གྲོ་ཚང་རྡོ་རྗེ་འཆང་ནི་མདོ་སྨད་ཙོང་ཆུའི་བྱང་རྒྱུད་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལོ་ཏུའུ་ཆུས་ཀྱི་མངའ་ཁོངས་སུ་ཆགས་ཤིང་། རབ་བྱུང་བདུན་པའི་ཆུ་སྤྲེལ(1392)ལོར་ལྷོ་བྲག་གྲོ་བོ་ལུང་དུ་སྐུ་འཁྲུངས་པའི་གྲུབ་ཆེན་གླང་དཀར་པ་སངས་རྒྱས་བཀྲ་ཤིས་ཀྱིས་ཕྱག་བཏབ་ཅིང་། གྲུབ་ཐོབ་འདི་ཉིད་ལ་ལྷ་དང་བླ་མས་ལུང་བསྟན་བཞིན་མདོ་སྨད་དུ་བྱོན་ཏེ་མཚོ་སྙིང་དུ་སྒྲུབ་པ་ཡུན་རིང་མཛད་པས་གྲུབ་ཆེན་མཚོ་སྙིང་པ་ཞེས་འབོད་ལ།རྒྱ་ནག་སྐད་དུ་མཚོ་ལ་ཧའེ་ཟེར་བས་རྒྱ་ནག་པས་ཧའེ་བླ་མ་ཞེས་འབོད་སྲོལ་ཡང་འདུག གླང་དཀར་པོར་བཞོན་ནས་ཕེབས་བཞུད་མཛད་པས་གྲུབ་ཆེན་གླང་དཀར་པ་ཞེས་ཀྱང་འབོད་སྐད། རིམ་གྱིས་དགོན་ལུང་བྲག་ཏུ་ཕེབས་ཏེ་སྒྲུབ་པ་མཛད་ལ། རབ་བྱུང་བདུན་པའི་ས་སྦྲུལ(1389)ལོར་ཏ་མིང་ཐོག་མ་ཧུང་བུས་སྤྱན་འདྲེན་ཞུས་པ་ལྟར་རྒྱ་ནག་ཏུ་ཕེབས། གོང་མས་མཆོད་གནས་སུ་བཀུར་ཅིང་ཏི་ཤྲིའི་ལུང་གིས་བསྔགས། ལན་ཅིག་གོང་མས་བླ་མ་དགུང་ལོ་མཐོ་བས་མི་རྩ་གར་ཡོད་ཀྱི་བཀའ་འདྲི་བྱུང་བར་རྒྱུ་མཚན་ཞུས། མི་སྣ་བཏང་སྟེ་སྐུ་མཆེད་རྣམས་བོས། རྗེ་ཉིད་དགོན་ལུང་བྲག་ཕྱོགས་སུ་ཕེབས་བཞེད་ཆེ་བས་འབྱོན་པར་གནང་། གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས་ཏེ་བསྟན་པ་ལ་བྱ་བ་མཛད་དགོས་ཚུལ་དང་སྐུ་མཆེད་རྣམས་དེ་གར་བསྡད་ནས་བླ་མའི་ཞབས་ཏོག་ཞུས་ན་རིགས་རྒྱུད་ཀྱིས་དཔོན་པོ་བྱས་ཆོག་ཅིང་ཁོ་བོས་རྗེས་སུ་འཛིན་ཞེས་གཟིགས་མཐོང་རྒྱ་ཆེན་པོ་མཛད། ཕྱིར་ཕེབས་རྗེས་ཟི་ལིང་ཏོའུ་ཀང་གི་ཆོ་ལོ་གནང་། དཔོན་གཡོག་རྣམས་དགོན་ལུང་བྲག་ཏུ་གཞིས་ཆགས། རྗེ་འདིའི་གཟིགས་སྣང་ལ་གནས་དེའི་རྒྱབ་རི་སྟག་མོ་ཉལ་འདྲ་དང་མདུན་རི་ཁྱུང་ཆེན་ལྡིང་འདྲའི་རིས་སུ་ཤར་བས་རང་ལུགས་དར་བའི་མཚན་མར་གོ་ནས་ཕྱོགས་བཞིར་ས་འདུལ་གྱི་མཆོད་རྟེན་བཞི་དང་། དབུས་སུ་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་ཞིག་བཞེངས་པ་ལ་རབ་བྱུང་བདུན་པའི་ཆུ་བྱ(1393)ལོར་གོང་མ་ཧུང་བུས་དེ་ལ་དགེ་སྦྱོང་གོ་ཏ་མའི་སྡེ་ཞེས་མིང་བཏགས་ཤིང་རྒྱ་བོད་གཉིས་ཀྱི་ཡི་གེ་ཡོད་པའི་སྒོ་བྱང་གསེར་བྲིས་མ་ཞིག་ཀྱང་གནང་བ་ད་ལྟའང་ལྷ་ཁང་དེའི་སྒོའི་ཡ་ཐེམ་དུ་བཀལ་ནས་ཡོད།
ཏ་མིང་ཧུང་བུ་འདས་རྗེས་གོང་མ་ཡུང་ལོས་རྗེ་འདིར་སྔར་བཞིན་བཀུར་སྟི་རྒྱ་ཆེན་པོ་མཛད། དུས་གསུམ་སངས་རྒྱས་ལྷ་ཁང་གི་རྒྱབ་ཏུ་ཇོ་ཁང་རིན་ཆེན་འོད་འབར་བཞེངས་པ་ལ་ནང་རྟེན་གྱི་གཙོ་བོར་ཇོ་སྐུ་རང་བྱོན་ཞིག་གནང་སྐད། ཡུང་ལོ་ཁྲིར་བཞུགས་བཅུ་གཉིས་པ(1414)ས་ཟླའི་ཚེས་བཅོ་ལྔར་གྲུབ་ཆེན་གླང་དཀར་པ་སྐུ་འདས། སྐུ་གདུང་ཇོ་ཁང་དུ་བཞུགས། རྗེ་འདིས་ཚེ་གང་བོར་སྒྲུབ་པ་གཙོར་བྱེད་པ་ཞིག་ཡིན་པས། གོ་ཏ་མ་སྡེའི་དགོན་བདག་ནི་ཁོང་གི་སྐུ་ཚ་དཔལ་ལྡན་བཟང་པོས་མཛད་ཅིང་། གོང་མ་ཡུང་ལོས་སྲིད་འབྱོར་གང་ཅིའི་ཐད་དུ་གཟིགས་སྐྱོང་སྔར་ལས་རྒྱ་ཆེན་པོ་མཛད། གོང་མ་ཟོན་ཏེའི་སྐབས་སུ་རྒྱལ་པོས་ཡབ་ཀྱི་དགོངས་པ་རྫོགས་ཕྱིར་ཇོ་ཁང་རིན་ཆེན་འོད་འབར་གྱི་རྒྱབ་ཏུ་རྣམ་པ་དང་ཁྱད་ཆོས་ནི་རྒྱལ་པོ་རང་གི་ཕོ་བྲང་གི་རྗེས་སུ་མཐུན་པའི་ལྷ་ཁང་ཞིག་བཞེངས་ཤིང་མིང་ལ་ལྷ་ཁང་སྲིད་སྐྱོང་གླིང་ཞེས་བཏགས། ལྷ་ཁང་འདིའི་ནང་རྟེན་གཙོ་བོར་རྒྱལ་བ་རྡོ་རྗེ་འཆང་གི་སྐུ་བརྙན་ཆེན་པོ་ཞིག་བཞེངས་པ་དང་། དེའི་བྱིན་རླབས་དང་བོད་མི་རྣམས་ཀྱི་དད་སྟོབས་ཀྱི་དབང་གིས་དེ་ལ་ལྷ་ཁང་སྲིད་སྐྱོང་གླིང་ཞེས་མི་འབོད་པར་རྡོ་རྗེ་འཆང་ཞེས་འབོད། གྲུབ་ཆེན་གླང་དཀར་པ་ནི་གྲོ་ལུང་པ་ཡིན་པས་རིགས་རྒྱུད་དེའི་མིང་ལ་གྲོ་ཚང་དུ་ཐོགས་ཤིང་། དེ་ནས་ཡུལ་ལ་ཐོགས་ཏེ་རྒྱུན་འབྱམས་སུ་སོང་བས། རིམ་གྱིས་ལྷ་ཁང་གི་སྤྱིའི་མིང་ལའང་གྲོ་ཚང་རྡོ་རྗེ་འཆང་ཞེས་གྲགས། ཏ་མིང་ཝན་ལིའི་སྐབས་སུ་རྡོ་རྗེ་འཆང་གི་ལྷ་ཁང་གྲོང་དང་འདྲེས་པས་དགོན་པ་ཟུར་དུ་འདེབས་དགོས་བྱུང་ནས། ལྷས་སྔོ་ཏིང་དུ་ལི་ཀྱ་རབ་འབྱམས་པ་ཤེས་རབ་མཆོག་ལྡན་གྱིས་རབ་བྱུང་བཅུ་པའི་ས་ལུག(1619)ལོར་གྲོ་ཚང་དགོན་བཀྲ་ཤིས་ལྡིང་ཁང་བཏབ། དེ་ནས་བཟུང་གྲོ་ཚང་གོ་ཏ་མ་སྡེ་ནི་འཆད་ཉན་གྱི་སྡེ་ཞིག་ནས་མཆོད་མཇལ་ཁོ་ན་བྱ་ཡུལ་གྱི་ལྷ་ཁང་ཞིག་ཏུ་གྱུར་ཏོ། །