ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


གདན་ས་ཆེན་མོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་།
 八邦咋扎圣山全景

(དེབ་སྔོན་མའི་འཕྲོར་མཐུད།)དེ་ཡང་དཔལ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པའི་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་ནི་དེང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ནས་ཤར་ལྷོའི་ཕྱོགས་དཔལ་སྤུངས་ཡུལ་ཤོག་ཁོངས་སུ་ལམ་ཐག་སྤྱི་ལེ་54ལྷག་གི་མཚམས་སུ་གནས་ཤིང་། མཚོ་ངོས་ལས་མཐོ་ཚད་སྨི་3788ཡོད། གནས་ནང་དུ་དཔལ་རྒྱལ་བ་དཀའ་བརྒྱུད་པའི་དགོན་སྡེ་དཔལ་སྤུངས་དགོན་པ་སོགས་ཡོད།


དབུ་ཆེ་བྲག་དཀར་སྙིང་པོ།
 吴切圣山

1980ལོའི་ཟླ་7པའི་ཚེས་7ཉིན་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་སྤུངས་དགོན་པ་ནི་ཞིང་ཆེན་ཡོངས་ཀྱིས་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་པ་དང་། སྤྱི་ལོ་2013ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་རྫས་སྲུང་སྐྱོང་བྱ་བའི་གཙོ་བོའི་སྡེ་ཚན་གྱི་གྲས་སུ་བཞག་ཡོད་པའོ། །

གནས་ཆེན་དཔལ་གྱི་དེའུ།
巴迪圣山

དེའང་སྤྱི་ལོ་2019ལོའི་དེབ་གསུམ་པར་བཀོད་པའི་ཡོན་ཏན་ཐུགས་ཀྱི་གནས་མཆོག་ཙཱ་འདྲ་རིན་ཆེན་བྲག་ལ་བསོད་ནམས་བགྱིས་པའི་ཕན་ཡོན་བརྗོད་པ་ལ་གསུམ་སྟེ་སྤྱི་དང་བྱེ་བྲག་བསྐོར་ཚད་སྨོས་པའོ། །

དང་པོ་ནི། སྤྱིར་རྡོ་རྗེའི་གནས་ཆེན་འདི་རྣམས་སུས་ཀྱང་མ་བྱས་རང་བྱུང་ལྷུན་གྱིས་གྲུབ་པའི་རྟེན་མཆོག དག་པའི་སྣང་ངོར་ཐར་པ་ཆེན་པོའི་ཕོ་བྲང་། མ་དག་པའི་བློ་ལ་ས་རྡོ་རི་བྲག་བེམ་པོའི་གཟུགས་སུ་སྣང་བ་ཡིན་པས། བཟོ་བོ་མཁས་པས་འཇིམ་པ་སོགས་ལས་བཅོས་པའི་སྐུ་གསུང་ཐུགས་རྟེན་ལ་ཕྱག་མཆོད་བསྐོར་བ་བགྱིས་པའི་བསོད་ནམས་ཀྱང་ཚད་མེད་པ་མདོ་རྒྱུད་རྣམས་ལས་གསུངས་པས། དེ་ལས་ཀྱང་གནས་མཆོག་འདི་རྣམས་ལ་ཕྱག་མཆོད་བསྐོར་བ་སོགས་བགྱིས་པའི་ཕན་ཡོན་བྱེ་བ་བརྒྱ་འགྱུར་དུ་ཆེ་བ་ལུང་དང་རིགས་པས་གྲུབ་ལ། རྣལ་འབྱོར་པ་རྣམས་ཀྱིས་ནི་རྡོ་རྗེའི་བརྟུལ་ཞུགས་ཀྱི་རྟེན་འབྲེལ་དུ་མ་བསྒྲིགས་ནུས་པ་ཡིན། ལུང་བསྟན་བཀའ་རྒྱ་མ་ལས། དེ་བཞིན་གནས་དང་གནས་ཕྲན་ལ་སོགས་དང༔ ཡུལ་དང་ཡུལ་འདྲ་སྦས་པའི་ཡུལ་རྣམས་སུ༔ སྒྲུབ་པ་བྱས་པའི་ཡོན་ཏན་བསམ་མི་ཁྱབ༔ ཕལ་པའི་གནས་སུ་ལོ་གཅིག་བསྒྲུབ་པ་བས༔ དེ་དག་རྣམས་སུ་ཞག་གཅིག་འགྲུབ་ཐག་ཉེ༔ ཞེས་སོགས་གཏེར་ཁ་རྣམས་ལས་མགྲིན་གཅིག་དབྱངས་གཅིག་ཏུ་གནས་ཆེན་རྣམས་ཀྱི་ཡོན་ཏན་ཚད་མེད་པར་བསྔགས་པར་མཛད་ཅིང་། མདོ་ཁམས་གནས་ཆེན་རྣམས་ཀྱི་མདོ་བྱང་དཀར་ཆག་གི་ཕན་ཡོན་སྤྱི་བསྡོམས་ལས་ཀྱང་། ཕྱག་བསྐོར་བྱས་ཚད་ངན་སོང་སྐྱེ་སྒོ་གཅོད༔ བཀུར་སྟི་བྱས་ན་མཐོ་རིས་གནས་སུ་སྐྱེ༔ ཚོགས་འཁོར་ལན་གཅིག་བསོད་ནམས་ཚོགས་ཆེན་རྫོགས༔ ཚོགས་འཁོར་ལན་གཉིས་ལས་ཀྱི་རྣམ་སྨིན་བྱང༔ ཚོགས་འཁོར་ལན་གསུམ་ཨོ་རྒྱན་པདྨ་བདག༔ དངོས་ཉམས་རྨི་ལམ་བརྡ་ཡི་ཚུལ་དུ་མཇལ༔ ཚོགས་འཁོར་བརྒྱ་རྩས་མཁའ་སྦྱོད་གནས་སུ་སྐྱེ༔ མཆོག་ཐོབ་འདོད་ན་རྩེ་གཅིག་སྒྲུབ་ལས་འགྲུབ༔ འབྲེལ་ཚད་དོན་ལྡན་གནས་མཆོག་ཨེ་མ་ཧོ༔ ཞེས་གསུངས་སོ། །

གཉིས་པ་ནི། བྱེ་བྲག་ཏུ་གནས་ཆེན་འདི་ཉིད་ལ་བསོད་ནམས་བསགས་པའི་ཕན་ཡོན་ནི། དཀར་ཆག་ལས། ཐུན་མོང་དུས་ཚོད་ཁྱད་པར་ཐམས་ཅད་དུ༔ དད་ཅིང་མོས་པ་བརྟན་པོ་ཡིས༔ གནས་འདིར་ཕྱིན་པ་ཙམ་གྱིས་ཀྱང༔ ངན་སོང་དུཿ ཁ་ལས་སྐྱོབ་ཅིང༔ ཕྱི་ནང་གསང་པའི་ཚོགས་འཁོར་གྱིས༔ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས༔ ཕྱག་དང་བསྐོར་བ་སུས་བྱེད་པ༔ ལས་ངན་སྡིག་སྒྲིབ་ཐམས་ཅད་འདག༔ གཞན་དུ་ལོ་གཅིག་སྒྲུབ་པ་བས༔ འདི་རུ་ཐུན་གཅིག་བསྒོམ་པས་ཟབ༔ རྩེ་གཅིག་སྒྲུབ་པ་སུས་བྱེད་པ༔ མཆོག་ཐུན་དངོས་གྲུབ་དེ་ཡིས་འཐོབ༔ གནས་འདིར་མཆོད་པ་སུས་བྱེད་པ༔ ཚེ་དང་བསོད་ནམས་ཐམས་ཅད་རྒྱས༔ ཞེས་གསལ་ལ་འདུས་པར་བདེན་པའི་ཚིག་ཏུ་ལེགས་པར་གསུངས་པ་ལྟར། ཕྱག་བསྐོར། མཆོད་བསྟོད། མཎྜལ་ཚོགས་འཁོར ། སྤྲོས་བཅས་སྤྲོས་མེད་ཀྱི་སྒྲུབ་པ་བགྱིད་པར་ལྟ་ཅི་སྨོས། དད་ཅིང་མོས་པས་གནས་འདིར་ཕྱིན་པ་ཙམ་གྱིས་ཀྱང་ངན་འགྲོ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཞིང་། འདི་ཉིད་ཙཱ་རི་ཏྲའི་གནས་དང་མཚུངས་པའི་རྒྱུ་མཚན་གྱིས། དེའི་ཕན་ཡོན་ཁྱད་པར་བ་རྣམས་ཀྱང་འཐོབ་པར་འགྱུར་ཏེ། དེའང་རྒྱལ་བའི་དབང་པོ་རང་བྱུང་ཞབས་ཀྱིས། གནས་ཉེར་བཞིའི་གཙོ་བོ་ཙཱ་རི་ཏྲ། །བཅོམ་ལྡན་བདེ་མཆོག་གི་ཕོ་བྲང་ཡིན། །དད་མོས་པས་བསྐོར་བ་བྱེད་པ་རྣམས། །
ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་ཀྱི་སྤྱན་སྔར་སྐྱེ། །ཞེས་དང་། རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས། འདི་ནི་དཀྱིལ་འཁོར་ཆེན་པོ་ཉིད། །སྐལ་ལྡན་རྣམས་ཀྱིས་དངོས་སུ་མཐོང་། །སྐལ་བ་འབྲིང་དང་ཐ་མ་ལ། །ལྷ་སྐུ་ཕྱག་མཚན་ཡིག་འབྲུ་དང་། །མཆོད་རྟེན་དུར་ཁྲོད་ལ་སོགས་པ། །གསལ་དང་མི་གསལ་ཚུལ་དུ་མཐོང་། །གནས་འདི་བསྐོར་བ་བསམ་ནས་ནི། །གོམ་པ་གཅིག་ཙམ་བོར་བས་ཀྱང་། །སྒྲིབ་དག་བར་ཆད་སེལ་བ་དང་། །དངོས་གྲུབ་འབྱུང་བར་ངེས་པ་ན། །དད་པ་དམ་ཚིག་དང་ལྡན་པས། །ལོག་ལྟ་སྤངས་ནས་ཚུལ་བཞིན་དུ།། གནས་ཀུན་བསྐོར་བ་བྱས་པ་ན། །ནད་གདོན་སྡིག་སྒྲིབ་བར་ཆད་སོགས། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །བསམ་དོན་འགྲུབ་ཅིང་ཚེ་དང་ནོར། བསོད་ནམས་བདེ་ལེགས་རྒྱས་པར་འགྱུར། །སྣོད་བཅུད་དབང་དུ་འདུ་བ་དང་། །དགྲ་བགེགས་ཐམས་ཅད་ཚར་ཆོད་ཅིང་། །

ཐུན་མོང་དངོས་གྲུབ་ཕལ་ཆེར་འགྲུབ། །རིམ་གྱིས་མཆོག་གི་དངོས་གྲུབ་ཐོབ། །ཅེས་རྡོ་རྗེའི་ཚིག་ཏུ་མི་བསླུ་བར་ཞལ་གྱིས་བཞེས་པའི་ཕན་ཡོན་དེ་དག་རང་རང་གི་དད་མོས་ཀྱི་ཉེར་ལེན། སྐལ་པའི་ཁྱད་པར་དང་མཚུངས་ལྡན་དུ་འཐོབ་པར་འགྱུར་བ་ཡིན་ལ། ཁྱད་པར་གནས་མཆོག་འདིའི་ཐང་བཞིར་ཚོགས་གཉིས་བསགས་པས་རྒྱུད་བཞི་དག འཕྲང་བཞི་བརྒལ་བས་སྒྲིབ་བཞི་བྱང་། རོང་བཞིར་བགྲོད་པས་གནས་སྐབས་བཞིའི་བག་ཆགས་སེལ། ཆུ་བོ་བཞིས་ཁྲུས་བྱ་ཞིང་འཐུངས་པས་དབང་བཞིའི་ནུས་པ་འཇོག ལ་བཞིར་དཀའ་བ་འཛེགས་པས་ལམ་བཞིར་བགྲོད། སྒང་བཞིར་ཕྱིན་པས་ཉམས་བཞི་འཆར། དབེན་རི་བཞིར་ཏིང་འཛིན་བསྐྱངས་པས་རྟོགས་པ་བཞི་ཐོབ། གོང་བུ་ལྔ་མཐོང་བས་ཡེ་ཤེས་ལྔ་འཆར་ཞིང་མཐར་ཐུག་སྐུ་ལྔ་འཐོབ་པ་སྟེ། དེ་ལྟ་བུའི་རྟེན་འབྲེལ་བསྒྲིག་ཅིང་བག་ཆགས་རྒྱུད་ལ་འཇོག་པ་ཡིན་པས་སོ་སོར་ངེས་ཤེས་ཀྱང་བསྐྱེད་དགོས་སོ། །དེ་ལྟར་ན་བསྐོར་བ་རྒྱས་པ་ཚད་ལྡན་གཅིག་གིས་ཁམས་དྲུག་ལྡན་གྱི་རྟེན་ཅན་ཞིག་སྨིན་གྲོལ་གཉིས་མཐར་ཕྱིན་ནས་ཚེ་ལུས་གཅིག་ལ་འཚང་རྒྱ་བའི་རྟེན་འབྲེལ་ལྷུན་གྲུབ་ཏུ་བསྒྲིག་ནུས་པ་ཡིན་ནོ། །

གསུམ་པ་ནི། གསུམ་པ་བསྐོར་ཚད་ཀྱི་ཕན་ཡོན་ཀྱང་། ལམ་ཞུགས་ཀྱི་གང་ཟག་རབ་འབྲིང་ཐ་མ། ཁྱིམ་པ་ཕོ་མོ་གང་ཡིན་ཀྱང་རང་རང་ལུགས་མཐུན་གྱི་བསམ་སྦྱོར་ཚད་ལྡན་གོང་སྨོས་ལྟ་བུའི་ངོས་ནས་མཁའ་འགྲོ་རྒྱ་མཚོའི་ཕྱི་བསྐོར་གཅིག་ལ་རང་རང་གི་འདོན་ས་གང་བྱེད་པ་དུང་ཕྱུར་གཅིག་ཏུ་འགྱུར་ཞིང་གང་ཟག་རབ་ལ་ནི་ཚད་བཟུང་མེད། དེ་བཞིན་དུ་ཧེ་རུ་ཀའི་ནང་སྐོར་བདུན། རིག་འཛིན་བླ་མའི་རྩེ་སྐོར་བརྒྱ། ཅི་བདེའི་ཞོལ་བསྐོར་ཉེར་གཅིག་ལ་དུང་ཕྱུར་རེ་བཟླས་པའི་ཕན་ཡོན་ཡོད། གཞན་ཡང་མཎྜལ་མར་མེ་ཚོགས་འཁོར་སོགས་ཀྱང་གཞན་དུ་སུམ་བརྒྱ་བྱས་པ་དང་གནས་འདིར་བརྒྱ་རྩ་གྲུབ་པའི་ཕན་ཡོན་མཉམ་ཞིང་། སྒྲུབ་པ་བགྱིས་པ་སོགས་ཀྱི་འགྱུར་ཁྱད་ཚད་མེད་པའང་གོང་སྨོས་ལུང་གིས་གསལ་བར་མཚོན་པ་ལྟར། མི་ལུས་སྙིང་པོར་ལེན་པར་འདོད་པའི་བློ་གྲོས་བཟང་པོ་ཅན་རྣམས་ཀྱིས་གནས་མཆོག་འདིར་ཚོགས་གཉིས་སྤེལ་བ་ལ་ཕྱི་བཤོལ་དུ་མ་སོང་བ་བརྩོན་འགྲུས་བརྟན་པོའི་གོ་ཆ་བགོ་བར་བྱའོ། །སངས་རྒྱས་ཡེ་ཤེས་ཡུལ་ནི་བསམ་མི་ཁྱབ། །ཁམས་དང་མོས་པའི་མཐུར་ཡང་ཚད་བཟུང་མེད། །བདེ་ཆེན་ཆང་གིས་མྱོས་པའི་གར་མཁན་རྣམས། །རྡོ་རྗེའི་བཀོད་པ་མཐའ་ཡས་གླུ་ལེན་ཏོ། །རང་ལ་སྦས་པ་གཞན་ལ་སྟོན་པའི་མིག །འཕགས་མིན་སྐྱེ་ལ་མི་གསལ་རབ་རིབ་ཕྱིར། །ངལ་བ་འདི་འདྲས་བདག་ལ་ཅི་བྱ་ཡང་། །གྲུབ་པའི་དྲིན་གྱིས་གཞན་ལ་ཕན་པར་བརྩམས། །སུ་ཞིག་རྡུལ་དང་བྲལ་བའི་མིག་ཐོབ་པ། །དེ་ཡི་གམ་ན་རྒྱལ་བའི་ཞིང་བཀོད་དེ། །སྤྱོད་པ་རྒྱ་མཚོ་སྤྱད་པའི་བློ་ཆེན་ནི། །མྱུར་དུ་ཐམས་ཅད་གཟིགས་པའི་ས་ལ་འགྲོ། །ལྐོག་གྱུར་གཟིགས་པའི་རྡོ་རྗེའི་སྤྱན་ལྡན་རྣམས། །ཕྲ་བའི་ཡུལ་ལ་ཡེ་ཤེས་འཇུག་པས་ན། །ཇི་ལྟར་གསུངས་ཀྱང་བདེན་པའི་ཚིག་ཡིན་ཕྱིར། །ཟ་འོག་རས་མ་ཆོས་ཀྱི་གོས་སུ་བསྡེབས། །འདི་འབྲེལ་སྐྱེ་དགུས་རྡོ་རྗེའི་ལམ་བགྲོད་དེ། །སྒྲིབ་པའི་དྲི་མ་སྙིང་པོར་གཙང་བྱས་ནས། །བདག་དང་གཞན་དོན་ཕུན་སུམ་ཚོགས་པའི་སྒོར། །གཏན་མེད་ཞི་བའི་སྦྱིན་པ་སྩལ་གྱུར་ཅིག ཅེས་པ་འདིའང་པདྨ་གར་གྱི་དབང་ཕྱུག་བློ་གྲོས་མཐའ་ཡས་པའི་སྡེས་བྲིས་པ་དགེ་ལེགས་འཕེལ། །

དེ་ལྟར་དེང་སང་རང་རྒྱལ་གྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་བསྟུན་རང་རེ་བོད་ཀྱི་ཡངས་ཤིང་རྒྱ་ཆེའི་ས་གཞིའི་སྟེ་དུ་ཁྱབ་པའི་རིག་གནས་ཀྱི་ཤུལ་བཞག་འདི་རྣམས་གསོན་པོའི་རྣམ་པའི་ཚུལ་དུ་དངོས་སུ་སྤྱོད་ཐུབ་དགོས་ཏེ། གཅིག་ན་རྒྱ་ཆེའི་གཞོན་ནུ་ན་ཆུང་ཚོ་ལ་ཕ་མེས་ཀྱིས་བཞག་པའི་མཛད་མེད་ཀྱི་གསེར་གྱི་རི་དང་དངུལ་གྱི་ཆུ་འདི་དག་སྲུང་སྐྱོང་བྱ་བའི་འདུ་ཤེས་བརྟན་པོ་ཚུགས་ཐུབ་པ་བྱེད་པ་དང་། གཉིས་ན་སྲུང་སྐྱོང་བྱ་བ་དང་ཆབས་གཅིག་མ་འོངས་པའི་ཕུག་མདུན་མངོན་དུ་འགྱུར་བའི་ཆེད་དུ་བེད་སྤྱོད་ཤེས་པ་བྱེད་དགོས། 

 胜乐金刚圣地“咋扎”岩石山,位于四川省甘孜州德格县八邦乡,西临金沙江,与西藏自治区隔江而望。八邦地势起伏重迭,似海浪奔腾,似风起云涌,八邦寺正建于其上,山腰处建有一禅修院是僧人闭关修练之圣所。这里有千年古树、奇峰怪石、飞禽翱翔、河水潺潺、雀儿山山峰矗立在远方,阳光照射下十分壮观。1980年八邦寺被四川省批准为全省第二批开放寺庙,2013年5月被国务院批准为全国重点文物保护单位。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1