ས་མཚམས་སུ་ལྷག་པའི་བོད་མིའི་ཚོ་པ་ཞིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05




གསུམ་པ། མཐའ་མའི་ལྟད་མོ།
(དུས་དེབ་སྔོན་མའི་འཕྲོར་མཐུད།)དགོང་མོ་དེར་ཨ་མྱེ་ལྕགས་འབྲུག་ཐར་དང་ཁ་བརྡ་ཡུན་རིང་བྱས་པས་དུས་ཡུན་རིང་པོར་བག་ལ་ཉལ་བའི་ལོ་རྒྱུས་ཀྱི་པོ་ཏི་ཞིག་བསྐྱར་དུ་ཀློག་པ་དང་འདྲ་བྱུང་། འདི་ནི་ཁོང་ཚོའི་ལུས་སེམས་ཀྱི་ཁྱིམ་གཞིས་ཏེ་ལོ་རྒྱུས་ཀྱི་ཆུ་རྒྱུན་མཐུད་ས་དང་རིག་གནས་ཀྱི་རྩ་བ་ཚུགས་ས་ཡིན་ཡང་། འདས་ཟིན་པའི་དུས་ནང་བོད་ཀྱི་མཁས་པ་རེ་གཉིས་མ་གཏོགས་འདིའི་སྐོར་ལ་མིག་ཟུར་ཙམ་ཡང་འཕེན་མཁན་མེད་པས་ཕྱི་རོལ་གྱི་ཆེད་མཁས་པ་རྣམས་ལ་ད་གཟོད་ལ་བཤད་ལུང་བཤད་བྱེད་པའི་གོ་སྐབས་ཐོབ་པ་རེད།

 ཕྱི་ཉིན་ཞོགས་པ་སྔ་མོ་ནས་ལངས་ཏེ་ཤོག་དྲུག་ནང་གྲོང་པར་ལྟད་མོ་བལྟ་རུ་སོང་། གྲོང་པ་དེའི་སྦུབས་ལ་རྩེ་མོ་ཁ་བས་བཀབ་ཅིང་ཞོགས་པའི་ཉི་འོད་འཕྲོས་པས་གསེར་ཞྭ་གྱོན་པ་ལྟ་བུའི་རི་མཐོན་པོ་ཞིག་ཡོད་པ་དེ་ནི་ཁོང་ཚོའི་གཞི་བདག་རེད་འདུག མིང་ལ་གཉན་ལོ་རྒྱས་དཀར་ལོ་ཟེར། དེའི་འདབས་ཀྱི་ལུང་པའི་ཁ་ལ་ལྕང་རྒན་ཞིག་ཡོད་པ་དེ་ནི་གྲོང་པའི་ལྷ་ཤིང་རེད་ཟེར། ལྷ་ཤིང་གི་ཟུར་ལ་ཆུ་ཤོག་ཁྲ་མོས་གཡབ་ཅིག་ཕུག་པ་དང་། དེ་དང་ཐག་མི་རིང་བ་ན་མེ་ཕུང་ཆེན་པོ་ཞིག་འབར་གྱིན་འདུག དུད་ཁ་སོ་སོས་བུད་ཤིང་ཁུར་འོངས་ནས་མེ་ཕུང་གི་ཟུར་ལ་བཞག་ཅིང་གོ་རེ་དང་ཤུག་པ། བདུག་སྤོས་སོགས་གཡབ་ནང་ལ་སྐྱེལ་བཞིན་འདུག

 ལྷ་ཤིང་། 
神树

 ང་རང་ག་ལེར་ཁོང་ཚོའི་འགྲམ་དུ་བཅར་དུས་ལ་ལས་ཁ་མི་གྲག་ལ་འགའ་ཤས་ཀྱིས་འཚམས་འདྲི་བྱས་བྱུང་། ངས་ང་བོད་པ་ཡིན་ཟེར་དུས་ཚང་མས་འདི་བད་པ་རེད་བད་པ་རེད་ཅེས་དགའ་འཛུམ་འཛུམ་དང་སྙིང་ཉེ་ཉེ་བྱས་པས་སེམས་ནང་སྤོབས་པ་སྐྱེས་ཏེ་གཡབ་ཀྱི་སྒོ་ཁར་སོང་། གཡབ་ནང་མཆོད་སྟེགས་ཀྱི་ཐོག་ལ་འབག་མགོ་འཇིགས་སུ་རུང་བ་ཞིག་དང་འགྲམ་ལ་འབྲུ་སྣ། གོ་རེ། ཤུག་པ། བདུད་སྤོས་སོགས་མཆོད་འདུག བོད་དམག་བོད་པའི་ཆ་ལུགས་སྤྲས་པའི་སྐྱེས་པ་གསུམ་ལས་གཅིག་གིས་ཤོག་གུ་དཀར་པོའི་ཐོག་ལ་རི་མོ་དྲས་ཤིང་། གཞན་ཞིག་གིས་རྩམ་པ་བརྫིས་ཏེ་མཆོད་པ་བཅས་རྗེས་པར་ཤིང་ངོས་ཀྱི་རི་མོ་རྣམས་དཔར་བཞིན་འདུག རྒན་པ་ཞིག་གིས་འགྲམ་ལ་མཛུབ་སྟོན་བྱེད་ཀྱིན་སྣང་། ཕོ་སར་གཉིས་ཀྱིས་ཟུར་ལ་ཤིང་ཐུར་མང་པོ་གཞོགས་རྗེས་ཤོག་གུ་དཀར་སེར་དམར་ལྗང་ཟུར་གསུམ་མ་དེའི་རྩེ་མོར་འདོགས་བཞིན་སྣང་། ཅུང་བསྒུགས་རྗེས་ཤིང་ཐུར་ལས་མཁར་རྫོང་ཟུར་བཞི་ཅན་གྱི་རྣམ་པ་ལྟ་བུ་མཐོ་ཚད་ཁྲེ་ཙི་དོ་ཙམ་ཡོད་པ་ཞིག་ལས་རྗེས། གོང་དུ་ངོ་སྤྲོད་བྱས་ཡོད་པའི་ས་ལ་གཡུང་དྲུང་འཁོར་དགུ། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཅེས་ས་གཞི་དང་རྩ་རྩི་ཤིང་། བྱ་དང་ར། ཉི་མ་དང་ཟླ་བའི་རི་མོ་ཡོད་པའི་ཤོག་ལེབ་གྲུ་བཞི་མས་དཀྲིས་པ་དང་། ཐོག་ལ་ཤོག་གུ་དཀར་སེར་དམར་ལྗང་ཟུར་གསུམ་མ་དར་ཆར་བཙུགས་ཏེ་མཆོད་སྟེགས་ཐོག་བཙུགས། ཤིང་ལས་གྲུབ་པའི་མཁར་རྫོང་ལྟ་བུའི་གྲུ་བཞི་མ་འདི་མཐོང་དུས་ངས་ལམ་སང་བོད་ཀྱི་མཁར་རྫོང་ནི་ལྷ་ལ་མཆོད་པ་འབུལ་བ་དང་མིའི་རྣམ་ཤེས་ལྷ་ཡུལ་དུ་འཕོས་པར་བྱེད་པའི་དམུ་སྐས་ལྟ་བུ་དང་འབྲེལ་བ་ཡོད་ཚུལ་དྲན་བྱུང་།

  ཆོ་ག་སྒྲུབ་པར་གྲ་སྒྲིག་བྱེད་བཞིན་པ།
仪式前的准备工作
  
ཁོང་ཚོས་དེ་དག་གྲ་སྒྲིག་བྱས་ཚར་རྗེས་པོ་ཏི་ལག་བྲིས་མ་ཞིག་མདུན་ལ་བཞག་སྟེ་རྔ་རྡུང་བ་དང་སྦུབ་ཆལ་དཀྲོག་བཞིན་ཆོ་ག་སྒྲུབ་འགོ་བརྩམས། ཆོ་ག་སྒྲུབ་མཁན་ལ་ཁོང་ཚོའི་སྐད་ནང་བན་མོ་ཞེས་འབོད། མཛུབ་སྟོན་བྱེད་མཁན་གྱི་རྒན་པ་དེ་ལ་བན་རྒན་དང་སྦྱངས་ནས་ཡུན་རིང་མ་འགོར་བ་ཚོ་ལ་བན་གསར་ཞེས་འབོད་ཀྱིན་འདུག ཁོ་རང་ཚོའི་སྐད་ནང་བོད་ལ་བད་ཅེས་པའི་སྒྲ་ཐོན་པ་ལྟར་བོན་ལ་བན་ཟེར་བས་ཆོ་ག་སྒྲུབ་མཁན་བོན་པོ་ལ་བན་མོ་ཞེས་ཟུར་ཆག་པ་མིན་ནམ་སྙམ། མཁས་དབང་ནམ་མཁའི་ནོར་བུ་ལགས་ཀྱིས་དེང་དུས་སུ་བོན་ཅེས་པའི་ཚིག་འདི་ནི་ཤིན་ཏུ་ཡོངས་གྲགས་སུ་གྱུར་ཡོད་ཅིང་། ཚིག་འདིའི་འབྱུང་ཁུངས་རྣལ་མ་ནི་བོད་སྐད་ཀྱི་བརྡ་རྙིང་བཟླས་པའམ། དེའི་རྗོད་ཚིག་བོན་པ་སྟེ། བཟླ་བ་ཞེས་པའི་དོན་ལ་འཇུག་ཅིང་། མིང་དེ་སྐད་དུ་གྲགས་པའི་རྒྱུ་མཚན་ནི་གནའ་དུས་སུ་སྔགས་བཟླ་བའམ་དེ་འབྲེལ་གྱི་ཆོ་ག་དང་རིམ་གྲོ་བྱེད་པ་ལ་བོན་བྱེད་པ་དང་། དེ་ལྟར་བྱེད་མཁན་གྱི་གང་ཟག་དེ་ལ་བོན་པོ་ཞེས་པའི་ཐ་སྙད་ཆགས་འདུག་ཅེས་གསུངས།


 མཁར་རྫོང་གི་རྣམ་པ་དང་འདྲ་བའི་མཆོད་པ།

形似碉楼的供品


 བོན་པོ་ཚོས་གཡབ་ནང་འདོན་ཆོག་འདོན་ཞིང་སྐྱེས་པ་འགའ་ཡིས་ར་ཆེ་ཆུང་ལྔ་ཁྲིད་ནས་ལྷ་ཤིང་གི་རྩ་བར་བཏགས་སོང་། ངས་མི་རྒན་ཞིག་ལ་བཀའ་འདྲི་ཞུས་པ་ན། ཁོང་གིས་ར་ཕོ་ཆེ་བ་དེ་ནི་གྲོང་པས་ཚེ་ཐར་བཏང་བ་རེད། དེ་མིན་ཚོ་བསད་ནས་རྔན་འབུལ་བྱེད་དགོས་རེད་ཟེར། རྔན་འབུལ་ཞེས་པ་ནི་གནའ་དུས་ཀྱི་བོན་ཆོས་ནང་འཇིག་རྟེན་གྱི་ལྷ་ཀླུ་གཉན་གསུམ་ལ་ལས་བཅོལ་བྱེད་པར་ར་སོགས་དམར་བསད་བཏང་ནས་འབུལ་བ་ལ་ཟེར། དེ་ལ་བྱ་རྔན་དང་ར་རྔན། གླང་རྔན་སོགས་ཡོད། དམར་བསད་ཅེས་ཐོས་མ་ཐག་ངས་ལམ་སང་ལོ་རྒྱུས་ཀྱི་ཡིག་ཆ་ནང་དགུན་བོན་ལྷ་དམར་མཆོད། དབྱར་བོན་སྟོང་བསང་མཆོད་ཅེས་པའི་ཚིག་དེ་དྲན་བྱུང་མོད། འདི་ན་ནི་ལུགས་སྲོལ་ཙམ་མ་གཏོགས་སྟོང་མཆོད་ཁྲི་མཆོད་བྱེད་སྲོལ་ཡོད་མི་སྲིད། ཁོང་ཚོས་ཚེ་ཐར་བཏང་བའི་ར་ཕོ་དེ་ལ་སྡེ་ར་ཞེས་འབོད་ཀྱིན་ཡོད་པ་ནི་ངའི་ཕ་ཡུལ་གྱི་འབྲོག་ས་ན་ལྷས་ར་སྲུང་བའི་གཡག་ཚེ་ཐར་ལ་ལྷས་གཡག་ཅེས་འབོད་སྲོལ་ཡོད་པ་དང་གཅིག་པ་རེད།


འདོན་ཆོག་འདོན་བཞིན་པ།
 诵经
  ཉིན་གུང་མ་ཡོལ་གོང་གྲོང་པའི་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་བོད་དམག་བོད་པའི་ཆ་ལུགས་སྤྲས་ཏེ་མེ་ཕུང་གི་མཐའ་ལ་འཛོམས་བྱུང་། བུད་མེད་ཚོས་མགོ་ལ་བྱ་ཡི་མཇུག་སྒྲོ་བཙུགས་པའི་ཕྱིང་ཞྭ་གྱོན་ལ་སྨད་གཡོགས་ནི་མདོག་དཀར་སེར་དམར་ལྗང་གི་རས་ལས་དྲུབས་ཤིང་ཆགས་སྲུབ་བསྡུས་ཡོད་པ་དང་། སྟོད་ཐུང་གི་ཕུ་རུང་དང་ཕྲག་པ་ལའང་མདོག་འདྲ་མིན་སྣ་ཚོགས་བཀྲ་ཞིང་། དེའི་ཐོག་ཕུ་མེད་ཐུང་ཐུང་རྒྱབ་ལ་རྡོ་རྗེ་རྒྱ་གྲམ་ལྟ་བུའི་ལྷན་པ་བརྒྱབ་པའི་རི་མོ་ཡོད་པ་ཞིག་གྱོན་འདུག རི་མོ་དེ་ཧ་ཅང་དམིགས་བསལ་ཅན་ཞིག་ཡིན་པས་བཤད་སྲོལ་ཞིག་ཡོད་ཐག་ཆོད་མོད། རྒན་རྒོན་སུ་ལ་དྲིས་ཀྱང་ཡག་པའི་ཆེད་དུ་རེད་ཟེར་བ་ཙམ་ལས་གོ་མཁན་གཅིག་ཀྱང་ཐུག་མ་བྱུང་། ཁྱད་པར་དུ་ཁོ་ཚོས་སྐེ་ལ་འགྱིག་དཀར་པོ་གྲུ་བཞི་མ་གསུམ་མཐུད་པའི་ཐོག་ལ། དུང་འབུ་ཆུང་ཆུང་བདུན་བརྒྱད་ཙམ་སྤྲས་པའི་རྒྱན་ཆ་མཐོ་གང་དང་ཕྱེད་ཀ་ཙམ་ཡོད་པ་ཞིག་བཏགས་འདུག་པ་དེ་ལ་ཁོ་ཚོས་སྐེ་ཐོགས་ཟེར། སྔོན་མ་ཡིན་ན་དེ་ནི་ཉ་རུས་ཀྱིས་ལས་པས་རྒྱ་ཡི་ཞིབ་འཇུག་པ་ཚོས་བོད་དམག་བོད་པ་ཚོ་ནི་རྒྱ་མཚོའི་མཐའ་ནས་འོངས་པ་རེད་ཟེར་ཡང་དེ་ནི་ཁུངས་མེད་ཀྱི་གཏམ་སྟེ།《ཆོས་འབྱུང་མཁས་པའི་དགའ་སྟོན།》ནང་ལས། དེ་ནས་རྒྱལ་པོ་འབྲོང་གཉན་ལྡེ་རུ་སྟེ། རྟོབ་པའི་ནད་ཀྱིས་སྐུ་ལ་སྙུན་འཛེ་བྱུང་། དྭགས་པོ་ནས་མཆིམས་ཟ་ཀླུ་རྒྱལ་བྱ་བ་མཛེས་པ་གཅིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་དྲིས་པས་ང་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ནམ་ཟེར་ནས་ལེན་བཅུག་པས་གཡོག་མོས་སྦལ་པ་མར་བཙོས་མང་དུ་སླངས་ཏེ་མཛད་དུ་སྤྲས་ནས་ཟོས་པས་མཛེས་པར་གྱུར་ནས་རྒྱལ་པོས་ང་རང་ཡང་བཟའོ་སྙམ་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་བས་སྦལ་རོ་མཐོང་བས་རྟོག་པ་བྱུང་སྟེ་བསྙུན་ནད་བྱུང་། དེ་དུས་བོད་གཞན་ན་ཉ་མི་ཟ་བར་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་དེ་ན་ཉ་ཟ་ཞིང་ཉ་ལ་སྦལ་པར་གྲགས་པ་ཡིན་སྐད། ཅེས་གསུངས་པ་ལྟར་ན་སྐབས་དེ་དུས་དྭགས་པོ་ན་ཉ་ཟ་བས་མ་ཚད་བོད་མི་ཚོས་གླ་བ་ཡི་མཆེ་བ་སོགས་སྐེ་ལ་བཏགས་པ་ནང་བཞིན། ཉ་ཡི་རུས་པ་རྣོན་པོས་རྐང་ལག་ལ་ཟུག་པའི་ཚེར་མ་རྐོ་ཆོག་པས་ཁོང་ཚོས་སྐེ་ལ་བཏགས་པ་དང་། རྗེས་སུ་རྒྱན་ཆར་གྱུར་པ་མིན་ནམ་སྙམ།

 བུད་མེད་ཚོས་སྐེ་རུ་འདོགས་པའི་ཉ་རུས་ཀྱི་རྒྱན་ཆ།
妇女脖子上的鱼骨首饰

 གང་ལྟར་དེས་ཀྱང་ཁོང་ཚོ་ནི་དྭགས་པོ་ནས་འོངས་པའི་བོད་དམག་གི་རྒྱུད་པ་འཁྲུལ་མེད་ཅིག་ཡིན་པ་བསྒྲུབས་པ་མིན་ནམ། སྐྱེས་པ་ཚོས་བོད་གོས་མཐའ་ཤན་ཅན་རིང་པོར་གྱོན་ཏེ་སྐེད་རགས་སྦོམ་པོ་ཞིག་བཅིངས་པ་དང་། ལ་ལ་ཡིས་སྐེད་པར་རས་ཁུག་ཅིག་བཏགས་ཡོད་པ་དེ་ནི་སྔོན་མར་སྔོ་དུ་འཐེན་མཁན་ཚོས་དུ་ཁུག་འདོགས་སྲོལ་ཡོད་པའི་རྒྱུན་རེད་ཟེར། དེ་ནི་ངའི་ཕ་ཡུལ་རོང་ས་ལའང་སྔོན་མར་སྔོ་དུ་འཐེན་མཁན་ཚོས་རས་དང་ཀོ་བ་ལས་དྲུབས་པའི་དུ་ཁུག་ཚར་ལོ་ཅན་འདོགས་སྲོལ་ཡོད་པ་དང་གཅིག་པ་རེད། གྲོང་མི་རྒན་གཞོན་ཚང་མ་འཛོམས་རྗེས་མེ་ཕུང་བསྐོར་ཏེ་ཟེར་སྡེར་བཏང་བའི་བྲོ་དབྱངས་ལྟར་སྐོར་བྲོ་འཁྲབ་པ་དང་མཚམས་མཚམས་སུ་བྱ་ཕོ་གཉིས་ཀྱིས་འཛིང་རེས་བྱེད་པ་ལྟར་རྐང་པ་གཅིག་རྐང་པ་གཞན་ཞིག་གི་པུས་མོ་ཐོག་བཞག་སྟེ་གཏུག་རེས་བྱས་པ་དང་། སྐབས་འགར་བྱ་གླག་གིས་བྱིའུ་བཟུང་བའི་རྩེད་མོ་བརྩེས། ངས་འགྲམ་དུ་ཡོད་པའི་ཕོ་སར་ཞིག་ལ་ཟེར་སྡེར་མ་བཏང་བར་ཁ་ནས་དབྱངས་རྟ་ལྡན་པའི་བྲོ་ཚིག་ལེན་ཞིང་ལག་པ་སྦྲེལ་ཏེ་རྐང་པས་རྡོག་བྲོ་རྒྱག་པའི་བོད་བྲོ་འཁྲབ་སྲོལ་མེད་དམ་ཞེས་དྲིས་པར་ཁོས་མུན་རུབ་རྗེས་འཁྲབ་རེད་ཅེས་ཟེར་བས་ངས་ལྟ་འདོད་དེ་ལས་ཆེ། སྐབས་དེར་ཕོ་སར་གསུམ་བཞི་ཡིས་དམར་མཆོད་བྱེད་པར་ར་གསོད་འགོ་བརྩམས་ཀྱང་། ལོ་ཇེ་ཆེར་འགྲོ་བ་དང་བསྟུན་ནས་ཕག་དང་ར་ལུག་སོགས་དམར་བསད་བྱེད་མ་ཟེར་ལྟའང་མི་ཚུགས་པས་ང་འགྲམ་དུ་བཅར་མ་ཕོད། དམར་མཆོད་བྱེད་སྲོལ་པར་དུ་ལེན་དགོས་པས་ཆུ་ཚོད་ཕྱེད་ཀ་ཙམ་བརྒལ་རྗེས་འགྲམ་དུ་སོང་དུས། ཚེ་ཐར་བཏང་བའི་ར་ཕོ་དེ་མ་གཏོགས་དེ་མིན་ཚང་མ་བསད་ཚར་འདུག །ཕོ་སར་གཉིས་ཀྱིས་ར་རོ་ཞིག་གི་གློ་བ་དང་སྙིང་། མཁལ་མ། ནང་ཚིལ་བཅས་ལས་དུམ་བུ་དུམ་བུ་བཅད་རྗེས་གཡབ་ནང་གི་མཆོད་སྟེགས་ཐོག་བཞག་པ་དང་། ཁྲག་གསོག་པའི་སྡིག་ཁོག་དེའང་མཆོད་སྟེགས་མདུན་ལ་བཞག །ར་རོའི་ཁ་ནང་ཤུག་པ་གང་བརྫངས་རྗེས་ཁོག་ཕྱེད་ཀ་པགས་པ་དང་བཅས་མཆོད་སྟེགས་འགྲམ་དུ་དཔྱངས་མ་ཐག་བོན་རྒན་དེས་ཤུག་པས་བདུག་བདུག་བྱས། དེ་མིན་གཙང་མར་བཀྲུས་རྗེས་ཟངས་ཁོག་ཆེན་པོ་གཉིས་ནང་བཙོས། མི་རྒན་ཞིག་གིས་ར་ཁོག་ཕྱེད་ཀ་དེ་ནི་ཆོ་ག་སྒྲུབ་མཁན་བོན་པོ་ཚོའི་སྐལ་བ་རེད་ཟེར། གཡབ་ཀྱི་ཟུར་ལ་རྒྱ་ལྕང་གི་ཡལ་ག་ཕུང་པོར་བསྡམས་པ་ཞིག་བཞག་ཡོད་པ་དེ་ནི་ཕྱི་ལ་ཕུད་རྒྱུ་གདོན་འདྲེའི་ཚབ་རེད་ཟེར།﹙ཁོང་ཚོའི་སྐད་ནང་འདྲེ་ལ་ཐེའུ་རང་ཟེར།﹚

  ཡུལ་མི་ཚོས་རྩེད་མོ་རྩེ་ཚུལ།
村民们正在娱乐嬉戏

ངས་བོད་དམག་བོད་པ་ཚོས་ཕྱིང་ཞྭ་བྱ་སྒྲོ་ཅན་གྱོན་སྲོལ་དང་དམར་མཆོད་བྱེད་ཚུལ་རྣམས་པར་དུ་བླངས་ནས་སྐད་འཕྲིན་ནང་བཏང་མ་ཐག །དྲ་གྲོགས་མང་པོས་མིག་ནང་མི་མཛེས་རབས་དང་སེམས་ནང་མི་འབབ་ཚུལ་གྱིས་འཁང་ར་བྱེད་པར་མ་ཟད། རྨོངས་དད་དང་རྗེས་ལུས་རེད་ཅེས་འུར་བརྒྱབ་བྱུང་། རང་འདོད་ཆེ་བའི་མི་རྣམས་ཀྱིས་ཆ་རྒྱུས་མེད་པའི་ཡུལ་སྲོལ་གོམས་གཤིས་ལ་དམའ་འབེབས་དང་མཐོང་ཆུང་བྱེད་སྲིད་མོད། གལ་སྲིད་ཁོང་ཚོས་བརྒྱུད་ཟིན་པའི་ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་ཁུངས་ལ་དབྱེ་འབྱེད་ངོས་འཛིན་དྲང་བདེན་ཞིག་བྱེད་ཐུབ་ན་ཇི་འདྲ་བསམ་ཡུལ་ལས་འདས་པའི་ཡུལ་སྲོལ་ཞིག་ཡིན་ཡང་བརྩི་བཀུར་དང་ཡི་རངས་བྱེད་ངེས་རེད།

 ཁྲོ་རྒས་འཁྲབ་སྦྱོང་བྱེད་བཞིན་པའི་བྱིས་པ།
表演晁通老人的小孩

 ཕྱི་དྲོར་ཉི་མ་ལོག་སོང་། གྲོང་མི་རྩེད་མོ་རྩེ་མཁན་ཚོའང་རིམ་བཞིན་དུ་ཁྱིམ་ནང་དགོང་ཟས་ཟ་རུ་ལོག་སོང་། ཁ་སང་ཨ་མྱེ་ལྕགས་འབྲུག་ཐར་གྱིས་དེ་རིང་འདི་ན་ཁྲོ་རྒས་འཁྲབ་རེད་ཟེར་ཡང་ད་དུང་མི་འཁྲབ་པ་ཅི་ཡིན་ནམ་དྲན་ཏེ་གཡབ་ཀྱི་སྒོ་ཁར་སོང་དུས་བོན་རྒན་དང་བོན་གསར་ཚོས་ཀྱང་ངལ་གསོ་བཞིན་འདུག་པས་ང་ཁོང་ཚོའི་འགྲམ་དུ་བཅར་ནས་ཁ་བརྡ་ཉུང་ཉུང་ཙམ་བྱས་པའི་གོ་སྐབས་ཐོབ། བོན་རྒན་གྱི་མིང་ལ་སྐལ་འགྲུབ་ཚེ་རིང་ཟེར། ཁོང་ཡང་ཞིང་ཆེན་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་རེད་འདུག ཁོང་གིས་ཆོ་ག་འདི་འདྲ་ཞིག་སྒྲུབ་ཐེངས་གཅིག་ལ་ཉིན་མཚན་གཉིས་ཙམ་འདོན་ཆོག་འདོན་དགོས་པ་དང་།འདོན་རྒྱུ་གཙོ་བོ་ནི་རི་ཆུ་ལ་བསྟོད་པ་དང་གདོན་འདྲེ་མཐའ་རུ་བསྐྲད་པའི་གཟུངས་རེད། དོ་དགོང་ཆུ་ཚོད་བཅུ་གཉིས་ཐོག་ལ་ཁྲོ་རྒས་ཐེངས་གཅིག་འཁྲབ་པ་དང་། དེ་ནས་སང་ཉིན་སྔ་མོ་ཡང་ཐེངས་གཅིག་འཁྲབ་རྗེས་གཞི་བདག་གསོལ་བ་དང་། གཞི་བདག་གསོལ་ཚར་རྗེས་དུད་ཁ་ཚང་མ་བསྐོར་ཏེ་ཁྲོ་རྒས་འཁྲབ་ནས་ཕྱི་དྲོར་གདོན་འདྲེ་རྣམས་ལུང་པའི་འདབས་ལ་དེད་དགོས་པ་རེད་ཅེས་གསུངས།རིགས་ལྔ་ཅོད་པན་འདྲ་མོ་ཞིག་གྱོན་པའི་བོན་གསར་དེའི་སྔོན་ལ་པོ་ཏི་ཞིག་བཞག་ཡོད་པ་ལ་གཟབ་གཟབ་ཀྱིས་བལྟས་དུས། བོད་ཡིག་ཐོག་མར་སྦྱོང་མཁན་གྱིས་བྲིས་པའི་འབྲུ་ཚ་ལྟ་བུའི་ཡིག་གཟུགས་ནང་སྐུངས་ཡིག་ཡོད་ཅིང་། མང་ཤོས་འདོན་ཤེས་ལ་དོན་གོ་ཡང་འགའ་ཤས་ཇི་ལྟར་ཀློག་དགོས་པའང་མ་ཤེས། ཡང་གཅིག་བལྟས་དུས་ཡིག་གཟུགས་དེ་དག་ནི་མཁས་དབང་ནམ་མཁའི་ནོར་བུའི་ཕྱག་རྩོམ་ནང་བཀོད་པའི་སྨར་ཡིག་གམ་ལྷ་བབ་ཡི་གེ་དང་ཅུང་འདྲ་སྣང་ཤར། དཔེར་ན། ཤོག་ལེབ་ཅིག་གི་ཐོག་ལ་བན་པ་ཐམས་ཅད་བཟློགས་པར་གྱུར།། རྐྱེན་ངན་ཐམས་ཅད་བཟློགས་པར་གྱུར། །མི་ནི་ངན་པ་ཕྱུང་ནི་ཐམས་ཅད་བཟློགས་པར་གྱུར།། ཞེས་པའི་ཚིགས་བཅད་རེ་རེའི་ནང་གི་ཐམས་ཅད་ནི་སྐུང་ཡིག་ཏུ་བྲིས་འདུག་ལ་མཇུག་གི་ཡི་གེ་དེ་ཅི་ཡིན་མ་ཤེས། ངས་འབྲི་དེབ་ཐོག་ལ་ཡོངས་སུ་དག་པའོ། བླ་མ་ལ་སྐྱབས་སུ་མཆི་ཞེས་བྲིས་ཏེ་བོན་རྒན་ལ་འདོན་རོགས་ཞུས་པས། ཁོང་གིས་སྦྱོར་ཀློག་བྱེད་སྟངས་ནི་ང་ཚོ་དང་འདྲ་ཡང་སྒྲ་གདངས་ལ་འགྱུར་ལྡོག་ཆེ་བས་རྣ་བས་ཐོས་པ་ཙམ་གྱིས་ཁོང་ཚོས་ཅི་ཞིག་འདོན་བཞིན་ཡོད་པ་ཤེས་མི་ཐུབ། བོན་གསར་གྱིས་མགོ་ལ་གྱོན་པའི་རིགས་ལྔ་ཅོད་པཎ་འདྲ་མོ་དེ་ནི་རྒྱལ་བ་རིགས་ལྔ་སྟེ་དབུས་ཀུན་སྣང་ཁྱབ་པ། ཤར་གསལ་བ་རང་འབྱུང་། བྱང་དགེ་ལྷ་གར་ཕྱུག ནུབ་བྱེ་བྲག་དངོས་མེད། ལྷོ་དགའ་བ་དོན་གྲུབ་ཅེས་བོན་པོའི་ཤེས་རབ་མཚོན་པའི་ལྷ་ལྔ་རེད་ཟེར།

འབག་མགོ

面具

   བོན་རྒན་དང་བོན་གསར་ཚོས་མུ་མཐུད་ནས་རྔ་བརྡུངས་ཏེ་འདོན་འགོ་བརྩམས་པས་ངས་བཀག་འགོག་བྱེད་མ་བདེ། མི་སེར་ཚོས་དགོང་ཟས་བཟས་ཚར་ནས་སླར་ཡང་མཉམ་དུ་འཛོམས་ཏེ་སྐོར་བྲོ་འཁྲབ་འགོ་ཚུགས། ད་ཅི་ཕོ་སར་ཞིག་གིས་བཤད་པ་ལྟར་ད་ནི་བྲོ་པ་དང་གླུ་པ་རྣམས་ཀྱིས་གསར་དུ་བསྒྲིགས་པའི་རོལ་དབྱངས་མི་དགོས་པར། ཚང་མས་ལག་གདང་སྦྲེལ་ནས་བོད་བྲོ་ངོ་མ་འཁྲབ་པས་ངས་ཀྱང་ལོ་ན་ཅུང་ཆེ་བའི་བུད་མེད་ཅིག་གི་ལག་ལ་འཇུས་ཏེ་ཁོ་ཚོ་དང་མཉམ་དུ་བོད་བྲོ་འཁྲབ་པ་ཡིན། བྲོ་ནི་རྐང་པའི་རྡོག་བྲོ་དང་ལག་པའི་སྟངས་སྟབས། བྲོ་ཚིག་གི་ངག་རྟའི་ཐོག་ནས་ལོ་རྒྱུས་ཀྱི་རྗེས་དྲན་དང་འཚོ་བའི་ལུགས་སྲོལ། མིའི་སེམས་ཁམས་སོགས་ཐུན་མོང་གི་འདུ་ཤེས་མཚོན་བཞིན་ཡོད་པ་རེད། ཁོང་ཚོས་འཁྲབ་པའི་བྲོ་ལ་རྡོག་བྲོ་དང་ངག་རྟ་ལ་འགྱུར་ལྡོག་མི་ཆེ་བས་འཁྲབ་སླ་མོ་རེད་མོད། གླུ་ཚིག་གོ་དཀའ་བས་ངས་འགྲམ་ལ་ཡོད་པའི་བུད་མེད་དེ་ལ་དྲིས་པ་ན། གནམ་ལ་སྐར་མ་འཁྱིལ། ས་ལ་བདེ་མོ་ཆགས། བྲོ་ར་བྲོ་ར་བདེ། ལོ་རྒྱས་དཀར་ལོ་བདེ། ཞེས་འགའ་ཤས་གོ་བྱུང་བས། དེ་ནི་ཁམས་མི་ཉག་གིས་འཛོམས་བྲོ་སྨོན་བྲོ་དང་གཞི་བདག་ལ་བསྟོད་བྲོ་འཁྲབ་སྲོལ་ཡོད་པ་དང་གཅིག་པ་རེད་སྙམ།

 དམངས་སྲོལ་རིག་གནས་ཀྱི་ངོ་བོ་ནི་མི་དང་མི་བར། མི་དང་རང་བྱུང་ཁམས་བར་ཕན་ཚུན་ཞི་མཐུན་ཡོང་བ་དེ་རེད། གལ་སྲིད་འདི་ལྟ་བུའི་དུས་ཆེན་དང་རིག་གནས་ཤིག་མེད་ན་ལྷན་དུ་འཛོམས་རྒྱུ་དཀའ་ལ་འཆམ་མཐུན་ཞེས་པ་ནི་དེ་ལས་དཀའ་བས་མི་རིགས་ཤིག་གོང་བུར་སྒྲིལ་བའི་དངོས་མིན་རིག་གནས་ནི་ཅིས་ཀྱང་དམ་འཛིན་བྱ་དགོས་པ་ཞིག་རེད།

 ཁོང་ཚོས་བྲོ་འཁྲབ་ནས་དཀའ་ངལ་ཤར་དུས་མེ་ཕུང་གི་མཐའ་རུ་བསྡད་དེ་ཆང་འཐུང་གླུ་ལེན་བྱེད་པ་དང་། ཁྱད་པར་དུ་བུ་ཆུང་ཆུང་གཉིས་ཀྱིས་ཁོག་སྟོད་ལ་སློག་པ་དཀར་པོ་ཕྱི་ནང་བསྒྱུར་ཏེ་གྱོན། ལག་གཡས་པས་ཤིང་གྲི་རིང་པོ་ཞིག་བཟུང་སྟེ་བྲོ་ར་ནང་འཕར་མཆོངས་བྱས་པ་ནི་ཁྲོ་རྒས་འཁྲབ་མཁན་ལ་ལད་མོ་བྱེད་པ་རེད་ཟེར། ངལ་གསོ་དུས་ཕོ་སར་གཉིས་ཀྱིས་ཉིན་མོར་ཟངས་ཁོག་ནང་བཙོས་པའི་ར་ཤ་དུམ་བུ་རེ་མི་ཚང་མ་ལ་བཀྲམ་པ་ནི་བོད་ཁམས་གཞན་དག་ན་ཆོས་ཚོགས་ཆེན་མོའི་དུས་སུ་ཚོགས་བཀྲམ་པ་དང་འདྲ། ཁོང་ཚོས་གླུ་གང་མང་བླངས་རྗེས་ང་ལའང་གླུ་ཞིག་ལེན་རོགས་ཞེས་རེ་བ་བཏོན་པ་ལྟར་ངས་དང་པོ་མ་མཇལ་རི་བོ་མཐོན་པོས་བཀག། གཉིས་པ་མ་མཇལ་ཆུ་ཆེན་ཆུ་ཡིས་བཅད།། གསུམ་པ་མཇལ་དུས་ཕར་དགའ་ཚུར་དགའ་རེད།། ཚེ་འདིར་ཡང་ཡང་འཛོམས་པའི་སྨོན་ལམ་ཤོག། ཅེས་ཕ་ཡུལ་གྱི་ལ་གླུ་ཞིག་བླངས་པ་དང་། མ་ལེན་གོང་གླུ་ཡི་ནང་དོན་ལ་འགྲེལ་པ་བརྒྱབ་པས་ཁོ་ཚོ་ཚང་མ་ཧ་ཅང་དགའ་སོང་། བུ་མོ་ཞིག་གིས་ཡང་ནས་ཡང་དུ་ང་ལ་ཟུར་མིག་གི་མདའ་མོ་འཕངས་པས། ངས་སེམས་ཁོང་ནས་བརྡོལ་བའི་གླུ་དབྱངས་ནི་རང་གཞན་གཉིས་ཀ་ལ་སེམས་འགུལ་ཐེབས་པའི་ཚིག་དང་དབྱངས་ཀྱི་སྒྱུ་རྩལ་ཞིག་རེད་སྙམ། གལ་སྲིད་ཟུར་མིག་དེས་ང་འདི་ན་བཏགས་ན་ལུང་པ་འདིའི་ནང་ཡང་དབྱངས་བཞིའི་བྲག་ཅ་འཁོར། གསལ་བྱེད་ཀྱི་རི་མོ་བཀྲ་ནའང་ཐང་། ཧེ་ཧེ། རྩེད་མོ་ཡིན། ངས་དེ་ལྟར་ལན་བརྒྱར་དྲན་ཡང་སྟོང་བསམ་རེད།

  ཆུ་ཚོད་བཅུ་གཉིས་རན་དུས་ཚང་མ་ཡར་ལངས་ཏེ་གཡབ་ཀྱི་སྒོ་ཁར་གྲལ་བསྒྲིགས་ནས་ཁྲོ་རྒས་འཁྲབ་མཁན་ཚོ་ལ་རེ་སྒུག་བྱེད།ཅུང་མ་འགོར་བར་མགོ་ལ་མིག་འབུར་ཞིང་མཆེ་བ་གཙིགས་པའི་འཇིགས་སུ་རུང་བའི་འབག་མགོ་དཀར་ནག་དམར་སྔོ་གྱོན། ལུས་ལ་ཕྱི་ནང་བསྒྱུར་ཏེ་སྔོན་རྗེས་གཉིས་ལ་མདུད་པ་བརྒྱབ་ཡོད་པའི་སློག་པ་རེ་གྱོན་ཏེ་ཀི་སྒྲ་འདེབས་བཞིན་གཡབ་ཀྱི་སྒོ་ཁར་སླེབས་མ་ཐག་བོན་པོ་རྣམས་ཀྱིས་བརྡུངས་པའི་རྔ་སྒྲ་དང་བསྟུན་ནས་ཁྲོ་རྒས་འཁྲབ་འགོ་ཚུགས། ཁྲོ་རྒས་འཁྲབ་པའི་བར་བར་དུ་མི་སེར་ཚོས་སྐད་ཆེན་པོས་ཀི་བཏབ་པ་དང་འུར་སྒྲ་བརྒྱབ་པ་ནི་གདོན་འདྲེ་ལ་འཇིགས་སྐྲག་བསླངས་པ་རེད་ཟེར། ཁྲོ་རྒས་འཁྲབ་དུས་རྐང་ལག་གི་སྟངས་སྟབས་ལ་འགྱུར་ལྡོག་ཆེན་པོ་མེད་པ་ནི་ནང་བསྟན་དགོན་པ་ནང་འཆམ་རྒྱག་པའི་ཚུགས་ཀ་དང་འདྲ་མོ་རེད། དེ་ལྟར་ལན་གསུམ་ཙམ་འཁྲབ་རྗེས་མི་སེར་ཚོའི་ཀི་སྒྲ་ཁྲོད་ནས་ཕྱིར་ལོག་པ་དང་། གྲོང་མི་ཚང་མ་རང་རང་སོ་སོའི་ཁྱིམ་ནང་ལོག་སོང་།

  དེའི་སང་ཉིན་སྔ་མོར་ཁྲོ་རྒས་འཁྲབ་མཁན་ཚོ་སླར་ཡང་གཡབ་ཀྱི་སྒོ་ཁར་འཛོམས་ཏེ་ཐེངས་གཅིག་འཁྲབ་རྗེས་དུད་ཁ་སོ་སོར་སྐོར་ར་བརྒྱབ་པ་དང་། གྲོང་མི་ཚོས་ཤིང་གྲི་རེ་རེ་གཞོགས་ཏེ་རྩེ་མོར་ར་ཁྲག་བརྐོས་ཏེ་ལག་ནང་བཟུང་པ་ནི་ཕྱི་དྲོར་གདོན་འདྲེ་ཕྱི་ལ་ཕུད་དུས་འཕྱར་དགོས་རེད་ཟེར། ཉིན་གུང་ལ་སོན་དུས་གྲོང་མི་ཚང་མས་མཉམ་དུ་ཁ་སང་བཙོས་པའི་ར་ཤ་རྣམས་གཙང་མར་བཟས་རྗེས་བོན་གསར་ཞིག་གིས་སྣེ་ཁྲིད་དེ་ཁྲོ་རྒས་འཁྲབ་མཁན་ཚོས་ཡང་བསྐྱར་ཐེངས་གཅིག་འཁྲབ་རྗེས། མི་རྒན་ཞིག་གིས་མཆོད་སྟེགས་ཐོག་བཞག་པའི་ཤིང་ལས་གྲུབ་པའི་མཁར་རྫོང་གྲུ་བཞི་མ་ལྟ་བུའི་འབུལ་བ་དེ་ཁྱེར། སྐྱེས་པ་ཚོས་ནས་འབྲུ་མཆོད་བཞིན་དེའི་རྗེས་སུ་འབྲངས་ཏེ་གྲོང་པའི་སྟོད་ན་གཞི་བདག་ལ་མཆོད་རྗེས། སྐྱེས་པ་ཞིག་གིས་སྔོན་ནས་རྔ་བརྡུངས། དེ་མིན་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་ཁྲོ་རྒས་འཁྲབ་མཁན་གྱི་རྗེས་སུ་དེད་དེ་ཁྱིམ་ཚང་རེ་རེར་སླེབས་དུས། ཁྲོ་རྒས་འཁྲབ་མཁན་ཚོས་ཁྲོ་རྒས་འཁྲབ། དེ་མིན་ཚོས་སྐོར་བྲོ་འཁྲབ་རྗེས་བདག་པོས་བཟའ་རྒྱུ་དང་འཐུང་རྒྱུ་བཀྲམ། དེ་ལྟར་གྲོང་པ་ནང་གི་དུད་ཁ་ཚང་མ་བསྐོར་ཚར་རྗེས་སླར་ཡང་ལྷན་དུ་འཛོམས་ཏེ་དུད་ཁ་སོ་སོས་ར་ཕོ་དེ་ལ་སྨོན་ལམ་བཏབ་ནས་གཞི་བདག་ལ་ཚེ་ཐར་བཏང་བ་དང་། དེ་ནས་ཕྱི་ནང་གི་གདོན་འདྲེ་ཚང་མ་ཕྱི་ལ་ཕུད་ཡིན་ཞེས་བོན་པོ་རྣམས་ཀྱིས་འདོན་ཆོག་འདོན། མི་སེར་ཚོས་ཀི་བཏབ་གྲི་འཕྱར་ནས་གདོན་འདྲེའི་ཚབ་ཏུ་ལྕང་མའི་ཡལ་ག་ཕུང་པོར་བསྡམས་པ་དེ་ལུང་པའི་འདབས་ལ་འཕངས་པ་ན་ལོ་གཅིག་གི་ཆོ་ག་རེ་ཞིག་མཇུག་རྫོགས་སོ།།

 ཁྲོ་རྒན་འཁྲབ་མཁན།
晁通老人表演者

རི་ཆུ་བར་གྱི་རང་བྱུང་ཁོར་ཡུག་ནང་འགྲོ་འདུག་བྱེད་པའི་མི་རྣམས་ཀྱིས་འབྱུང་བཞིའི་ཆོས་ཉིད་དང་བསྟུན་མཁས་ཀྱིས་གནམ་གྱི་ཉི་ཟླ་དང་ས་ཡི་རི་ཀླུང་ལ་དད་ཅིང་བཀུར་བས། ལོ་གསར་པ་ནང་གླུ་དང་བྲོ་ཡི་སྒོ་ནས་གསོལ་འདེབས་དང་རེ་སྨོན་ཞུས་ཏེ་བགེགས་སེལ་བགེགས་བསྐྲད་བྱས་པ་ལས། བོད་དམག་བོད་པ་ཚོ་ཕྱོགས་གཅིག་ནི་དེང་རབས་དཔལ་ཡོན་གྱིས་བཙོས་ནས་ཡོད་ལ་ཕྱོགས་གཞན་ཞིག་ནི་སྲོལ་རྒྱུན་རིག་གནས་ཀྱིས་འཚོ་བཞིན་ཡོད་པའི་འཚོ་བ་ལ་ཡིད་སྨོན་སྐྱེས་སོང་།

 གྲོང་གསེབ་ནང་ཡོད་པའི་སྲོལ་རྒྱུན་གྱི་ཁང་པ་དང་ལོ་རྒྱུས་ཀྱི་རྗེས་ཤུལ་ནི་དངོས་པོའི་རིག་གནས་ཀྱི་ཁོངས་སུ་གཏོགས་ལ།དམངས་སྲོལ་དང་སྐད་རིགས། གླུ་གར་ནི་དངོས་མིན་རིག་གནས་ཀྱི་ཁོངས་སུ་གཏོགས་པ་ནི་མེས་པོ་རིམ་བྱོན་གྱིས་གསར་དུ་བཏོད་ནས་བརྒྱུད་འཛིན་བྱས་པ་རེད། དེ་ནི་མི་རིགས་ཤིག་གི་སེམས་ཁམས་མོས་པ་དང་རྣམ་ཤེས་བཅངས་ས་ཡིན་པས་ཕྱི་རབས་པ་ཚོས་དེའི་བསམ་བློའི་རིན་ཐང་གོ་དགོས་པས་མ་ཚད། སྲོལ་རྒྱུན་དང་དེང་རབས་གཉིས་གཅིག་ལ་གཅིག་བརྟེན་གྱིས་འཆམ་མཐུན་ངང་རྒྱུན་འཛིན་བྱེད་ཐུབ་པར་བྱ་དགོས། དེ་དག་རྒྱུན་འཛིན་བྱེད་པ་ནི་མི་རིགས་གཅིག་ཁོ་ནའི་དོན་མ་ཡིན་པར་མིའི་རིགས་ལ་རིག་གནས་རྣམ་པ་སྣ་ཚོགས་འཛོམས་པར་འཇོག་པའི་བྱས་རྗེས་ཀྱང་རེད།

ཡུལ་མིའི་མཉམ་བསྐྱོན་འདྲ་པར། 
村民集体合影
   
རི་གནས་ནི་སྙིང་སྟོབས་དང་བླ་སྲོག་སྟེ་མི་རིགས་ཤིག་དཔལ་ཕུན་སུམ་ཚོགས་པར་འགྱུར་བའི་སྟོབས་ཤུགས་ཤིག་ཡིན་པས། རང་གི་ལོ་རྒྱུས་རིག་གནས་ལ་བརྩི་སྲུང་བྱེད་པའི་མི་རིགས་ཤིག་ཡིན་ན་འཛམ་གླིང་མི་རིགས་ཀུན་གྱིས་བརྩི་བཀུར་བྱེད་ངེས། གལ་སྲིད་རིག་གནས་དེ་དག་སྣང་མེད་དུ་བཞག་པ་ཡིན་ན། ཧར་གྱིས་བལྟས་ན་མི་ཡིས་རིག་གནས་བསྐྱུར་བ་འདྲ་མོད། དོན་དུ་རང་གི་རིག་གནས་མེད་པའི་མི་རིགས་ནི་ཕ་མ་མེད་པའི་དྭ་ཕྲུག་ཏུ་ལྷག་པ་དང་ཅིས་མི་འདྲ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཤི་ཐེ་ལེས་ཡུ་ཧུ་ད﹙ཡིའུ་ཏ﹚མི་རིགས་ལ་སྙིང་རྗེ་མེད་པའི་སྒོ་ནས་མནར་གཅོད་བྱས་ཏེ་རྒྱང་ཕུད་བཏང་ཡང་། ས་གནས་སོ་སོར་ཐོར་བའི་ཡུ་ཧུ་ད་མི་རིགས་ཀྱིས་རང་ཉིད་ཀྱི་རིག་གནས་དམ་འཛིན་བྱས་པས།འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ཁོང་ཚོས་སླར་ཡང་རང་གི་རིག་གནས་ལ་བརྟེན་ནས་དར་ཞིང་རྒྱས་པ་མིན་ནམ།


  ནང་ལ་འདུག་ན་དཔེ་ཀློག་དང་བསམ་གཞིག་བྱེད་པར་གོམས་ཤིང་། ཕྱི་ན་འགྲོ་ན་ཁ་བརྡ་དང་ཡི་གེ་འབྲི་བར་དགའ་བའི་ང་ལ་མཚོན་ན། འགྲོ་འདུག་བར་དུ་མཐོང་མ་མྱོང་བ་གསར་དུ་མཐོང་ཞིང་བྲིས་མ་མྱོང་བ་ཡིག་འབྲུར་སྨིན་པ་ནི་འགྲོ་སྐྱོད་ཀྱི་རིན་ཐང་དང་མི་ཚེ་ཡི་ནོར་བུ་ལ་རྩི་བཞིན་ཡོད། ལོ་གསར་རྙིང་གི་མཚམས་ལ་ལོ་རྒྱུས་ཐོག་རྒྱ་བོད་ཀྱི་ས་མཚམས་སུ་གནའ་ཆགས་ཀྱི་རིགས་རྒྱུད་ཅིག་ལ་མིག་གིས་བལྟས་ཤིང་རྣ་བས་མཉན་ལ། ཁ་ཡིས་དྲིས་ཤིང་ལག་པས་བྲིས་པ་རེ་ཞིག་མཇུག་རྫོགས་ཀྱང་། ཡུལ་དེ་ལ་རྒྱབ་གཏད་ནས་འགྲོ་དུས་དྭགས་པོ་ཆུ་བོས་ད་དུང་སེམས་པ་སྒུལ་བའི་གནའ་གཏམ་ལྷུག་ལྷུག་བརྗོད་བཞིན་ཡོད་པ་ཚོར། ཉིན་མཚན་གཉིས་ཕྱེད་རིང་གི་མཐོང་ཐོས་རེག་གསུམ་རྣམས་ཐོག་མའི་བག་ཆགས་དང་བར་གྱི་ཁ་བརྡ། མཐའ་མའི་ལྟད་མོ་ཞེས་པའི་ལེ་ཚན་ནང་བསྙལ་ནས་ཡོད་པས། ས་དེ་གའི་ཡུལ་མི་རྣམས་བོད་པ་དངོས་ཡིན་མིན་ནི་ངས་མ་བཤད་ཀྱང་། རང་རྒྱུས་རང་ལ་ཡོད་མཁན་ཚོར་ལག་པ་རུམ་ནང་བཅུག་པ་ལྟར་གདེང་ཚོད་ཁྲིགས་སི་ཡོད་ཐག་ཆོད་པས། རྗེས་སུ་ལ་བཤད་ལུང་བཤད་བྱེད་མཁན་ཚོ་ལ་གཅིག་དང་གཉིས། གཉིས་དང་གསུམ་ཞེས་ལུང་བཙན་པོ་དང་རིགས་པ་རྣོན་པོས་ལོ་སྨྲ་ཚར་དུ་གཅོད་པར་ཞུའོ། ། 












དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1