དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་སུ་ཏང་གི་དར་ཆ་མཐོན་པོར་བསྒྲེང་དགོས།-སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པའི་དཔྱད་བརྗོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མིག་མངས་ཁྲོད། ཏང་ཀྲུང་དབྱང་ནི་གཙོ་གནད་ཀྱི་རྡེའུ་ཡིན་ཞིང་།གཞན་པའི་རྡེའུ་ཡིས་ཀྱང་སོ་སོའི་ནུས་པ་བཏོན་ནས་མིག་མངས་སྤྱིའི་རྣམ་པ་གསལ་པོར་བསྟན་པ་ཡིན།

“ཏང་གི་དྲིལ་བསྒྲགས་དང་བསམ་བློ་ལས་དོན་གྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་།དར་ཆ་གསལ་བསྒྲེང་གིས་ཏང་གིས་དྲིལ་བསྒྲགས་ལ་དོ་དམ་དང་ཏང་གིས་འདུ་ཤེས་འཛིན་སྟངས་ལ་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱ་དགོས།” རྒྱལ་ཡོངས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་དང་བསྐྱར་དུ་རིམ་པ་སོ་སོའི་ཏང་ཨུའི་ཆབ་སྲིད་འོས་འགན་དང་འགོ་ཁྲིད་འོས་འགན་ལ་ཤུགས་སྣོན་བྱེད་པ་དང་། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ལ་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ཤུགས་སྣོན་བྱེད་པར་བླང་བྱ་གསལ་བོ་བཏོན་ཞིང་། དུས་བབ་གསར་པའི་འོག་གི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ཁ་ཕྱོགས་ས་དང་སྟོབས་ཤུགས་གནས་ས། དགེ་མཚན་ཡོད་ས་བཅས་ལ་གསལ་འགྲེལ་གནང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དེ་སྤྱི་ཡོངས་ཀྱི་ལས་དོན་གྱི་གནས་བབ་གལ་ཆེན་ལ་བཞག་ནས་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་གནང་བ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལག་ལེན་བསྟར་བས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་སྟེ་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་སུ་བར་སྐབས་ཤིག་རིང་ཐོན་པའི་གཞན་དབང་གི་རྣམ་པར་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་པ་དང་སྦྲགས། བཏོན་པའི“མཐའ་འཁྱོངས་དགུས”དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ལོ་ངོ་ལྔ་ལྷག་གི་ལག་ལེན་ལས་བསྟན་པ་ལྟར་ན། དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་སུ་ཏང་གི་དར་ཆ་མཐོན་པོར་བསྒྲེང་ཚེ། ད་གཟོད་དབྱངས་རྟ་གཙོ་བོ་དེ་ལས་གསལ་བ་དང་།

དྲང་ནུས་དེ་ལས་ཆེ་རུ་ཕྱིན་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོར་སྐུལ་སློང་བྱེད་ཐུབ།

དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ནི་ཆབ་སྲིད་ཀྱི་ལས་དོན་ཞིག་ཡིན་པས་བྱ་བ་ཆེ་ཆུང་ཚང་མར་ཆབ་སྲིད་ལ་སྣང་ཆེན་བྱ་དགོས། ཏང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་།“འདུ་ཤེས་བཞི”གཏིང་ཟབ་ཏུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱ་དགོས། ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་དག་ངེས་པར་དུ་ཇི་མ་ཇི་བཞིན་དོན་འཁྱོལ་བྱ་དགོས་པ་དང་། རིམ་ཁག་དྲིལ་བསྒྲགས་དང་བསམ་བློའི་སྡེ་ཚན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྟག་ཏུ་ཏང་ཀྲུང་དབྱང་གི་བླང་བྱ་དང་བསྡུར་ཞིབ་བྱ་དགོས། རིག་པ་དྭངས་གསལ་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་བཏང་སྟེ། ཕན་མེད་ཀྱི་བསམ་བློའི་རླབས་རྒྱུན་གྱི་འགལ་རྐྱེན་མི་ཕོག་པ་དང་ནོར་འཁྲུལ་གྱི་བསམ་བློའི་མགོ་སྐོར་འོག་ཏུ་མི་ཚུད་པ་བྱ་དགོས། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། ཏང་གི་དྲིལ་བསྒྲགས་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་དེ་བླང་བྱ་ཨང་དང་པོར་བརྩི་བ་དང་། རྣམ་དག་བློས་འགེལ་ཡོང་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩིས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་གསལ་པོ་ཤེས་མཁན་དང་དྲང་པོ་དྲང་གཞག་བྱེད་མཁན་ཞིག་བྱ་དགོས།

སྤྱོད་ལམ་བཟང་པོ་ལས་སྟོབས་ཤུགས་འབྱུང་།ཏང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ངེས་པར་དུ་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱུན་སྲིང་ལྷོད་མེད་ངང་ཏང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་དུ་བསྟར་ནས། “སྤྱོད་ཚུལ་བཞི”དང་ལྷག་དོན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས། ད་ལྟ་ཏང་ཀྲུང་དབྱང་གི་དགོངས་དོན་དག་རིམ་པ་ཁག་དང་སྡེ་ཚན་ཁག་ཚང་མས་བརྒྱུད་བསྒྲགས་བྱེད་བཞིིན་ཡོད་མོད། འོན་ཀྱང་མཐོང་དགོས་པ་ཞིག་ལ། ད་དུང་ཕྱི་ཚུལ་ཙམ་གྱིས་ཚ་ཚ་འུར་འུར་བརྒྱུད་བསྒྲགས་བྱེད་པ་དང་། འབོད་ཚིག་རྣམ་པ་དང་། འཕྲུལ་ཆས་རྣམ་པའི་བརྒྱུད་བསྒྲགས་བྱེད་པ། ཁོང་དུ་ཡག་པོ་མི་ཆུད་པ་དང་དབྱེ་བ་མི་འབྱེད་པར་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་སྣང་ཚུལ་གནས་ཡོད། དེའི་ཐད། ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་། ཞིབ་འཇུག་ནན་ཏན་བྱས་ནས་ཐག་གཅོད་ལ་ཤུགས་སྣོན་རྒྱག་དགོས། ཏང་ཀྲུང་དབྱང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཞིབ་ཕྲའི་ལས་དོན་ཁྲོད་མཚོན་པར་བྱས་ཏེ་ཕྱི་ཚུལ་དང་རྣམ་པ་ཙམ་མི་སྟོན་པ་དང་། གཞན་དཔེ་འདྲ་བཤུས་མི་བྱེད་པ། དྲིལ་བསྒྲགས་པ་ཡག་པོ་ཞིག་བྱེད་པ། དྲིལ་བསྒྲགས་རྒྱུ་ཚད་དང་མཐུན་པ། “ཏན་ཏིག”མངོན་གསལ་དོད་པ་དང“རྟོག་བཏགས”སྤོང་བ་བཅས་བྱས་ནས་གནད་སྨིན་ཤུགས་འདོན་དང་ཕན་འབྲས་དངོས་ཐོན་པའི་བརྩོན་ལེན་བྱེད་དགོས།

 སྐབས་ཡུན་ཐུང་བ་སྤྱོད་པ་ཡིན། ཕུགས་ཡུན་རིང་བ་སྲོལ་རྒྱུན་ཡིན། ཏང་གིས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པར་འགོ་ཁྲིད་ལས་བྱེད་པའི་འགག་རྩ་དེར་དམ་འཛིན་བྱ་དགོས། འགོ་ཁྲིད་ལས་བྱེད་པ་ཞིག་ལས་ཀར་བྱང་ཆུབ་མིན་དང་འགན་འཁྲི་ལྕི་པོ་འཁུར་ཐུབ་མིན་ལ་ལྟ་སྐབས་ཕྱོགས་གལ་ཆེན་ཞིག་ནི་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་ལ་མཐོང་ཆེན་བྱེད་མིན་དང་དམ་འཛིན་བྱེད་མཁས་པོ་ཡོད་མེད་ལ་བལྟ་དགོས། རྣམ་འགྱུར་ཐད། ཆབ་སྲིད་ཀྱི་འགན་འཁྲི་དང་འགོ་ཁྲིད་ཀྱི་འགན་འཁྲི་ཁུར་ནས་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་དེ་སྤྱི་ཡོངས་ཀྱི་ལས་དོན་གྱི་གནས་བབ་གལ་ཆེན་ལ་བཞག་སྟེ་སྣེ་ཁྲིད་ནས་ཁ་ཕྱོགས་ལ་སྟངས་འཛིན་དང་། སྟོན་ཕྱོགས་ལ་དམ་འཛིན། འཐབ་སར་དོ་དམ། དཔུང་ཁག་སྟོབས་ཆེ་བཅས་ཐུབ་པ་བྱེད་པ་དང་། སྣེ་ཁྲིད་དེ་ནོར་འཁྲུལ་གྱི་ལྟ་བ་དང་ནོར་འཁྲུལ་གྱི་བསམ་ཕྱོགས་ལ་སྐྱོན་བརྗོད་བྱས་ནས་གནད་དོན་གལ་ཆེན་དང་དོན་རྐྱེན་གལ་ཆེན་ལ་དུས་ཐོག་ཏུ་རྣམ་འགྱུར་སྟོན་ཐུབ་པ་དང་ལངས་ཕྱོགས་གསལ་པོ་སྟོན་ཐུབ་པ་བྱ་དགོས། འཇོན་ཐང་ཐད། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་ཤེས་བྱ་གསར་པ་རྒྱུན་ཆད་མེད་པར་ཁོང་དུ་ཆུད་པ་དང་། ཁྱབ་ཁོངས་གསར་པ་གསལ་པོ་རྟོགས་པ། མཐོང་རྒྱ་གསར་པ་ཆེ་རུ་གཏོང་བ་བཅས་བྱས་ནས། “འཇོན་ཐང་བརྒྱད”དང་ལྷག་དོན་དུ་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་གྱི་སྟོན་ཕྱོགས་ཀྱི་འཇོན་ཐང་དང་། གཙོ་རྒྱུན་བསམ་བློ་དང་རིག་གནས་སྲ་བརྟན་དང་སྟོབས་ཆེར་གཏོང་བའི་འཇོན་ཐང་། འདུ་ཤེས་འཛིན་སྟངས་འཐབ་སའི་དོ་དམ་ལ་ཤུགས་སྣོན་རྒྱག་པའི་འཇོན་ཐང་། དྲ་ཐོག་གླེང་ཕྱོགས་དྲིལ་བསྒྲགས་དང་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པའི་འཇོན་ཐང་། རྙོག་འཛིང་ཆེ་བའི་གནད་དོན་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་འཇོན་ཐང་བཅས་ལ་ཤུགས་སྣོན་རྒྱག་དགོས།

ཏང་ཀྲུང་དབྱང་གིས་དྲིལ་བསྒྲགས་བསམ་བློའི་ལས་ཀར་རེ་བ་ཆེན་པོ་བསྩལ། ཐེངས་འདིའི་ཏང་དང་རྒྱལ་ཁབ་ཀྱི་སྡེ་ཁག་བཅོས་བསྒྱུར་ཁྲོད་ཏང་གི་དྲིལ་བསྒྲགས་བསམ་བློའི་ལས་དོན་གྱི་འགོ་ཁྲིད་ལ་ནུས་ཤུགས་ལྡན་པའི་ཤུགས་སྣོན་བྱས་ཤིང་། དྲིལ་བསྒྲགས་དང་བསམ་བློའི་སྡེ་ཁག་གི་ཕྲག་སྟེང་གི་འོས་འགན་སྔར་ལས་ཇེ་ལྗིད་དུ་གྱུར། ཧུར་ཐག་གིས་འོས་འགན་དོན་འཁྱོལ་དང་བློ་སྤོབས་ཆེན་པོས་འོས་འགན་འཁུར་བ། བཅོས་བསྒྱུར་གསར་གཏོད་ལ་གཞོལ་ནས་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་སུ་ཏང་གི་དར་ཆ་མཐོན་པོར་བསྒྲེང་ཚེ། ང་ཚོས་ད་གཟོད་རྒྱུན་ཆད་མེད་པར་དྲིལ་བསྒྲགས་དང་བསམ་བློའི་ལས་དོན་གྱི་ལེའུ་གསར་པ་འབྲི་ཐུབ།། 


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1