དབུལ་ཕོངས་ཁྱིམ་ཚང་ལ་འཚོ་བའི་དངོས་རྫས་སྤྲོད་བཞིན་པ།
给贫困户发放生活物资 图 / 甘孜日报提供
དབྱར་གཞུང་གི་གསེར་རྟའི་རྩྭ་ཐང་ནི་མེ་ཏོག་གིས་བརྒྱན་ཞིང། བྱང་ཕྱོགས་ཤམ་བྷ་ལའི་གནས་དང་ཡོངས་སུ་མཚུངས། མཐོན་མཐིང་གི་མཁའ་དབྱིངས་དང་སྤྲིན་དཀར་འོག་ནས། ཚར་དུ་དངར་བའི་བོད་ལུགས་སྤྲོ་ཁང་དག་གིས་ཡིད་དབང་རབ་ཏུ་འགུག་ཅིང་། འདི་ན་གྲང་ངར་ཆེ་བའི་འབྲོག་ས་ནས་སྤོས་པའི་འབྲོག་པའི་དུད་ཚང་106ཡོད།
སྤྱི་ཟླ་6པའི་ཚེས་28ཉིན། གསེར་རྟ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་གཡང་འཛོམས་ལོ་ན་65ཡིན་པའི་བསམ་ཁོའི་ཁྱིམ་དུ་སོང་ཞིང་། ར་བའི་ཕྱི་ནང་ཡོངས་རྫོགས་བསྡུ་གསོག་གྲ་དག་པོ་བྱས་ཡོད་ལ། ར་བའི་སྒོ་ཐོག་ཏུ་བཙུགས་པའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། སྨི་གྲུ་བཞི་མ་80ཡོད་པའི་ཁང་པའི་ནང་དུ་ཁྱིམ་སྤྱོད་གློག་ཆས་ཚང་མ་འཛོམས་འདུག །
“ཁང་པ་གསར་པའི་ནང་གོམས་པོ་འདུག་གམ། ད་ལོར་ཁྱིམ་དུ་ཡོང་འབབ་ག་ཚད་འདུག །གཏན་འཇགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་ཡོང་ཁུངས་ཡོད་དམ།”ཞེས་གཡང་འཛོམས་ཀྱིས་ཞིབ་ཏུ་དྲིས་པས། བསམ་ཁོས་རེ་རེ་བཞིན་ལན་བཏབ། མིག་མདུན་དུ་ཡོད་པའི་དབུལ་སྐྱོར་ལས་བྱེད་པ་དེ། བསམ་ཁོ་ལ་མཚོན་ན་སྔར་ནས་གྲོགས་པོ་རུ་གྱུར་ཡོད།
དབུལ་ཕོངས་དུད་ཚང་གི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱ་ཆེད་བརྡར་ཚང་ཡུལ་ཚོའི་སྡོད་ཁང་འཛུགས་སྐྲུན་ལ་ཡུལ་དངོས་སུ་ལྟ་སྐུལ་དང་མཛུབ་སྟོན་བྱེད་བཞིན་པ།
心系贫困户住房安全保障,实地督导大章乡住房建设
བསམ་ཁོ་ནི་གནུབས་ཟུར་གྲོང་རྡལ་རྒྱལ་ཤེས་གྲོང་པའི་མི་ཡིན་ལ། ཁྱིམ་དུ་མི་ལྔ་ཡོད། ལུས་ལ་ནད་གཞི་ལྕི་བ་དང་ངལ་རྩོལ་གྱི་ནུས་པ་ཞན་པས་2014ལོར་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཁྱིམ་དུ་ངོས་བཟུང་། གཡང་འཛོམས་འཚམས་འདྲིར་འགྲོ་སྐབས། ཁོ་པ་ཚང་གི་ཞིབ་ཕྲའི་དཀའ་ངལ་ལ་རྒྱུས་ལོས་བྱུང་ཞིང་ལྷག་ཏུ་དོ་སྣང་བྱས། གཡང་འཛོམས་ཀྱིས་བསྒོ་ལགས་རབ་དང་རིམ་པ་བྱས་པར་བརྒྱུད་ནས། 2017ལོའི་ལོ་མཇུག་ཏུ། བསམ་ཁོ་ཚང་མཚོ་འཕགས་སྨི་4000ལྷག་ཡོད་པའི་འབྲོག་ས་ནས་ཁམས་བདེ་གྲོང་ཁུལ་དུ་གནས་སྤོས། གཡང་འཛོམས་ཀྱིས་ཁོ་ཚང་སྟབས་བདེའི་གནས་སུ་གནས་སྤོས་བྱེད་དགོས་པར་མ་ཟད། ད་དུང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བྱས། གཡང་འཛོམས་ཀྱི་རོགས་རམ་འོག །བསམ་ཁོས་འཕྲུལ་རྟ་ཉམས་གསོ་བྱེད་པའི་ལག་རྩལ་སྦྱོང་པར་མ་ཟད། ཁྱིམ་མི་ཚོས་འཚེམ་དྲུབ་ཀྱི་ལག་རྩལ་ཤེས་ཤིང་། ཁོའི་བུ་ནི་གཞུང་ལམ་བདག་སྐྱོང་བྱེད་མཁན་ཞིག་ཏུ་གྱུར། ན་ནིང་། ཁྱིམ་མི་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་རྒྱལ་ཁའི་ངང་དབུལ་སེལ་མངོན་འགྱུར་བྱུང་།
“ད་ལྟ། སྒོ་ཁ་རུ་གཞུང་ལམ་དང་སྨན་ཁང་། སློབ་གྲྭ་སོགས་ཡོད་ལ། ཡར་མར་ལ་འགྲོ་དུས་སྤྱི་འགྲུལ་རླངས་འཁོར་ཡོད་པས། འཚོ་བ་ཧ་ཅང་སྟབས་བདེ་མོ་འདུག །”ཅེས་བསམ་ཁོས་ཡུལ་གཞན་དབུལ་ཕོངས་གནས་སྤོ་བྱེད་པའི་སྲིད་ཇུས་ལ་ཡི་རང་བྱེད་བཞིན་དེ་ལྟར་བཤད།
གསེར་ཁོག་གྲོང་རྡལ་ཁམས་བདེ་གྲོང་ཁུལ་གྱི་འབྲོག་པའི་འཚོ་བ་བདེ་སྐྱིད་ལྡན་པར་མཐོང་ཚེ། གཡང་འཛོམས་ཀྱི་སེམས་པ་སྤྲོ་བས་ཁེངས་ཏེ། མོ་ན་རེ། རྫོང་གིས་རྫོང་མཁར་གྱི་རླངས་འཁོར་འཁྲུད་ས་གཉིས་ཀྱི་ལོ་རེའི་བོགས་གཏོང་གྲོན་དངུལ་སྒོར་ཁྲི་24དང་། ཚོང་འབྲེལ་གཉེར་སྐྱོང་གསུམ་གྱི་ལོ་རེའི་དབང་ཆ་བཤུག་པའི་གྲོན་དངུལ་སྒོར་ཁྲི་150ཡོད། ནོར་བུ་གླིང་གའི་ལོ་རེར་བཟའ་བཏུང་གཉེར་སྐྱོང་གི་སྒྲིག་སྲོལ་གྲོན་དངུལ་སྒོར་ཁྲི་2ཡོད་པ་དང་ལོ་རེའི་བཤས་རའི་གཉེར་སྐྱོང་དབང་ཆ་བཤུག་པའི་གྲོན་དངུལ་སྒོར་ཁྲི་50སོགས་ཀྱི་ཡོང་འབབ་དེ་གསེར་ཁོག་གྲོང་རྡལ་གྱི་བཀོད་སྒྲིག་བྱ་ཡུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལ་བརྩིས་ནས། དུད་ཚང་རེར་ཆ་སྙོམས་ཡོང་འབབ་འཕར་ཚད་སྒོར་ཁྲི་གཅིག་ལ་སླེབས་རྒྱུ་དང་། མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་སྒོར་2600ལ་སླེབས་རྒྱུ། གྲོང་ཁུལ་སྡོད་མིའི་ལས་གཏོད་ལས་ཞུགས་དང་རྒྱུན་མཐུད་ཡོང་འབབ་དངོས་སུ་འཕར་ཆེད་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་ཡོད། ད་དུང་“སྤྱི་ཕན་རིགས་ཀྱི་ལས་གནས་ཁག་ཅིག་བཀོད་སྒྲིག་བྱ་རྒྱུ་དང་། ཐོན་ལས་ཁག་ཅིག་བསྡུ་ལེན་བྱ་རྒྱུ། ངལ་ལས་ཁག་ཅིག་གཞན་སྒྱུར་བྱ་རྒྱུ། ཁྱིམ་སྡོད་བབ་བསྟུན་གྱི་ལས་ཞུགས་ཁག་ཅིག་གཏོད་རྒྱུ། རང་བརྟེན་ལས་གཏོད་ཁག་ཅིག་བསྒྲུབ་རྒྱུ་”བཅས་ཀྱི་བྱ་ཐབས་སྤྱད་དེ། ཉུང་མཐར་ཡང་གྲོང་ཁུལ་གྱི་དུད་ཚང་རེའི་མི་ཚང་མ་ལས་ཞུགས་ཐུབ་པར་བརྩོན་ལེན་བྱ་རྒྱུ་རེད་ཅེས་བཤད།
གསེར་རྟ་རྫོང་དུ་ད་དུང་སྟག་རྩེ་ཡུལ་ཚོ་དང་ཉི་སྟོད་གྲོང་རྡལ། གཉན་ལུང་ཡུལ་ཚོ་བཅས་སུ་གཅིག་བསྡུས་ཀྱིས་གནས་གཞན་གྱི་ཡུལ་མི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་བསྐྲུན་ཡོད་ལ། “བསྐྲུན་ཟིན་པའི་འབྲོག་པའི་གཞིས་ཆགས་ཡུལ་དུ་གཅིག་སྡུད་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་མཐའ་འཁོར་དུ་གཅིག་སྡུད་བྱེད་པ། རྫོང་མཁར་གྱི་མཐའ་འཁོར་དུ་གཅིག་སྡུད་བྱེད་པ་”བཅས་ཀྱི་རྩ་དོན་གཞིར་བཟུང་ནས། མང་ཚོགས་དབུལ་པོའི་སྨན་བཅོས་དང་སློབ་སྦྱོང་། ལས་ཞུགས། འགྲོ་ལམ་སོགས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཏེ། ལོ་ངོ་གསུམ་གྱི་རིང་། བསྡོམས་པས་དབུལ་ཕོངས་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་3563གྱི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཐག་གཅོད་བྱ་ཡུལ་56དང་གྲོང་གསེབ་ཀྱི་སྤྱི་སྤྱོད་ཆབ་ཁང་90དང་། སྤྱི་སྤྱོད་ཁྲུས་ཁང་4དང་དུད་ཁྱིམ་གྱི་ལམ་སྤྱི་ལེ་46.85འཛུགས་སྐྲུན་བྱས་པ་དང་། ཉི་ནུས་ལམ་སྒྲོན་957སྐྲུན་པ། བདེ་ཞིང་སྐྱིད་ལ་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་74གསར་དུ་བསྐྲུན། “སྤོ་ཐུབ་པ་དང་བརྟན་པོར་ཡོང་བ། ཕྱུག་པོར་འགྱུར་བ་”བཅས་ཀྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
གཡང་འཛོམས་ཀྱིས་རྫོང་དབུལ་སྐྱོར་ཡུལ་མི་གནས་སྤོ་ཅུས་ཀྱི་ཅུས་ཀྲང་གི་འགན་བཞེས་ནས་ད་བར་བགྲང་བྱ་དགུ་འགོར་འདུག་ལ། གསེར་རྟ་རྫོང་གི་ལོ་རེའི་“དབུལ་སེལ་དམག་འཐབ་ཀྱི་ཚགས་དེབ་”ཚང་མའི་ངོས་སུ་མོའི་རྔུལ་ཆུ་འཐིམ་ཡོད།
“ད་ལོའི་ཟླ་3པར། གཡང་འཛོམས་གྲོང་གསེབ་ཏུ་བསྐྱོད་དེ་དབུལ་སེལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཤིང་། མོའི་རྐེད་ཚིགས་ངལ་དུབ་ཀྱིས་མནར་ནས་གནད་དོན་ཚབས་ཆེན་བྱུང་བ་དང་། རྐང་པ་གཉིས་སྐྲངས་ནས་གོམ་པ་སྤོ་དཀའ་བ་གྱུར། ང་ཚོ་ཚང་མ་མོ་ལ་སྙིང་རྗེ་སྐྱེས་ནས། ཕྱིར་ལོག་ནས་ནད་དྲག་རྗེས་ཡང་བསྐྱར་ཡོང་བར་སྐུལ་ཡང་། མོས་ད་ལོ་གསེར་རྟ་རྫོང་གི་དབུལ་ཞྭ་ཕུད་དགོས་པས། དབུལ་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངེས་པར་དུ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་ནས་གནས་ཚུལ་དངོས་ལ་ཤེས་རྟོགས་བྱས་ཏེ། རྫོང་ཡོངས་དབུལ་སེལ་འགག་སྒྲོལ་ཡོང་བའི་ལས་དོན་གྱི་ཆེད་དུ་དཔྱད་གཞི་དང་པོ་མཁོ་འདོན་བྱས་ནས། དུས་ལྟར་རྫོང་ཡོངས་ཀྱི་དབུལ་ཞྭ་ཕུད་ཐུབ་པར་འགན་ལེན་བྱ་དགོས་ཟེར་ ”ཞེས་གསེར་རྟ་རྫོང་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ལས་དོན་མི་སྣ་ཞིག་གིས་གཡང་འཛོམས་ཀྱིས་ལུས་ཀྱི་ནད་ལའང་མ་འཛེམ་པར་གྲོང་གསེབ་ཏུ་འགྲོ་བའི་གནས་ཚུལ་སྐོར་གླེང་སྐབས་གུས་སེམས་ཆེན་པོས་འདི་ལྟར་བཤད།
“ཨ་མ། ཁྱོད་ནམ་ཚད་ད་གཟོད་ཁྱིམ་དུ་ཡོང་ནས་ང་ལ་འདུག་བྱ་རྒྱུ་ཡིན།”ཞེས་ཁྲེན་ཏུའུ་རུ་སློབ་གྲྭར་འགྲིམ་བཞིན་པའི་བུ་མོས་རྒྱུན་དུ་ཁ་པར་ལམ་ནས་ཨ་མ་དྲན་པའི་སེམས་ཚོར་བརྗོད་བཞིན་ཡོད།
ཁྱིམ་མིའི་སེམས་ཁུར་གྱི་མདུན་དུ། གཡང་འཛོམས་ཀྱིས་རང་ལ་ལེ་བདའ་བྱེད་བཞིན་ཡོད། ཕ་མ་གཉིས་ཀ་ལོ་ན་བདུན་ཅུ་ལ་སླེབས་པ་དང་། བཟའ་ཟླས་དཀར་མཛེས་རྫོང་དུ་ལས་ཀ་བྱེད་བཞིན་ཡོད་ལ། བུ་མོས་ཁྲེན་ཏུའུ་རུ་སློབ་སྦྱོང་བྱེད་བཞིན་ཡོད་པས། ཁྱིམ་མི་རྣམས་ས་ཆ་བཞིར་བགོས་ཡོད། 2009ལོར་གཡང་འཛོམས་ཀྱིས་ཡངས་འགོ་ཡུལ་ཚོ་རུ་ཏང་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས། ལས་དོན་རྙོག་འཛིང་ཆེ་བས་མོས་མངལ་ཆགས་ཡོད་མེད་ལ་དོ་སྣང་མ་བྱས་པར་གྲོང་གསེབ་ཏུ་བསྐྱོད་ནས་ལས་དོན་བསྒྲུབས་པས། དཀའ་ངལ་ཆེ་བའི་ལས་ཀའི་ཁྲོད་སྟབས་མ་ལེགས་པར་མངལ་ཤོར་ནས་རང་ཉིད་དང་བཟའ་ཟླའི་སེམས་སུ་གསུབ་ཏུ་མེད་པའི་འགྱོད་པ་ཆེན་པོ་ཞིག་བཞག
གསེར་རྟ་རྫོང་དབུལ་སྐྱོར་སྡེ་ཁག་གི་འགན་འཁུར་བ་གཙོ་བོ་གཡང་འཛོམས་ལོ་ལྟར་གསེར་རྟ་རྫོང་གི་ཡུལ་ཚོ་(གྲོང་རྡལ)17དང་སྲིད་འཛིན་གྲོང་པ་134ལ་ཕྱིན་ཏེ། ཁོང་གིས་གཉིད་ཆག་ཟས་བརྗེད་ཀྱིས་དབུལ་སྐྱོར་ཆེད་དོན་ཇུས་གཞིར་བཟོ་བཅོས་དང་འཐུས་ཚང་གཏོང་བཞིན་ཡོད། ཉིན་མཚན་དབྱེར་མེད་ངང་འཆར་འགོད་དང་། ཇུས་གཞི། དཔེ་རིས་བཅས་ཞིབ་བཤེར་གཏན་འབེབས་བྱས་པ་དང་།
གནས་སྤོ་བྱ་ཡུལ་གནད་སྨིན་གཏན་འཁེལ་བྱེད་པ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། དཀར་མཛེས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ཆེ་ཤོས་ཏེ། གསེར་རྟ་རྫོང་གསེར་ཁོག་གྲོང་རྡལ་ཁམས་བདེ་གྲོང་ཁུལ་ཡུལ་གཞན་ནས་གནས་སྤོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ་རེད།
གཡང་འཛོམས་ཀྱི་སྣེ་ཁྲིད་འོག །གསེར་རྟ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་ལས་ཐེངས་དང་པོ་དུད་ཚང་དབུལ་པོའི་གཏོང་ཡོང་གི་“རྩིས་ཐོ་ཞིག་”གིས་རྩིས་ཐོ་འགོད་པའི་མ་ལག་བཙུགས་ནས། མང་ཚོགས་ལ་“རྩིས་འགོད་པ་”བསླབས་ཤིང་། “རྩིས་རྒྱག་པ་”ལ་རོགས་བྱེད་པ། “རྩིས་བཀྲམ་པ་”བཅས་བྱས་ཏེ་དུད་ཚང་དབུལ་པོའི་སེམས་གཏིང་དུ་དྲིན་ཚོར་གྱི་ལྗང་མྱུག་འབུས། སྔོན་ལ་ཡུལ་ཚོ་དང་གྲོང་རྡལ་གྱི་དབུལ་སེལ་འགག་སྒྲོལ་གྱི་རྩ་གཉིས་ཨང་རྟགས་འདྲི་རྩད་མ་ལག་སྐྲུན་པར་སྐུལ་འདེད་བཏང་ནས། གནད་སྨིན་ཅན་དང་། འགུལ་རྣམ་ཅན། ཆ་འཕྲིན་ཅན་བཅས་ཀྱིས་དུད་ཚང་དབུལ་པོར་དོ་དམ་བྱས། གྲང་ངར་ཆེ་སའི་འབྲོག་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་འཐབ་ཇུས་ཆ་འཕྲིན་བཀོད་འདོམས་མ་ལག་སྔོན་ལ་བསྐྲུན་ཏེ། “མཉམ་འབྲེལ་དྲ་རྒྱ་+”ལ་བརྟེན་ནས་དབུལ་སེལ་འགག་སྒྲོལ་གྱི་ཡུན་རིང་གི་བཀོད་འདོམས་དང་། དཔྱད་གཞི་ཕྱོགས་བསྡུས། ཆ་འཕྲིན་མཉམ་སྤྱོད། ཉམས་མྱོང་བརྗེ་རེས། ཕན་ཚུན་སློབ་སྦྱོང་། ཁྱོན་ཡོངས་སྐུལ་འདེད་བཅས་མངོན་གྱུར་བྱེད་པ་དང་། དབུལ་སེལ་གྲོང་ཚོ་89ཡི་དབུལ་སེལ་ལས་འགན་དང་། ལེགས་གྲུབ་གནས་ཚུལ། དུས་རིམ་འཕེལ་ཚད་སོགས་ལ་འདྲི་རྩད་བྱས་ཚེ་དེ་བཞིན་མངོན་པར་བྱས་ཤིང་། གྲངས་གཞི་“མང་ཙམ་རྒྱུག་”ཏུ་བཅུག་པ་དང་ལས་བྱེད་པའི་གྲུབ་འབྲས་དེ་བས་ཆེ་བ། གསེར་རྟ་རྫོང་གི་དབུལ་སེལ་འགག་སྒྲོལ་གྱི་དམག་འཐབ་དང་པོ་ནས་བསྟུད་མར་རྒྱལ་ཁ་ཐོབ་པར་སྐུལ་འདེད་བཏང་ཞིང་། དབུལ་པོ་ཡོང་ཚད་32.5%ནས་5.4%བར་མར་ཆག་ཡོད་པ་རེད།
གཡང་འཛོམས་ཀྱིས་ལས་ཞུགས་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་བབ་ཆེས་མཐོ་བའི་ལས་གཏོད་སྟེགས་བུ་སྟེ། ཁུལ་རིམ་པའི་སྒོ་ངའི་ལས་གཏོད་རྟེན་གཞིའི་“གསེར་རྟ་ཀུན་གཏོད་བར་ཁྱམས་”བསྐྲུན་པ་དང་། སྒོ་ངའི་ལས་གཏོད་རྣམ་གྲངས་10བསྐྲུན་པ། ཞིང་འབྲོག་མི་དམངས་དུས་ཐུང་གླ་པ་མི་ཐེངས་4973ལ་ཁྲིད་སྟོན་བྱས་པས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཞིང་པའི་ཡོང་འབབ་འཕར་ཚད་ཀྱི་སྔོན་ཐོན་རྫོང་ལ་བདམས་པ་རེད། ཁོང་གིས་“ས་འཕུར་དབུལ་སྐྱོར་དང་ཚོགས་པའི་འཕེལ་རྒྱས་”ཀྱི་རྣམ་པ་གསར་པ་སྤྱོད་དེ། གེ་སར་དཔའ་བོའི་གྲོང་མཁར་ཚོང་དོན་ཕྱོགས་བསྡུས་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། “རིག་གནས་ཡུལ་སྐོར་+དབུལ་སྐྱོར་+ཚོང་དོན་”བཅས་ཟུང་དུ་འབྲེལ་བའི་ཕན་འབྲས་འདོན་སྤེལ་བྱས་ཤིང་། ཡུལ་ཚོ་དང་གྲོང་རྡལ་8དང་། དུད་ཚང་1543གྱི་མི་5722ལ་རྒྱུན་མཐུད་ཡོང་འབབ་ཡར་འཕར་བྱུང་ཡོད། ཡུལ་སྐོར་དང་ཞིང་འབྲོག་སོགས་ཀྱི་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་མགྲོན་ཁང་5དང་བོད་ཕག་གསོ་སྤེལ་རྟེན་གཞི་2 ས་མཐོའི་སྣོད་བཅུད་ཀྱི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་རྟེན་གཞི་ཆེ་གྲས་1བཅས་འཛུགས་སྐྲུན་བྱས་པར་མ་ཟད། གཉེར་སྐྱོང་བྱས་ཏེ་མང་ཚོགས་དབུལ་པོའི་ཡོང་འབབ་རྒྱུན་མཐུད་ངང་འཕར་སྣོན་ཡོང་བར་འགན་ལེན་བྱས་པ་རེད། །