ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མི་འབོར་ཁྲི9000ལས་བརྒལ་ཡོད།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-03
སྤྱི་ཟླ6ཚེས30ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཏང་ནང་གི་བསྡོམས་རྩིས་གྲངས་འབོར་གསར་ཤོས་ལས་མངོན་གསལ། 2018ལོའི་ལོ་མཇུག་བར་དུ། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་མི་འབོར་ནི་ཁྲི9059.4ཡིན་ཞིང་། ལོ་གོང་མ་དང་བསྡུར་ན་མི་ཁྲི103ཇེ་མང་ལ་སོང་ཡོད་པ་དང་། འཕར་ཚད་ནི་བརྒྱ་ཆ1.2རེད། ཏང་གི་གཞི་རིམ་རྩ་འཛུགས་ཁྲི461ཡོད་ཅིང་། ལོ་གོང་མ་དང་བསྡུར་ན་ཁྲི3.9འཕར་ཡོད་ཅིང་། འཕར་ཚད་ནི་བརྒྱ་ཆ0.8ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70རིང་། ཀྲུང་གོ་གུང་ཁྲན་ཏང་གི་ཡིད་དབང་འགུགས་ཤུགས་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ཤུགས་བཅས་མུ་མཐུད་ཇེ་ཆེར་སོང་ནས། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་དང་གསོན་ཤུགས་རབ་ཏུ་རྒྱས་ཡོད།
ཏང་ཡོན་གྱི་གྲངས་འབོར་མུ་མཐུད་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་མི་འབོར་ཁྲི9000ལས་བརྒལ་ཡོད་ཅིང་། དེ་ནི1949ལོར་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཀྱི་མི་ཁྲི448.8ཀྱི་ལྡབ19ཙམ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། རྒྱལ་ཡོངས་སུ་ལོ་རེར་མི་ཁྲི390ལྷག་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་རེ་ཞུ་འབུལ་བཞིན་ཡོད། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གསལ་རང་བཞིན་རྒྱུན་འཁྱོངས་པར་དམིགས་ནས། ཏང་ཡོན་དཔུང་ཁག་ཏང་རྩ་འཛུགས་སུ་ཞུགས་པར་དོ་དམ་ནན་མོ་དང་། ཏང་ཡོན་གྱི་སྤུས་ཚད་ཇེ་མཐོར་གཏོང་བར་མཐོང་ཆེན། ཏང་ཡོན་གྱི་བསྡོམས་འབོར་སྙོམ་སྒྲིག་བྱེད་པར་ཤུགས་སྣོན། ཏང་ཡོན་གྱི་གྲངས་འབོར་འཕར་ཚད་བརྟན་བརླིང་གི་རྣམ་པ་རྒྱུན་འཁྱོངས་བཅས་བྱ་དགོས་པ་རེད།།