ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་། བརྩེ་སེམས་ཟབ་མོའི་སྒོ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70རིང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེ་བའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་ནས། འབའ་ཐང་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འབད་པ་ལྷུར་ལེན་བྱེད་པའི་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པའི་ཆེད་དུ། རྫོང་དེས་སྤྱི་ཟླ6པའི་ཚེས21ཉིན་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་དེ་ཐོག་མའི་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁག་གཉིས་ལ་བགོས་ཡོད། ཐོག་མའི་འགྲན་བསྡུར་ནང་ཏང་དམངས་ཁོངས་གཏོགས་དང་། སྲིད་གཞུང་གི་ཁོངས་གཏོགས། སྲིད་ཁྲིམས་ཀྱི་ཁོངས་གཏོགས། ཡུག་སྦྲེལ་སོ་སོའི་ལས་སྒྲུབ་ཨུ་ལྷན་སོགས་ཁོངས་གཏོགས་ལས་ཁུངས11གི་བདམས་ཐོན་པ23འགྲན་བསྡུར་ནང་ཞུགས་ནས།མཐའ་གཏུག་བདམས་ཐོན་པ15དཔྱད་འདེམས་བྱུང་ནས་སློབ་གསོའི་ཁོངས་གཏོགས་ཀྱི་སློབ་གྲྭའི་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ10དང་མཉམ་དུ་འགྲན་བསྡུར་བྱས་པ་རེད།
འགྲན་བསྡུར་ནང་ཞུགས་པའི་བདམས་ཐོན་པས་ང་དང་ངའི་མེས་རྒྱལ་ཞེས་པའི་བརྗོད་དོན་གཙོ་བོ་འདིར་དམིགས་ནས། རང་ཉིད་ཀྱི་བརྒྱུད་རིམ་དང་མཐོང་ཐོས་མྱོང་ཚོར་བཅས་དང་ཟུང་འབྲེལ་བྱས་ཏེ་གཞི་འཛིན་ས་དང་བྱེད་ཐབས་གསར་པ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་རང་ཉིད་ཀྱི་བརྩེ་སེམས་ལྷུག་བརྗོད་བྱས་ཏེ་ཏང་དང་མེས་རྒྱལ།མི་དམངས་དང་དཔའ་བོ།ཕ་ཡུལ་སོགས་ལ་བསྟོད་གླུ་ཕུལ་བ་རེད།
ཚེས21ཉིན་གྱི་ཕྱི་དྲོར།རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཐུབ་པའི་བདམས་ཐོན་པ25ཡིས་སྙིང་སྟོབས་ཆེར་སྐྱེས་དང་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སྒྲོག་འགྲེལ་བྱས་མཐར། འབའ་ཐང་རྫོང་སློབ་འབྲིང་གི་དགེ་རྒན་ཞའོ་ཡ་ལི་ཡིས་འགྱུར་ཁུག་སྙན་ལ་བརྩེ་དུང་ཟབ་མོ་བཅངས་པའི་ངང་ནས《འགྱོད་མེད་ཀྱི་ལང་ཚོ། ང་དང་མེས་རྒྱལ་མཉམ་དུ་སྐྱོད།》ཅེས་པའི་སྒྲོག་འགྲེལ་བྱས་ཏེ་རང་ཉིད་ཀྱི་གཏམ་རྒྱུད་ཐོག་ནས་མེས་རྒྱལ་གྱི་འགྱུར་ལྡོག་ལྷུག་བརྗོད་བྱས་པ་དང་། མེས་རྒྱལ་གྱི་འཕེལ་རྒྱས་ལ་གཞིགས་ནས་རང་ཉིད་འཚར་ལོངས་བྱུང་བའི་ལོ་རྒྱུས་ལྷུག་བརྗོད་བྱས་པ་རེད། རྒྱ་བོད་སྨན་ཁང་གི་སྨན་པ་བསྟན་འཛིན་དང་། མི་དམངས་སློབ་ཆུང་གི་སློབ་མ་བཀྲ་ཤིས་གཡང་འཛོམས་ཀྱིས《ང་དང་ངའི་མེས་རྒྱལ》ཞེས་པའི་སྒྲོག་འགྲེལ་བྱེད་སྐབས་མེས་རྒྱལ་ལ་འཆང་བའི་བརྩེ་སེམས་ཟབ་མོ་མཚོན་པ་རེད།
ཐེངས་འདིའི་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ3དང་།ཨང་གཉིས་པའི་བྱ་དགའ7 ཨང་གསུམ་པའི་བྱ་དགའ6 ཕུལ་བྱུང་གི་བྱ་དགའ9བཅས་དཔྱད་བསྡུར་བྱས་ཡོད་པ་རེད།།