསྒྲུབ་པ་གསལ་བོར་བསྟན་ཡོད་ལ། ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། འབྲེལ་བའི་མཚན་ཉིད་དུ་བཀོད་ཅིང་། དཔེར་ན། མེ་དུ་གཉིས་དང་། བུམ་པ་དང་དངོས་པོ་གཉིས། བྱས་པ་དང་མི་རྟག་པ་གཉིས་ཞེས་པ་ལྟ་བུའོ།། མཚན་ཉིད་ཀྱི་ཟུར་དུ་ཐ་དད་ཅེས་པས། ཆོས་གཅིག་ལ་འབྲེལ་བ་མི་སྲིད་པར་ཆོས་སོ་སོ་བ་གཉིས་དགོས་པ་བསྟན། སོ་སོ་བའི་ཆོས་གཉིས་ལས་གཅིག་ལྡོག་ན་ཅིག་ཤོས་དེ་ལྡོག་ངེས་སུ་གྲུབ་ཅིང་ལྡོག་བྱ་ལྡོག་བྱེད་དུ་ངེས་པ་སྟེ་གནས་པ་ཅན་གྱི་ཆོས་ཡིན་ན་འབྲེལ་བ་ཞེས་བརྗོད། འབྲེལ་བ་དེ་ལ་གཉིས་སུ་གྲངས་ངེས་ཏེ། ཤེས་བྱ་ཐམས་ཅད་ངོ་བོ་གཅིག་དང་ངོ་བོ་ཐ་དད་གཉིས་སུ་འདུས་པ་ལས་ངོ་བོ་གཅིག་ལ་འབྲེལ་བ་ཡོད་པ་རྣམས་བདག་གཅིག་འབྲེལ་དང་། ངོ་བོ་ཐ་དད་ལ་འབྲེལ་བ་ཡོད་པ་རྣམས་དེ་བྱུང་འབྲེལ་དུ་འདུས་པའི་ཕྱིར་རོ།།
          དེ་ཡང་གཞི་ཆོས་ཀྱི་འབྲེལ་བའི་སྒོ་ནས་དབྱེ་བ་འབྱེད་ཚུལ་ལྟར་ན། དོན་རྟོག་ལ་ཡང་བདག་གཅིག་འབྲེལ་གྱི་དོན་རྟོག་དང་། དེ་བྱུང་འབྲེལ་གྱི་དོན་རྟོག་གཉིས་སུ་དབྱེ་ཆོག་ཅིང་། དགག་སྒྲུབ་གཉིས་ཀ་ལ་དེ་ལྟར་ཡིན་པས་ཁྱབ། ཚད་མ་རིག་པའི་གཞུང་རྣམས་སུ་ཡོངས་འདུས་དོན་རྟོག་﹙全称判断﹚གི་དགག་སྒྲུབ་གང་རུང་ལས་ཆ་འདུས་དོན་རྟོག་﹙特称判断﹚བསྟན་མི་འདུག་མོད། འོན་ཀྱང་དེ་དག་མེད་པ་མ་ཡིན་ཏེ། གལ་ཏེ་ཡོངས་འདུས་སྒྲུབ་པ་དང་དགག་པ་གང་རུང་དེ་ལ་དགག་དགོས་ན། ཆ་འདུས་ཀྱི་དགག་སྒྲུབ་གང་རུང་གིས་དགག་དགོས་པས། དོན་རྟོག་གི་ཚུལ་འདི་དག་ཀྱང་མེད་མི་རུང་བ་ཡིན།
          དེ་ཡང་འབྲེལ་བའི་དོན་རྟོག་ལ་ནང་གསེས་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་དབྱེ་བ་ཡིན་ལ།བདག་གཅིག་འབྲེལ་གྱིས་སྤྱིར་བཏང་དུ་མིང་རྟོག་བར་གྱི་ཁྱབ་འབྲེལ་སྟོན་ལ། དེ་བྱུང་འབྲེལ་གྱིས་དངོས་པོ་ཕན་ཚུན་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་སྟོན།⑿ ཁྱབ་འབྲེལ་སྟོན་བྱེད་ལ་འབྲེལ་བའི་རྣམ་པ་འདི་གཉིས་ནི་རྩབའི་ཆ་རྐྱེན་ཡིན་ལ།དོན་སྦྱོར་རྟོག་པ་གྲུབ་བྱེད་ཀྱི་བསམ་གཞིག་གི་རྣམ་པ་ཞིག་ཀྱང་ཡིན། དེ་གཉིས་ལ་ཡང་སྤྱི་བྱེ་བྲག་གི་སྟེང་ནས་དགག་སྒྲུབ་གང་རུང་ལ་དབྱེ་བ་ཡོད་ཀྱང་། སྐབས་འདིར་དེ་ལྟར་དབྱེ་བ་མ་ཡིན་པར་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་དབྱེ་ནས་དེ་དག་གི་ནང་གསེས་སུ་དབྱེ་སྒོ་གཞན་ལས་དབྱེ་བ་དུ་མར་དབྱེ་བར་བྱའོ།།
          1.བདག་གཅིག་འབྲེལ་གྱི་དོན་རྟོག སྐབས་འདིར་བཤད་པའི་བདག་གཅིག་འབྲེལ་དང་བསྡུས་གྲྭའི་གཞུང་ལས་གསུངས་བའི་འབྲེལ་བའི་ནང་གསེས་བདག་ཉིད་གཅིག་པའི་འབྲེལ་བ་དང་གཅིག་ཡིན་ལ། ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་དེ་དང་ཡང་ན་ངོ་བོ་གཅིག་ཏུ་གྲུབ་ཅིང་ལྡོག་པ་ཐ་དད་པ་ཞིག་ལ་བྱེད་པ་ཡིན། དེ་ཡང་ནང་གསེས་ལ་ཁྱབ་པའི་ཚུལ་གྱི་སྒོ་ནས་དབྱེ་ན། ཁྱབ་བྱེད་དང་ཁྱབ་བྱ་ཉིད་ཀྱི་བདག་གཅིག་འབྲེལ། མཚན་མཚོན་ཉིད་ཀྱི་བདག་གཅིག་འབྲེལ་དང་།དངོས་པོ་དང་ངོ་བོ་ཉིད་ཀྱི་བདག་གཅིག་འབྲེལ་བཅས་གསུམ་ཡོད་དེ།
          ﹙ཀ﹚ ཁྱབ་བྱེད་དང་ཁྱབ་བྱ་ཉིད་ཀྱི་བདག་གཅིག་འབྲེལ་ནི། དཔེར་ན། ﹙1﹚བུམ་པ་དངོས་པོ་ཡིན། ﹙2﹚བུམ་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ། ﹙3﹚དངོས་པོ་ཡིན་ན་བུམ་པ་ཡིན་པས་མ་ཁྱབ། ﹙4﹚དངོས་པོ་འདི་བུམ་པ་མ་ཡིན་ནོ།། ཞེས་པ་ལྟ་བུ་ཡིན་ལ། བུམ་པ་དང་དངོས་པོ་གཉིས་དགག་སྒྲུབ་གང་རུང་དུ་ཁྱབ་བྱེད་དང་ཁྱབ་བྱ་ཉིད་ཀྱི་བདག་གཅིག་འབྲེལ་ཡིན་ཞིང་། དོན་རྟོག་ལ་ཡང་དེ་ལྟར་ཡིན་ལ། བུམ་པ་དང་དངོས་པོ་གཉིས་ངོ་བོ་གཅིག་ཡིན་པ་གང་ཞིག བུམ་པ་དངོས་པོ་ཡིན་ཡང་། དངོས་པོ་བུམ་པ་མ་ཡིན་པའི་ཕྱིར་རོ།།སྤྱི་དང་བྱེ་བྲག་གི་རྣམ་གཞག་ཏུ་དེ་གཉིས་འཇོག་བྱེད་ཀྱི་ཚད་གཞི་ཞིག་གཏན་འཁེལ་བྱས་ཡོད་དེ། ཁྱོད་ཆོས་དེ་ཡིན།ཁྱོད་ཆོས་དེ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་ཞེས་བྱའོ།། དེ་བས་ཁྱབ་བྱེད་དང་ཁྱབ་བྱ་ཉིད་ཀྱི་བདག་གཅིག་འབྲེལ་ནི་ཅིག་ཤོས་ནས་ཡིན་པ་ཅན་གྱི་ངོ་བོ་གཅིག་ཡིན་ལ། ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་དང་བསྡུར་ན་འདི་ལྟར་ཡིན་ཏེ། གལ་ཏེ་བྱ་དངོས་བྱེ་བྲག་པaདང་bགཉིས་ལ་མཚོན་ན། aདེbལ་Rཡི་འབྲེལ་བ་ཡོད་ལ། bདེ་aལ་Rཡིའབྲེལ་བ་གཏན་མེད་པའི་སྐབས་སུ། འབྲེལ་བ་Rཡི་རིགས་འདི་ལ་﹙反对称关系﹚ཟེར་ཞིང་། འབྲེལ་བ་འདིའི་ཁྲོད་དུ། aRbགྲུབ་དང་bRaམི་འགྲུབ་པ་འདི་ལྟ་བུ་ཡིན། དེ་བས་བོད་ཀྱི་ཚད་མ་རིག་པའི་ཅིག་ཤོས་ནས་ཡིན་པ་ཅན་གྱི་ངོ་བོ་གཅིག་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་反对称关系གཉིས་ཆ་ཡོངས་སུ་མཚུངས་པའོ།།
          ﹙ཁ﹚མཚན་མཚོན་གྱི་བདག་གཅིག་འབྲེལ་ནི། དཔེར་ན།﹙1﹚ཤེས་བྱ་ཐམས་ཅད་བློའི་ཡུལ་དུ་བྱ་རུང་བ་ཡིན། ﹙2﹚ཀ་བ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པས་ཁྱབ།﹙3﹚བློའི་ཡུལ་དུ་བྱ་རུང་བ་མ་ཡིན་ན་ཤེས་བྱ་མ་ཡིན་པས་ཁྱབ། ﹙4﹚གདུང་འདེགས་ཀྱི་དོན་བྱེད་ནུས་པ་མ་ཡིན་ན་ཀ་བ་མ་ཡིན་པས་ཁྱབ། ཞེས་པ་ལྟ་བུ་ཡིན་ལ། མཚན་མཚོན་གྱི་འབྲེལ་བ་ལ་དགག་སྒྲུབ་བྱེད་པས་ན། མཚན་མཚོན་གྱི་འབྲེལ་བ་ཡིན་མིན་གང་རུང་དུ་ངེས་ཐག་གཅོད་པའོ།།མཚན་མཚོན་གྱི་འབྲེལ་བ་ཡིན་ན་ཡིན་ཁྱབ་མཉམ་ཡིན་པས་ཁྱབ། དེ་བས་མཚན་མཚོན་གྱི་འབྲེལ་བ་ནི་ཕན་ཚུན་ཡིན་པ་ཅན་གྱི་ངོ་བོ་གཅིག་ཡིན་ལ། འདིར་ཕྱི་ཚུལ་རིག་པའི་འབྲེལ་བ་དང་བསྡུར་ན་འདི་ལྟར་ཡིན་ཏེ། གལ་ཏེ་བྱ་དངོས་བྱེ་བྲག་པ་aདང་bགཉིས་ལ་མཚོན་ན། aདེbལ་Rཡི་འབྲེལ་བ་ཡོད་པའི་སྐབས་སུ། bདེ་aལ་ཡང་ངེས་པར་དུ་Rཡི་འབྲེལ་བ་ཡོད། འབྲེལ་བ་Rཡི་རིགས་འདི་ལ་对称关系ཟེར་ཞིང་།འབྲེལ་བ་འདིའི་ཁྲོད་དུ། aRbདང་bRaགཉིས་ཀ་གྲུབ་པས།ཚད་མ་རིག་པའི་ཕན་ཚུན་ཡིན་པ་ཅན་གྱི་ངོ་བོ་གཅིག་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་对称关系གཉིས་ཆ་ཡོངས་སུ་མཚུངས་པའོ།།
          ﹙ག﹚དངོས་པོ་དང་ངོ་བོ་ཉིད་ཀྱི་བདག་གཅིག་འབྲེལ་ནི། དཔེར་ན། ﹙1﹚བུམ་པ་དང་བུམ་པའི་མཆུ། ﹙2﹚བུམ་པ་དང་བུམ་པའི་སྟོང་ཉིད། ལྟ་བུ་ཡིན་ལ། བུམ་པ་བུམ་པའི་མཆུ་མིན། བུམ་པའི་མཆུ་ཡང་བུམ་པ་མིན། ཡང་བུམ་པ་བུམ་པའི་སྟོང་ཉིད་མིན་ལ། བུམ་པའི་སྟོང་ཉིད་ཀྱང་བུམ་པ་མིན་ལ་དེ་གཉིས་ཕན་ཚུན་ནས་མ་ཡིན་པ་ཅན་གྱི་ངོ་བོ་གཅིག་ཡིན་པའི་ཕྱིར་རོ།།ཡང་ངོ་བོ་གཅིག་ཏུ་འབྲེལ་བ་ནི། བུམ་པ་དང་ཤེས་བྱ་གཉིས་ལྟ་བུ་འབྲེལ་བ་ཅན་གྱི་ཆོས་གཅིག་ངོ་བོ་གཅིག་ཏུ་འདྲེས་པའི་དབང་གིས་ཅིག་ཤོས་ལོག་ན་ཅིག་ཤོས་ལྡོག་པར་འགྱུར་བའི་ཅིག་ཤོས་ལྡོག་བྱ་ཡིན་པའི་ཆ་དང་། ཅིག་ཤོས་ལྡོག་བྱེད་ཡིན་པའི་ཆ་དང་། དེ་གཉིས་ངོ་བོ་གཅིག་པའི་ལྡོག་བྱ་ལྡོག་བྱེད་ཡིན་པའི་དབང་གིས་ཁྱབ་བྱ་དང་ཁྱབ་བྱེད་ཡིན་པའི་ཆ་རྣམས་བསྡོམས་པ་དེ་ཡིན་ནོ།། དེ་ལ་ངོ་བོ་འདྲེས་པ་ནི་ཆོས་དེ་གཉིས་ཀྱི་རང་བཞིན་གཅིག་ཏུ་སོང་བ་ལ་གོ་བ་ཡིན་གྱི། ཆུ་དང་འོ་མ་འདྲེས་པ་ལྟ་བུ་ལ་གོ་བར་མི་བྱ་སྟེ། ཆུ་དང་འོ་མ་འདྲེས་པ་ནི་རྡུལ་རྫས་སྤེལ་ནས་གནས་ཡོད་ཀྱི་རང་བཞིན་གཅིག་ཏུ་སོང་བ་མ་ཡིན་པའི་ཕྱིར་རོ།། ངོ་བོ་གཅིག་པའི་ཆོས་རྣམས་ནི་རང་དང་ངོ་བོ་གཅིག་ཏུ་འབྲེལ་ཡུལ་དེ་རང་ཉིད་གྲུབ་པ་ན་ཡོད་ཙམ་ནས་དེའི་རང་ཆས་སུ་འབྲེལ་བ་གྲུབ་པ་ཡིན་གྱི་རྒྱུ་སོ་སོས་སོ་སོར་སྐྱེད་མི་དགོས་ཏེ། དཔེར་ན་བྱས་པ་དང་མི་རྟག་པ་གཉིས་ངོ་བོ་གཅིག་པའི་འབྲེལ་བ་ཡང་ཡིན། བྱས་པ་རང་ཉིད་ཡོད་ཙམ་ནས་འཇིག་པའམ་མི་རྟག་པ་དེ་རང་ཆས་སུ་འབྲེལ་བ་ཡིན་གྱི་བྱས་པའི་སྟེང་གི་འཇིག་པ་དེ་རྒྱུ་གཞན་ཞིག་གིས་བསྐྱེད་མི་དགོས། དེ་བཞིན་དུ་བྱས་པ་རང་གྲུབ་ཙམ་ནས་བྱས་པའི་སྟེང་གི་དངོས་པོ་དང་ཤེས་བྱ་དང་རྒྱུ་དང་འབྲས་བུ་ལ་སོགས་པ་བྱས་པ་དང་ངོ་བོ་གཅིག་པའི་འདུས་བྱས་ཀྱི་ཆ་ཐམས་ཅད་རང་ཆས་སུ་རྗེས་སུ་འབྲེལ་ཞིང་། བྱས་པ་སྐྱེད་བྱེད་ཀྱི་རྒྱུ་ནུས་པ་ཐོགས་མེད་དེས་བྱས་པའི་འཇིག་པ་དང་དངོས་པོ་སོགས་བསྐྱེད་པ་ཡིན་གྱི། བྱས་པའི་སྟེང་གི་འཇིག་པ་དེ་རྒྱུ་གཞན་དང་དངོས་པོ་སོགས་ཀྱི་རྒྱུ་གཞན་མེད་པའི་ཕྱིར་དང་། བྱས་པའི་ལྡོག་པ་དང་བྱས་པ་དང་གཅིག་དང་བྱས་པ་དང་ངོ་བོ་གཅིག་པའི་འདུས་མ་བྱས་ཀྱི་ཆ་རྟོག་བཏགས་ཐམས་ཅད་ཀྱང་བྱས་པ་སྐྱེད་བྱེད་ཀྱི་རྒྱུ་ལས་བྱུང་བ་མ་ཡིན་ཡང་བྱས་པ་རང་ཉིད་གྲུབ་ཙམ་ནས་རང་ལ་རང་ཆས་སུ་རྗེས་སུ་འབྲེལ་བ་ཡིན་པའི་ཕྱིར་དང་། བྱས་པ་ཇི་ལྟ་བ་བཞིན་དུ་བུམ་པ་དང་ནམ་མཁའ་དང་ཤེས་བྱ་ལ་སོགས་པའི་ཆོས་ཐམས་ཅད་དང་ངོ་བོ་གཅིག་པ་ཐམས་ཅད་ཆོས་དེ་གྲུབ་པ་ན་རང་ཆས་སུ་རྗེས་སུ་མངོན་པར་འབྲེལ་བ་ཡིན་པའི་ཕྱིར་རོ།།དེ་བས་དངོས་པོ་དང་ངོ་བོ་ཉིད་ཀྱི་བདག་གཅིག་འབྲེལ་ནི་ཕན་ཚུན་ནས་མ་ཡིན་པ་ཅན་གྱི་ངོ་བོ་གཅིག་ཡིན་ལ། འདི་ཕྱི་ཚུལ་གཏན་ཚིགས་རིག་པའི་འབྲེལ་བ་དང་བསྡུར་ན་འདི་ལྟར་ཡིན་ཏེ། བྱ་དངོས་བྱེ་བྲག་པaདངbགཉིས་ངོ་བོ་གཅིག་པའི་འབྲེལ་བ་Rགྲུབ་པའི་སྐབས་སུ། bདེaའབྲེལ་བ་Rཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ང་ཚོས་འབྲེལ་བRཡི་རིགས་འདི་ལ་非对称关系ཟེར་ཞིང་།ཚད་མ་རིག་པའི་ཕན་ཚུན་ནས་མ་ཡིན་པ་ཅན་གྱི་ངོ་བོ་གཅིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་非对称关系གཉིས་ཆ་ཡོངས་སུ་མཚུངས་པའོ།།
          2.དེ་བྱུང་འབྲེལ་གྱི་དོན་རྟོག འདིར་བརྗོད་པའི་དེ་བྱུང་འབྲེལ་ཡང་བསྡུས་གྲྭའི་གཞུང་གི་འགལ་འབྲེལ་གྱི་རྣམ་གཞག་ལས་འཕྲོས་པའི་འབྲེལ་བ་དང་མཐུན་ཞིང་། སྤྱིར་འབྲེལ་བ་ལ་དབྱེ་ན་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་ལས་ཕུང་གསུམ་པ་མེད་ལ། བདག་གཅིག་འབྲེལ་མ་ཡིན་པའི་འབྲེལ་བ་ཡིན་ན་ནི་དེ་བྱུང་འབྲེལ་ཡིན་པས་ཁྱབ་བོ།།དེ་ཡང་བདག་གཅིག་འབྲེལ་ལ་ནང་གསེས་ཀྱི་ངོ་བོའི་དབྱེ་བ་གསུམ་དུ་དབྱེ་བ་བཞིན། དེ་བྱུང་འབྲེལ་ལའང་ནང་གསེས་སུ་དབྱེ་ན། ལྟོས་བཅས་ཀྱི་འབྲེལ་བ་དང་ལྟོས་མེད་ཀྱི་འབྲེལ་བ་གཉིས་ཡོད་ལ། དེ་ཡང་དེ་བྱུང་འབྲེལ་ནི་མཚན་ཉིད་དུ་རྫས་ཐ་དད་པ་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ། ཞེས་བཀོད་པ་བཞིན་རྒྱུ་འབྲས་ཀྱི་འབྲེལ་བ་ཁོ་ནར་བྱེད་པ་མ་ཡིན་པར། བདག་གཅིག་འབྲེལ་མ་ཡིན་པ་ཐམས་ཅད་དེ་བྱུང་འབྲེལ་གྱི་འབྲེལ་བ་ལ་འདུས་པ་ཡིན་ཞིང་། དེ་བྱུང་འབྲེལ་ལའང་ཆོས་ཉིད་ངེས་གཏན་ཞིག་ཡོད་དེ། རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་བྱུང་བའི་འབྲེལ་བ་ཞིག་ཡིན།འབྲེལ་བའི་ཆོས་གཉིས་ཕན་ཚུན་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འབྲེལ་བར་གྲུབ་པ་དང་། འབྲེལ་བའི་ཆོས་གཉིས་ཕན་ཚུན་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འབྲེལ་བ་མ་ཡིན་ཀྱང་།  རྒྱུ་རྐྱེན་གཞན་ལ་བརྟེན་ནས་འབྲེལ་བར་གྲུབ་པ་གཉིས་ཡོད་ལ། དེ་གཉིས་ཀ་ཡང་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་འབྲེལ་བ་ཡིན་པ་ནི་ཐུན་མོང་གི་ཆོས་ཉིད་ཡིན་པ་དེ་ལ། དེ་བྱུང་འབྲེལ་ཞེས་བརྗོད་པ་ཡིན། དེའི་ཕྱིར་དེ་བྱུང་འབྲེལ་ལ་ནང་གསེས་ཀྱི་དབྱེ་བར་ལྟོས་བཅས་ཀྱི་འབྲེལ་བ་དང་ལྟོས་མེད་ཀྱི་འབྲེལ་བ་གཉིས་སུ་དབྱེ་བ་ཡིན་ལ། དེ་དག་ཐམས་ཅད་དོན་རྟོག་གི་ཡུལ་ཡིན་པས། དེ་བྱུང་འབྲེལ་གྱི་དོན་རྟོག་ཅེས་བརྗོད་པའོ།།
          ﹙ཀ﹚ལྟོས་བཅས་ཀྱི་འབྲེལ་བའི་དོན་རྟོག འབྲེལ་ཆོས་གཉིས་ཕན་ཚུན་ལྟོས་ས་ལྟོས་འཇོག་གི་ཚུལ་དུ་གྲུབ་པ་ལ།དགག་སྒྲུབ་གང་རུང་གི་དོན་རྟོག་ཡིན་ཀྱང་ལྟོས་བཅས་ཀྱི་འབྲེལ་བའི་དོན་རྟོག་ཡིན་ལ། དོན་རྟོག་གི་ཡུལ་གྱི་ཆ་ནས་བྱེད་པ་ཡིན། ལྟོས་བཅས་ཀྱི་འབྲེལ་བ་གྲུབ་ཚུལ་ནི་འབྲེལ་ཆོས་གཉིས་ཕན་ཚུན་ལྟོས་ས་ལྟོས་འཇོག་གི་སྒོ་ནས་ཐ་དད་པ་ཅིག་ཤོས་ཡོད་ན་ཅིག་ཤོས་ཡོད་པ་དང་། ཅིག་ཤོས་མེད་ན་ཅིག་ཤོས་ཀྱང་མེད་པ་ཞིག་ཡིན། དཔེར་ན། མེ་དང་དུ་བ་གཉིས་དང་། རྫ་བུམ་དང་རྫ་བུམ་གྱི་རྒྱུར་གྱུར་བའི་འཇིམ་པ་གཉིས་ལྟ་བུ་རྣམས་ལྟོས་བཅས་ཀྱི་འབྲེལ་བ་ཡིན་ཞིང་།འབྲེལ་ཆོས་གཉིས་ཅིག་ཤོས་དེ་ཅིག་ཤོས་ལ་རག་ལས་པར་མ་ཟད་ཅིག་ཤོས་མེད་ན་ཅིག་ཤོས་ཡོད་མི་སྲིད། མེ་དུ་གཉིས་རྫས་ཐ་དད་གང་ཞིག མེ་ལོག་ན་དུ་བ་ལྡོག་པར་ངེས་པ་ཅན་གྱི་ཆོས་ཡིན་པའི་ཕྱིར། དེར་ཐལ་རྒྱུ་ལོག་ན་འབྲས་བུ་ལོག་པ་གང་ཞིག དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་ཡིན་པའི་ཕྱིར། རྒྱུ་དང་འབྲས་བུ་ཞེས་པ་ལྟ་བུ་རྣམས་ལྟོས་བཅས་ཀྱི་འབྲེལ་བ་ཡིན་ཞིང་། འབྲེལ་ཆོས་གཉིས་ཅིག་ཤོས་དེ་ཅིག་ཤོས་ལ་རག་ལས་པར་མ་ཟད་ཅིག་ཤོས་མེད་ན་ཅིག་ཤོས་ཡོད་མི་སྲིད། རྟག་པ་དང་མི་རྟག་པ་གཉིས་འགལ་བ་ཡིན་ལ་འབྲེལ་བའང་ཡིན་ཏེ། འགལ་བ་ནི་འབྲེལ་བའི་བྱེ་བྲག་ཡིན་པའི་ཕྱིར། དེ་ཡང་འབྲེལ་བ་ཐམས་ཅད་ལ་འབྲེལ་བྱེད་ཀྱི་རྐྱེན་ངེས་ཅན་ཞིག་ཡོད་དེ། རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ན་སྐྱེད་བྱེད་དང་བསྐྱེད་བྱ་གཉིས་སུ་འགྱུར་བའི་རྐྱེན་ལ་བརྟེན་ནས་འབྲེལ་བར་གྲུབ་པ་དང་། དགེ་རྒན་དང་སློབ་མ་གཉིས་ལ་མཚོན་ན། འཆད་ཉན་ལ་སོགས་ཀྱི་ལས་ཀ་ལ་བརྟེན་ནས་དགེ་སློབ་ཀྱི་འབྲེལ་བ་གྲུབ་པ་ལྟ་བུ་ཡིན། དེས་ན་འབྲེལ་བ་ཐམས་ཅད་ལ་འབྲེལ་ཆོས་གཉིས་དང་འབྲེལ་བྱེད་ཀྱི་རྐྱེན་དང་ལྡན་དགོས་པ་ཞིག་གོ། ཡང་དཔེར་ན། གླང་ཆེན་བོང་བུ་ལས་ཆེ། སྲོང་བཙན་སློབ་དཔོན་པད་མ་ལས་འཁྲུངས་སྔ། ཞེས་པ་ལྟ་བུ་དེ་ཡང་ལྟོས་བཅས་ཀྱི་འབྲེལ་བ་ཡིན་ཏེ། ཆེ་ཆུང་དང་། སྔ་ཕྱི་དག་ལྟོས་ས་ལྟོས་འཇོག་གི་སྒོ་ནས་བྱེད་པའི་ཕྱིར་རོ། འོན་ཀྱང་སྲོང་བཙན་པད་འབྱུང་སོགས་ལྟོས་བཅས་མ་ཡིན་པར་ཤེས་དགོས།
          ﹙ཁ﹚ལྟོས་མེད་ཀྱི་འབྲེལ་བའི་དོན་རྟོག འབྲེལ་ཆོས་གཉིས་ལྟོས་ས་ལྟོས་འཇོག་གི་སྒོ་ནས་འབྲེལ་བ་གྲུབ་པ་མ་ཡིན་པར་རྐྱེན་གཞན་ལ་བརྟེན་ཏེ་བྱུང་བའི་འབྲེལ་བ་དེ་ཐག་གཅོད་པས་ན། ལྟོས་མེད་ཀྱི་འབྲེལ་བའི་དོན་རྟོག་ཡིན།
          ལྟོས་མེད་ཀྱི་འབྲེལ་བ་ནི་འབྲེལ་ཆོས་གཉིས་གནས་སྐབས་ཀྱི་ཆ་རྐྱེན་ཞིག་ལས་བྱུང་བའི་འབྲེལ་བ་ཡིན་གྱི།འབྲེལ་ཆོས་གཉིས་ཕན་ཚུན་ལྟོས་པའི་སྒོ་ནས་འབྲེལ་བ་གྲུབ་པ་མ་ཡིན་ཏེ། དཔེར་ན། དུ་ལྡན་ལ་ལ་མེ་ཡོད་པར་ཐག་གཅོད་པ་ལ། དུ་ལྡན་ལ་ལ་དང་མེ་གཉིས་ལྟོས་པའི་སྒོ་ནས་བཞག་པ་མ་ཡིན་པར་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་ལ། མེ་གནས་པའི་ཡུལ་ཡིན་པའི་རྒྱུ་མཚན་གྱིས་འབྲེལ་བ་གྲུབ་པ་ཡིན། ཡང་དཔེར་ན། མཚན་མོའི་རྒྱ་མཚོ་ལ་དུ་བ་མེད་པར་ཐག་གཅོད་པ་དང་གོང་གི་དཔེ་གཉིས་གཅིག་ཡིན་ཏེ། རྒྱ་མཚོ་དང་དུ་བ་གཉིས་ནང་ཁུལ་གྱི་འབྲེལ་བ་མེད་ཀྱང་གནས་སྐབས་ཀྱི་རྐྱེན་ཞིག་སྟེ། རྟེན་དང་བརྟེན་པའི་འབྲེལ་བ་མ་བྱུང་བའི་རྐྱེན་གྱིས་ཡིན། བདག་གི་དཔེ་ཆ་ཡིན་པར་ཐག་གཅོད་པ་དེ་ལྟ་བུ་ཡིན་ན། བདག་དང་ཡུལ་གཉིས་ཀྱི་འབྲེལ་བ་ཡིན་ཡང་ལྟོས་མེད་ཀྱི་འབྲེལ་བ་ཡང་ཡིན། དེ་ལྟར་ལྟོས་མེད་ཀྱི་འབྲེལ་བ་ལ་ཆོས་ཉིད་གང་ཡོད་ཅེ་ན། རྐྱེན་ངེས་ཅན་ཞིག་ལྡན་པའི་དབང་གིས། འབྲེལ་ཆོས་གཉིས་འབྲེལ་བར་གྲུབ་པ་དང་། འབྲེལ་ཆོས་གཉིས་ཅིག་ཤོས་མེད་ཀྱང་ཅིག་ཤོས་མེད་མི་དགོས་པར་གཞན་དང་ཡང་འབྲེལ་བ་གྲུབ་པ་ཞིག་ཡིན།
          སྒྲུབ་ངག་གི་ཡན་ལག་སྐབས་སུ་ལྟོས་མེད་ཀྱི་འབྲེལ་བའི་དོན་རྟོག་དེ། དཔེར་ན། དངོས་པོ་ཐམས་ཅད་བྱས་པ་ཡིན། བུམ་པ་མི་རྟག་པ་ཡིན། ཞེས་པ་ལྟ་བུ་ཡིན་ལ། དེ་དག་ལྟོས་མེད་ཀྱི་འབྲེལ་བ་ཡིན་ཡང་བདག་གཅིག་འབྲེལ་ཡང་ཡིན་ཏེ། དེ་གཉིས་ཀ་འགལ་བ་མ་ཡིན་ཏེ། བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་ལ་ལྟོས་བཅས་ལྟོས་མེད་ཀྱི་འབྲེལ་བ་དག་ཡོད་པའི་ཕྱིར་ཡིན། ཡང་དཔེར་ན།ས་ཐོག་ཏུ་རྩི་ཤིང་སྐྱེས་པ། ཟླ་བའི་གོ་ལ་ལ་སྲོག་ཆགས་མེད། ཆུ་ཡོད་པའི་ཕྱོགས་སུ་སྲོག་ཆགས་ཡོད་པ། ཞེས་པ་ལྟ་བུ་དེ་ལྟོས་མེད་ཀྱི་འབྲེལ་བའི་དོན་རྟོག་ཡིན་ལ། རྐྱེན་ངེས་ཅན་ཞིག་ལས་བྱུང་བའི་འབྲེལ་བ་ཡིན་པས་སོ། མདོར་ན། ལྟོས་བཅས་ལྟོས་མེད་ཀྱི་འབྲེལ་བ་རྣམ་གཉིས་སུ་དབྱེ་བ་ནི།གཞི་ཆོས་རང་གི་འབྲེལ་བའི་སྒོ་ནས་དབྱེ་བ་ཡིན་ཞིང་། དེ་ཡང་དོན་རྟོག་གི་ཡུལ་དུ་གྱུར་པས། འབྲེལ་བའི་དོན་རྟོག་ཞེས་བརྗོད། བདག་གཅིག་འབྲེལ་ལ་ལྟོས་བཅས་ལྟོས་མེད་ཀྱི་འབྲེལ་བ་གཉིས་སུ་དབྱེ་ཆོག་པ་དང་། དེ་བྱུང་འབྲེལ་ལ་ཡང་ལྟོས་བཅས་ལྟོས་མེད་ཀྱི་འབྲེལ་བ་གཉིས་སུ་དབྱེ་ཆོག་པས། ཕྱི་ཚུལ་གཏན་ཚིགས་རིག་པའི་ལྷན་འདུས་དོན་རྟོག་﹙联言判断﹚ བདམས་ཚིག་དོན་རྟོག་﹙选言判断﹚ རྟོག་བཏགས་དོན་རྟོག་﹙假言判断﹚ ལྡོག་པའི་དོན་རྟོག་﹙负判断﹚རེ་རེ་ཡང་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གྱི་ལྟོས་བཅས་ལྟོས་མེད་ཀྱི་དོན་རྟོག་རེ་རེ་ལས་མ་འདས་ཏེ། ﹙1﹚ལྷན་འདུས་དོན་རྟོག﹙联言判断﹚ དཔེར་ན། རྟག་པ་ཆོས་ཅན། ཆོས་ཡིན་པ་གང་ཞིག སྐད་ཅིག་མ་མ་ཡིན་པ་ཡང་ཡིན་པའི་ཕྱིར། ﹙ཚད་མ་རིག་པའི་དཔེ﹚ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་བྱེད་དགོས་པ་མ་ཟད། ད་དུང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་ཡང་འཛུགས་སྐྲུན་བྱེད་དགོས།a﹙ཕྱི་ཚུལ་གཏན་ཚིགས་རིག་པའི་དཔེ﹚ ﹙2﹚བདམས་ཚིག་དོན་རྟོག﹙选言判断﹚ དཔེར་ན། བུམ་པ་ཆོས་ཅན། རྟག་དངོས་གང་རུང་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།﹙ཚད་མ་རིག་པའི་དཔེ﹚མི་ངེས་པར་འཆི་སྲིད་ལ། ལ་ལ་རི་རྒྱལ་ལྷུན་པོ་ལས་ལྕིད། ལ་ལ་ཁྲུང་ཁྲུང་བྱ་སྤུ་ལས་ཡང་། ﹙ཕྱི་ཚུལ་གཏན་ཚིགས་རིག་པའི་དཔེ﹚ ﹙3﹚རྟོག་བཏགས་དོན་རྟོག﹙假言判断﹚བྱས་པ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ།﹙ཚད་མ་རིག་པའི་དཔེ﹚ གལ་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་ཞུ་སྒྲུབ་ན། ད་གཟོད་མི་དམངས་ཀྱི་གུས་པ་ཐོབ། ﹙ཕྱི་ཚུལ་གཏན་ཚིགས་རིག་པའི་དཔེ﹚ ﹙4﹚ལྡོག་པའི་དོན་རྟོག﹙负判断﹚ ཚད་མ་རིག་པའི་ཁྲོད་ཀྱི་ཡོད་རྟོགས་མེད་རྟོགས་དང་ཡིན་ལོག་མིན་ལོག་གི་རྣམ་གཞག་ནི་ལྡོག་པའི་པའི་དོན་རྟོག་﹙负判断﹚དང་ཤིན་ཏུ་ཉེ་སྟེ། དཔེར་ན། ཡོད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་མེད། བུམ་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། བུམ་པ་མ་ཡིན་པའི་ཕྱིར། དངོས་པོ་མ་ཡིན་པའི་བྱས་པ་མེད། ཞེས་པ་ལྟ་བུ་ཚད་མ་རིག་པའི་དཔེ། སྲོག་ཆགས་ཐམས་ཅད་ཀྱི་ཁྲག་ནི་དམར་པོ་མ་ཡིན་པ་ཞིག་མེད་ཕྱི་ཚུལ་གཏན་ཚིགས་རིག་པའི་དཔེ།
          གཉིས། དགག་པ་དང་སྒྲུབ་པ།
          དང་པོ། སྒྲུབ་པ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་པར་བྱ་བ་མ་ཡིན་པའི་ཆོས་དེ་སྒྲུབ་པའི་མཚན་ཉིད། དཔེར་ན། གཞི་བུམ་པ་ལྟ་བུ་དེ་བློས་རྟག་པ་ཡིན་པར་རྣམ་པར་བཅད་པའམ་རྟག་པ་མ་ཡིན་པར་ངེས་པའི་སྟོབས་ཀྱིས། དེ་མི་རྟག་པ་ཡིན་པ་ཚུར་ཡོངས་སུ་གཅོད་པའམ་སྒྲུབ་པ་སྟེ། “བུམ་པ་དངོས་པོ་ཡིན་པར་སྒྲུབ་པ་”ལྟ་བུའོ།། ཡོངས་གཅོད་ཡིན་ན་གཞི་དེ་ཆོས་དེ་ཡིན་པར་སྒྲུབ་པ་དང་། ཡང་ན་གཞི་དེ་ཆོས་དེ་ཡིན་པར་ཐག་གཅོད་པ་ཡིན་པས་ཡོངས་གཅོད་སྒྲུབ་པ་ཡིན། དེ་བས་སྐབས་འདིར་ཡོངས་གཅོད་དང་སྒྲུབ་པ་གཉིས་གྲུབ་འབྲས་གཅིག་པར་བརྗོད་ཅིང་། ཁྱད་པར་གསལ་བའི་ཆེད་དུ་ཡོངས་གཅོད་ལ་ཡོངས་འདུས་སྒྲུབ་པའི་དོན་རྟོག(全称肯定判断) ཆ་འདུས་སྒྲུབ་པའི་དོན་རྟོག(特称肯定判断)རྐྱང་འདུས་སྒྲུབ་པའི་དོན་རྟོག(单称肯定判断)བཅས་གསུམ་དུ་དབྱེ་ཆོག
          (གཅིག)ཡོངས་འདུས་སྒྲུབ་པའི་དོན་རྟོག་ནི། དཔེར་ན།
          (ཀ)རྟག་པ་ཡིན་ན་ཤེས་བྱ་ཡིན་པས་ཁྱབ།
          (ཁ)དངོས་པོ་ཐམས་ཅད་བྱས་པ་ཡིན།
          (ག)སློབ་ཆེན་སློབ་མ་ཡོད་ཚད་སློབ་མ་ཡིན།
          (ང)བྱས་པ་དང་དངོས་པོ་གཉིས་ཡིན་ཁྱབ་མཉམ་ཡིན།
          ཞེས་པ་ལྟ་བུ་ཡིན་ལ། དཔེར་བརྗོད་(ཀ)(ཁ)(ག)གསུམ་གྱི་བརྗོད་ཚུལ་ལ་བལྟས་ན། གཞི་དང་ཆོས་གཉིས་ཁྱབ་བྱེད་དང་ཁྱབ་བྱ་གཉིས་ཀྱི་འབྲེལ་བ་ཡིན་ལ། དཔེར་བརྗོད་ (ང)ཡི་དངོས་སུ་ཡིན་ཁྱབ་མཉམ་ཡིན་པར་བརྗོད་པས་ཁྱབ་འབྲེལ་ཡང་ཡིན་ཁྱབ་མཉམ་ཡིན། དེ་དག་གི་ཁྱབ་འབྲེལ་དཔེ་རིས་སུ་བཀོད་ན་འདི་ལྟ་སྟེ།
 
          དེ་བས་ཡོངས་འདུས་སྒྲུབ་པའི་དོན་རྟོག་ལ་ཁྱབ་འབྲེལ་གྲུབ་པའི་ཚུལ་གཉིས་ཡོད་དེ། ཡིན་ཁྱབ་མཉམ་གྱི་ཁྱབ་འབྲེལ་དང་། ཁྱབ་བྱ་དང་ཁྱབ་བྱེད་གཉིས་ཀྱི་ཁྱབ་འབྲེལ་བཅས་ཡིན།
          (གཉིས)ཆ་འདུས་སྒྲུབ་པའི་དོན་རྟོག་ནི། ཤེས་པ་ཁ་ཤས་བྱས་པ་ཡིན། མི་ཁ་ཅིག་བོད་རིགས་ཡིན། རྒྱལ་ཁབ་ལ་ལ་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཡིན།
          (1)ཐུན་མོང་གི་ཆ་འདུས་སྒྲུབ་པའི་དོན་རྟོག་ནི། གཞི་དང་ཆོས་གཉིས་ལ་ཐུན་མོང་གི་ཆ་ཡོད་པར་སྒྲུབ་པའི་དོན་རྟོག་ཡིན་ཏེ། དཔེར་ན། མི་ཁ་ཅིག་བོད་རིགས་ཡིན། ཞེས་པ་ལ་ཆ་མཚོན་ན། མི་ཡིན་ལ་བོད་རིགས་ཀྱང་ཡིན་པའི་ཆའམ་མུ་ཡོད་པ་ལྟ་བུ་ཡིན་ལ། ཁྱབ་འབྲེལ་གྲུབ་པའི་ཚུལ་དཔེ་རིས་འདི་ལྟར་ཡིན།
 
          (2)ཁྱབ་བྱ་སྒྲུབ་པའི་དོན་རྟོག ཁྱབ་བྱེད་གང་ལས་ཁྱབ་བྱ་གང་ཞིག་ཡིན་པར་སྒྲུབ་པའི་དོན་རྟོག་ཡིན། དཔེར་ན། ཤེས་བྱ་ཁ་ཤས་བྱས་པ་ཡིན། ཞེས་པ་ལྟ་བུ་ཡིན་ལ། ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར་ཡིན།
 
          (3)ཁྱབ་བྱ་ལས་ཆ་ཤས་སྒྲུབ་པའི་དོན་རྟོག་ནི། ཁྱབ་བྱ་གང་ལས་ཆ་ཤས་གང་ཞིག་ཡིན་པར་སྒྲུབ་པའི་དོན་རྟོག་ཞིག་ཡིན། དཔེར་ན། ཤེས་བྱ་ལས་དངོས་པོ་ཁ་ཤས་ལྡན་མིན་འདུ་བྱེད་ཡིན། ཞེས་པ་ལྟ་བུ་ཡིན་ལ། ཁྱབ་འབྲེལ་དཔེ་རིས་འདི་ལྟར་ཡིན།
 
          (4)ཁྱབ་མཉམ་ལས་ཆ་ཤས་སྒྲུབ་པའི་དོན་རྟོག་ནི།ཡིན་ཁྱབ་མཉམ་ལས་ཆ་ཤས་གང་ཞིག་ཡིན་པར་སྒྲུབ་པའི་དོན་རྟོག་ཞིག་ཡིན། དཔེར་ན། དངོས་པོ་དང་བྱས་པ་ལས་ཆ་ཤས་ཤིག་རྩོལ་བྱུང་མིན། ཞེས་པ་ལྟ་བུ་ལགས་ཤིང་། ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར་ཡིན།
 
          (གསུམ)རྐྱང་འདུས་སྒྲུབ་པའི་དོན་རྟོག་ནི། ཁྱད་པར་ཅན་གྱི་བྱ་དངོས་དེ་ཁོ་ན་ལ་ལྡན་པར་སྒྲུབ་པའི་དོན་རྟོག་ཞིག་ཡིན། དཔེར་ན། ཤེས་བྱ་ཁོ་ན་ཡོད་པ་ཡིན། དངོས་པོ་ལས་གསལ་ཞིང་རིག་པ་ཁོ་ན་ཤེས་པ་ཡིན། རྗེ་རིན་པོ་ཆེ་ནི་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་ཡིན། པེ་ཅིན་གྲོང་ཁྱེར་ནི་རང་རྒྱལ་གྱི་རྒྱལ་ས་ཡིན། ཞེས་པ་ལྟ་བུ་ལགས་ཤིང་། ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར་ཡིན། 
 
          གཉིས་པ། དགག་པ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་དེ་དགག་པའི་མཚན་ཉིད། དཔེར་ན། གཞི་བུམ་པ་ལྟ་བུ་དེ་བློས་དངོས་སུ་མི་རྟག་པ་ཡིན་པར་རྟོགས་པས་ན། བློ་དེའི་ངོར་རྟག་པ་ཡིན་པའི་སྒྲོ་འདོགས་རྣམ་པར་བཅད་པ་ལྟ་བུའོ།། ཞེས་པ་ལ་དཔྱད་ན། རྣམ་གཅོད་ཡིན་ན། གཞི་དེ་ཆོས་དེ་ཡིན་པར་བཀག་ནས་མ་ཡིན་པར་འཛིན་པ་དང་། དངོས་སུ་བཀག་པས་དངོས་སུ་གཞི་དེ་ཆོས་དེ་མ་ཡིན་པར་ཐག་གཅོད་པ་ཡིན་པས་རྣམ་གཅོད་ནི་དགག་པ་ཡིན། ཚད་མའི་གཞུང་དུ་གསུངས་བ་བཞིན། རྣམ་གཅོད་ནི་མུན་པ་བསལ་བ་དང་ཡོངས་གཅོད་ནི་གཟུགས་མཐོང་བ་བཞིན་ཞེས་པ་ལྟར། སྐབས་འདིར་རྣམ་གཅོད་དང་དགག་པ་གཉིས་གྲུབ་འབྲས་གཅིག་པར་བརྗོད་ཅིང་། དེ་ཡང་རྣམ་གཅོད་ལ་ངོ་བོའི་སྒོ་ནས་དབྱེ་ན། མེད་དགག་གཉིས་ཡོད་ལ། ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་《རྟེན་འབྲེལ་མདོ་འགྲེལ་》ལས། “སྡུད་པའི་ཚིགས་སུ་བཅད་པ་ནི།། ཡོད་པ་དག་ནི་འགོག་པ་དང་།། གཞན་པ་ཉིད་དང་འདྲ་བ་དང་།། སྨད་དང་ཉུང་དང་བྲལ་དོན་དང་།།གཉན་པོ་དག་ལ་འདི་ཡོད་དོ།།”⒀ཞེས་གསུངས་པ་ལྟར་དགག་པ་ལ་བདུན་དུ་དབྱེ་བ་དང་། པནྜིཏ་སརྦ་ཝརྨས་མཛད་པའི་《ལྡོག་པ་བསྡུས་པ་》ལས། “མེད་དང་གཞན་དང་འདྲ་བ་དང་།། དམན་དང་ཞུམ་དང་ཞན་པ་དང་།། ཕྲ་དང་ཉུང་དང་མྱུར་བ་དང་།། ཆུང་དང་ལྷག་མ་མེད་པ་དང་།། འགའ་ལས་མཐའ་དག་མ་ཡིན་དང་།།མི་མཐུན་གཉེན་པོ་བྲལ་བ་ཡི།། རྣམ་གྲངས་བཅོ་ལྔར་བཤད་པ་ཡིན།།⒁” ཞེས་དགག་སྒྲ་བཅོ་ལྔར་གསུངས་ཡོད་ཅིང་། མཚན་གཞི་དང་བཅས་བར་གསལ་བོར་གསུངས་ཡོད། འདི་དག་ནི་རང་གི་དངོས་མིང་ལ་དགག་སྒྲ་སྦྱར་དགོས་པའི་དབང་དུ་བྱས་པ་ཡིན། སྤྱིར་ནས་བོད་ཀྱི་ཚད་མ་རིག་པའི་གཞུང་དུ་མ་ཡིན་དགག་དང་མེད་དགག་གང་རུང་ཡིན་ན་རང་གི་དངོས་མིང་ལ་དགག་སྒྲ་སྦྱར་དགོས་པས་མ་ཁྱབ་སྟེ། བུམ་པའི་དོན་སྤྱི་དང་། ཆོས་ཉིད། ནམ་མཁའ། ཡོད་པ་ལྟ་བུ་དེ་དེ་ཡིན་པའི་ཕྱིར། དེ་ཡང《ཕྱི་ཚུལ་གཏན་ཚིགས་རིག་པ》ར་དགག་པའི་དོན་རྟོག﹙否定判断﹚ གི་བརྗོད་པ་ཡིན་ན། དགག་སྒྲ་སྦྱར་དགོས་པའི་ཁྱབ་པ་ཡོད། དེའི་ཕྱིར་བོད་ཀྱི་ཚད་མ་རིག་པ་དང་ཕྱི་ཚུལ་གཏན་ཚིགས་རིག་པ་གཉིས་ཀྱི་དགག་པའི་དོན་རྟོག﹙否定判断﹚གི་མི་འདྲ་ས་གཙོ་བོ་ནི། དགག་སྒྲ་སྦྱར་དགོས་པའི་ཁྱབ་པ་ཡོད་མེད་དེ་ཡིན་ལ། སྒྲུབ་ངག་ཡན་ལག་གི་དབང་དུ་བྱས་ན་སྤྱིར་བཏང་གི་འདྲེས་འདུས་དོན་རྟོག﹙复合判断﹚སྟེ། ལྷན་འདུས་དོན་རྟོག་﹙联言判断﹚དང་། བདམས་ཚིག་དོན་རྟོག﹙选言判断﹚ རྟོག་བཏགས་དོན་རྟོག﹙假言判断﹚བཅས་ནི་སྒྲུབ་ངག་ཡན་ལག་གཉིས་དང་གཉིས་ཡན་ཆད་ཀྱིས་བརྗོད་པ་ཤ་སྟག་ཡིན་ལ། ལྡོག་པའི་དོན་རྟོག﹙负判断﹚ནི་དེ་ལྟ་མ་ཡིན་པར་སྒྲུབ་ངག་ཡན་ལག་རེས་དོན་རྟོག་གི་བརྗོད་པ་རེ་རྫོགས་པར་སྟོན་པ་ཡིན། དོན་རྟོག་གང་རུང་གི་ཡན་ལག་རེ་ཡང་དག་དང་ལྟར་སྣང་ཡིན་པ་གང་རུང་ལ་དགག་ཚིག་སྦྱར་ཚེ། དོན་རྟོག་དེ་ཉིད་ཀྱི་བདེན་རྫུན་ལ་ཐག་ཆོད་བྱེད་ཐུབ་པ་ཡིན། གལ་ཏེ་ཡང་དག་པའི་དོན་རྟོག་གཅིག་གི་དགག་པའི་དོན་རྟོག་ནི་ལྟར་སྣང་ཡིན་དུས། ལྟར་སྣང་གི་དོན་རྟོག་དེའི་དགག་པའི་དོན་རྟོག་ནི་ཡང་དག་ཡིན། དེ་གཉིས་ལྷན་གཅིག་ཏུ་ཡང་དག་ཏུ་གྲུབ་མི་སྲིད་ལ་ལྟར་སྣང་དུའང་གྲུབ་མི་སྲིད་དེ། ནམ་ཡང་ཕན་ཚུན་སྤངས་འགལ་ཡིན་དགོས། དེ་གཉིས་ཀྱི་འབྲེལ་བ་རེའུ་མིག་ཏུ་བཀོད་ན།
 
          ཆོས་ཅན་དགག་པའི་ཚད་གྲངས་ཀྱི་སྒོ་ནས་དབྱེ་ན།ཡོངས་འདུས་དགག་པའི་དོན་རྟོག(全称否定判断) ཆ་འདུས་དགག་པའི་དོན་རྟོག(特称否定判断) རྐྱང་འདུས་དགག་པའི་དོན་རྟོག(单称否定判断) བཅས་གསུམ་ཡོད།
(གཅིག)ཡོངས་འདུས་དགག་པའི་དོན་རྟོག དཔེར་ན། (ཀ)དངོས་པོ་ཡོད་ཚད་རྟག་པ་མིན། (ཁ)གཟུགས་ཡིན་ན་ཤེས་བ་མ་ཡིན་པས་ཁྱབ། ཞེས་པ་ལྟ་བུའི་དགག་བྱ་རིམ་བཞིན་རྟག་པ་དང་ཤེས་པ་ཡིན་ལ། དངོས་པོ་དང་རྟག་པ།གཟུགས་དང་ཤེས་བ་གཉིས་བཅས་ཁྱབ་པ་མེད་པར་མ་ཟད་ཕན་ཚུན་འགལ་བས། ཁྱབ་འབྲེལ་ནི་གཞི་ཆོས་གཉིས་ལ་འགལ་བའི་སྒོ་ནས་གྲུབ་ཡོད་དེ། དངོས་པོ་ཡིན་ན་རྟག་པ་མ་ཡིན་པས་ཁྱབ་པ་དང་རྟག་པ་ཡིན་ན་དངོས་པོ་མ་ཡིན་པས་ཁྱབ། དེའི་ཕྱིར་ཡོངས་འདུས་དོན་རྟོག་གི་གཞི་ཆོས་གཉིས་ལ་ཁྱབ་འབྲེལ་གྲུབ་ཡོད། ཡོངས་འདུས་དགག་པའི་དོན་རྟོག་གི་ཁྱབ་འབྲེལ་གྲུབ་ཚུལ་ནི། གཞི་དང་དགག་བྱ་(ཆོས)གཉིས་ཕན་ཚུན་འགལ་བའི་སྒོ་ནས་ཁྱབ་འབྲེལ་གྲུབ་དགོས་ཤིང་། དེ་ལ་གྲུབ་ཚུལ་གཅིག་ལས་མེད་ལ། གྲུབ་ཚུལ་གཅིག་པུ་དེ་དཔེ་རིས་ལྟར་བཀོད་ན་འདི་ལྟར།
 
          (གཉིས)ཆ་འདུས་དགག་པའི་དོན་རྟོག
          (1)དཔེར་ན། རྒྱལ་ཁབ་ཁ་ཤས་མ་རྩ་རིང་ལུགས་རྒྱལ་ཁབ་མིན། ཞེས་པ་ལྟ་བུ་དེ་རྒྱལ་ཁབ་ཀྱི་ནང་ནས་རྒྱལ་ཁབ་ཁ་ཤས་ཤིག་མ་རྩ་རིང་ལུགས་མ་ཡིན་པ་སྟེ། རྒྱལ་ཁབ་ཐམས་ཅད་མ་རྩ་རིང་ལུགས་ཡིན་པ་དགག་བྱར་འགྱུར་ཞིང་། རྒྱལ་ཁབ་ཡིན་ཞིང་མ་རྩ་རིང་ལུགས་མ་ཡིན་པའི་ཆ་ཤས་ཡོད་པར་སྟོན། རྒྱལ་ཁབ་ཞེས་པའི་གཞི་དེ་ལ་ཁྱབ་འབྲེལ་མ་གྲུབ་སྟེ། མ་རྩ་རིང་ལུགས་མ་ཡིན་པ་ཆ་ཤས་ཡིན་པའི་ཕྱིར། མ་རྩ་རིང་ལུགས་རྒྱལ་ཁབ་མིན་ཞེས་པའི་ཆོས་དེ་ལ་ཁྱབ་འབྲེལ་གྲུབ་ཡོད་དེ། རྒྱལ་ཁབ་ཁ་ཤས་མ་རྩ་རིང་ལུགས་རྒྱལ་ཁབ་མ་ཡིན་པས་ཁྱབ་པའི་ཕྱིར་རོ།། ཞེས་གཞི་ཆོས་གཉིས་ཀྱི་ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར་ཡིན།
 
          (2)དཔེར་ན། དངོས་པོ་ཡིན་ན་ལྡན་མིན་འདུ་བྱེད་ཡིན་པས་མ་ཁྱབ། ཞེས་པ་ལྟ་བུ་ཡིན་ལ། དངོས་པོ་ཐམས་ཅད་ལྡན་མིན་འདུ་བྱེད་ཡིན་པ་དགག་བྱར་བཟུང་ནས། དངོས་པོ་ཁ་ཤས་ལྡན་མིན་འདུ་བྱེད་མ་ཡིན་པར་ཐག་བཅད། གཞི་ལ་ཁྱབ་པ་མེད་དེ། ལྡན་མིན་འདུ་བྱེད་མ་ཡིན་པའི་ཆ་ཤས་ཡིན་པའི་ཕྱིར། ཆོས་ལ་ཁྱབ་པ་གྲུབ་སྟེ། དངོས་པོ་ཁ་ཤས་ལྡན་མིན་འདུ་བྱེད་མ་ཡིན་པས་ཁྱབ་པའི་ཕྱིར། གཞི་ཆོས་གཉིས་ཀྱི་ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར།
 
          (3)དཔེར་ན། བྱས་པ་རྟག་པ་མ་ཡིན་ཞིང་ཁ་ཤས་རྩོལ་བྱུང་ཡང་མ་ཡིན། ཞེས་པ་དེ་བྱས་པ་རྟག་པ་ཡིན་པ་དང་བྱས་པ་ཐམས་ཅད་རྩོལ་བྱུང་ཡིན་པ་དགག་བྱར་བཟུང་ནས།བྱས་པ་མི་རྟག་པ་ཡིན་པ་དང་བྱས་པ་ལ་རང་བྱུང་ཡོད་པར་སྟོན་པ་ཡིན། གཞི་བྱས་པ་ལ་ཁྱབ་པ་གྲུབ་སྟེ། བྱས་པ་རྟག་པ་མ་ཡིན་པས་ཁྱབ། ཆོས་རྟག་པ་མ་ཡིན་པ་དེ་ལ་ཁྱབ་པ་གྲུབ་སྟེ། ཁྱོད་ཤེས་བྱ་ཡིན་ན། རྟག་པ་མ་ཡིན་པ་དེ་བྱས་པ་ཡིན་པས་ཁྱབ་པ་གང་ཞིག དེ་གཉིས་འགལ་བ་ཡིན་པའི་ཕྱིར་རོ།། བྱས་པ་ཁ་ཤས་ཞེས་པའི་གཞི་ལ་ཁྱབ་པ་མེད་དེ། རྩོལ་བྱུང་མ་ཡིན་པའི་ཆ་ཤས་ཡིན་པའི་ཕྱིར་ཡིན་ལ། རྩོལ་བྱུང་མ་ཡིན་ཞེས་པའི་ཆོས་ལ་ཁྱབ་པ་གྲུབ་སྟེ། བྱས་པ་ཁ་ཤས་རྩོལ་བྱུང་མ་ཡིན་པས་ཁྱབ་པའི་ཕྱིར། དོན་རྟོག་འདི་ཡོངས་འདུས་དགག་པ་དང་ཆ་འདུས་དགག་པ་ཉིས་འདྲེས་ཡིན་ལ།གཞི་བྱས་པ་དེ་ཆོས་གཉིས་ཀའི་ཐུན་མོང་གི་གཞིར་གྱུར་ལ།ཁྱབ་འབྲེལ་གྲུབ་ཚུལ་དཔེ་རིས་འདི་ལྟར།
 
          (གསུམ)རྐྱང་འདུས་དགག་པའི་དོན་རྟོག ཁྱད་པར་ཅན་གྱི་བྱ་དངོས་དེ་ཁོ་ན་དགག་པའི་དོན་རྟོག་ཡིན། དཔེར་ན། དངོས་པོ་ཁོ་ན་རྟག་པ་མིན། མའོ་ཙེ་ཏུང་ནི་ཆོས་ལུགས་པ་ཞིག་མ་ཡིན། གདུང་འདེགས་ཀྱི་དོན་བྱེད་ནུས་པ་ནི་བུམ་པ་མིན། གཞི་ཆོས་གཉིས་ཀྱི་ཁྱབ་འབྲེལ་གྲུབ་ཚུལ་ནི་དཔེ་རིས་འདི་ལྟར་ཡིན།
          གསུམ་པ། ཚད་གྲངས་མཚོན་བྱེད་ཀྱི་སྒྲ། ཡོངས་འདུས་དོན་རྟོག་དང་ཆ་འདུས་དོན་རྟོག་གང་རུང་ལ་“སྤྱི”དང་“ཆ་ཤས” མཚོན་བྱེད་ཀྱི་སྒྲ་དེ་ཚད་གྲངས་མཚོན་བྱེད་ཀྱི་སྒྲ་ཡིན། དེ་ཡང་ཚད་གྲངས་མཚོན་བྱེད་ཀྱི་སྒྲ་ནི་ཡོངས་གཅོད་དང་རྣམ་གཅོད་གཉིས་ཀ་ལ་ཐུན་མོང་ཡིན་པ་སྟེ་གཅིག་ཡིན། དཔེར་ན། “ཐམས་ཅད་”ཅེས་པའི་སྒྲ་འདི་དགག་སྒྲུབ་གཉིས་ཀྱི་གྲངས་མཚོན་བྱེད་ཀྱི་སྒྲ་ཡིན་ཏེ། རྟག་པ་ཐམས་ཅད་དངོས་པོ་མིན། དངོས་པོ་ཐམས་ཅད་བྱས་པ་ཡིན། ཞེས་པ་ལྟ་བུ་ཡིན་ལ། དགག་རྟགས་དང་སྒྲུབ་རྟགས་གཉིས་སྤྱིར་མི་འགལ་བ་ཡིན་པ་ལྟར། ཚད་གྲངས་མཚོན་བྱེད་ཀྱི་སྒྲ་ཡང་དེ་ལྟར་རོ།། དེ་ཡང་སྤྱི་མཚོན་བྱེད་ཀྱི་སྒྲ་ལ།ཐམས་ཅད། ཡོད་དོ་ཅོག མཐའ་དག ཡོངས་རྫོགས། ཁྱབ་པ། ཡོངས་ཁྱབ་སོགས་ལྟ་བུ་ཡིན། ཆ་ཤས་མཚོན་བྱེད་ཀྱི་སྒྲ་ལ། ཁ་ཅིག ཁ་ཤས། འགའ། འགའ་ཤས། འགའ་རེ། ལ་ལ།ཆ་ཤས། ཅིག་ཤོས། མ་ཁྱབ་པ་ལ་སོགས་པ་མཆིས། ཡང་རྐྱང་བ་མཚོན་བྱེད་ཀྱི་སྒྲ་ལ། ཁོ་ན། ཉིད། ཁོ་ན་ཉིད་ལ་སོགས་པ་(ཐམས་ཅད་སྐབས་དང་བསྟུན་ནས་)སྦྱོར་དགོས།བཞི། ཁྱབ་འབྲེལ་གྲུབ་ཚུལ། དོན་རྟོག་རིགས་སོ་སོའི་ཁྱབ་འབྲེལ་གྲུབ་ཚུལ་མི་གཅིག་སྟེ། ཡོངས་འདུས་སྒྲུབ་པའི་དོན་རྟོག་ལ་ཁྱབ་འབྲེལ་མི་འདྲ་བ་གཉིས་ཡོད་པ་དང་། ཆ་འདུས་སྒྲུབ་པའི་དོན་རྟོག་ལ་རིགས་བཞི། རྐྱང་འདུས་སྒྲུབ་པ་ལ་རིགས་གཉིས་ཡོད། ཡང་ཡོངས་འདུས་དགག་པའི་དོན་རྟོག་ལ་རིགས་གཅིག་དང་། ཆ་འདུས་དགག་པའི་དོན་རྟོག་ལ་རིགས་གསུམ། རྐྱང་འདུས་དགག་པའི་དོན་རྟོག་ལ་རིགས་གཅིག་ཡོད་པ་སྟེ། གོང་གི་དཔེར་བརྗོད་དང་དཔེ་རིས་དག་ལས་ཤེས་ཐུབ། སྤྱིར་གཞི་ཆོས་སོ་སོའི་ཁྱབ་འབྲེལ་གྲུབ་མ་གྲུབ་ཀྱི་གནས་ཚུལ་རྣམས་རེའུ་མིག་ཏུ་བཀོད་ན་འདི་ལྟ་སྟེ།
 
          འདིར་ཆེད་དུ་གསལ་བྱེད་བྱ་རྒྱུ་ཞིག་ནི་ཕྱི་ཚུལ་གཏན་ཚིགས་རིག་པར་ཡོངས་འདུས་དོན་རྟོག་དང་རྐྱང་འདུས་དོན་རྟོག་གཉིས་ཀྱི་གཞི་ཆོས་གཉིས་ཀྱི་ཁྱབ་འབྲེལ་གྲུབ་ཚུལ་ཡོངས་སུ་མཚུངས་ནའང་། བོད་ཀྱི་ཚད་མ་རིག་པའི་གཞུང་དུ་གཅིག་མཚུངས་མ་ཡིན་ཏེ། དཔེར་ན། ཤེས་བྱ་རྟག་པ་ཡིན། ཤེས་བྱ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ། དངོས་པོ་ལྡན་མིན་འདུ་བྱེད་ཡིན། དངོས་པོ་ཡིན་ན་ལྡན་མིན་འདུ་བྱེད་ཡིན་པས་མ་ཁྱབ། ཅེས་པར་ཡོངས་འདུས་དོན་རྟོག་དང་རྐྱང་འདུས་དོན་རྟོག་གི་དབྱེ་མཚམས་ཤིན་ཏུ་གསལ།
          མཆན་འགྲེལ།
①ལོ་ཁུ། 《མིའི་རིགས་ཀྱི་ཤེས་རྟོགས་རྣམ་བཤད》 ཚོང་དོན་དཔེ་སྐྲུན་ཁང་། 1981 p.291
②③ས་པཎ་ཀུན་དགའ་རྒྱལ་མཚན། 《ཚད་མ་རིགས་གཏེར་གྱི་འགྲེལ་བ》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988 p.152 p152
④སློབ་དཔོན་ཆོས་གྲགས། དང་དབྱིག་གཉེན། ཟླ་གྲགས་སོགས། 《ཚད་མ་རིག་པའི་རྒྱ་གཞུང་རྩ་འགྲེལ་བདམས་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 1988.p276
⑤སློབ་དཔོན་ཆོས་གྲགས། 《ཚད་མ་རྣམ་ངེས》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1988 P.193
⑥བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2002 p.339
⑦འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། 1989 p.116
⑧མཁན་ཆེན་དགེ་འདུན་རྒྱ་མཚོ། 《བསྡུས་གཞུང་ལུང་རིགས་ཉི་མ》 ཤིང་དཔར། p58
⑨སློབ་དཔོན་ཆོས་གྲགས་དང་དབྱིག་གཉེན། ཟླ་གྲགས་སོགས། 《ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམས་བསྒྲིགས》 མི་རིགས་དཔེ་སྐྲུན་ཁང་། 1988 p.71
⑩སློབ་དཔོན་ཆོས་གྲགས། 《ཚད་མ་རྣམ་འགྲེལ》p.216
⑾ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་སོགས། 《ཚད་མ་རིགས་གཏེར་གྱི་རྩ་བ་དང་འགྲེལ་བ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1988 p.184
⑿祁顺来著:《藏传因明学通论》,青海民族出版社,2006年,第103页。
⒀蔡贤浩主编:《形式逻辑学》,华中师范大学出版社,第65页。
⒁བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། 1998,p.390


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1