བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


( དེབ་གོང་མའི་འཕྲོར་མཐུད། )


སྲིད་སྐྱོང་མཁྱེན་རབ་དབང་ཕྱུག་གིས། །

སྤྱི་མཁན་དཔལ་ལྡན་དོན་གྲུབ་བསྐོས། །

སྲིད་དོན་དཀྲུགས་པའི་སྤྱོད་ངན་གྱིས། །

དཔོན་སློབ་འཁོར་བཅས་རྡུལ་དུ་བརླགས། །

ཆུ་སྤྲེལ་འཇམ་མགོན་ཀོང་སྤྲུལ་གྱིས། །

ཉག་ཤོད་དངུལ་ཆུ་བཙོ་བཀྲུ་སྤེལ། །

དཔལ་ལྡན་དོན་གྲུབ་ཀྱིས་རུལ་སུན་འགོག་པའི་སྐོར། ཉག་རོང་གི་ཟིང་འཁྲུག་ཞི་འཇགས་བྱུང་རྗེས་སྲིད་སྐྱོང་བཤད་སྒྲ་བས་གཞུང་ཞབས་པ་ཁག་གཅིག་གི་གོ་གནས་སྤར་ཡོད་པར། བཀའ་བློན་པདྨ་རྒྱལ་པོ། བཀའ་བློན་རྡོ་རྗེ་དོན་གྲུབ། བཀའ་བློན་ཕུ་ལུང་ཚེ་དབང་རྡོ་རྗེ། བཀའ་བློན་ཚེ་དབང་དཔལ་འབར། སྤྱི་ཁྱབ་མཁན་པོ་བློ་བཟང་དཔལ་ལྡན། སྡེ་དྲུང་བློ་བཟང་ཡོན་ཏན། བཤད་སྒྲ་ཚེ་རིང་དབང་ཕྱུག དབུས་མདའ་དཔོན་ཁྲི་སྨོན་འཆི་མེད་རྡོ་རྗེ། རྩེ་ཕྱག་མཛོད་ནམ་མཁའ་རྒྱལ་མཚན། རིམ་གསུམ་པ་རྣམ་རྒྱལ་རྡོ་རྗེ། དབུས་མདའ་དཔོན་མདོ་མཁར་ཚེ་དབང་ནོར་བུ། གཙང་མདའ་དཔོན་བྱ་རིགས་འགྱུར་མེད་རྡོ་རྗེ། རྩིས་དཔོན་ཟུར་ཁང་པ་དབང་ཆེན་ནོར་བུ་རྣམས་གོ་གནས་དང་གོ་རྟགས་རིམ་པ་རེ་སྤར་ཡོད་འདུག ཐེངས་འདིར་དཔལ་ལྡན་དོན་གྲུབ་སྤྱི་ཁྱབ་མཁན་པོར་བསྐོ་བཞག་བྱས་པས་སྐུ་དབང་ལྷག་པར་ཆེ་བར་གྱུར། ཁོང་ཆུང་དུས་ནས་ཁམས་རྨུ་གླིང་ནས་ཡོང་ཞིང་དགའ་ལྡན་ཤར་རྩེའི་གྲྭ་ཁོངས་སུ་ཞུགས་པ་ཞིག་ཡིན་ལ་བློ་ཁོག་དང་ཁ་ཤུགས་ཆེན་པོ་ཞིག་ཡོད་པས་མིང་ཚང་མས་འཛེམ་ཟོན་བྱེད་དགོས་པ་ཞིག་ཡོད་འདུག 《གཡུ་ཡི་ཕྲེང་བ་》ནང་འཁོད་པའི་ངག་རྒྱུན་ལོ་རྒྱུས་ལྟར་ན། གཞུང་འབབ་ཞིབ་རྩིས་ལས་ཁུངས་ཤིག་བཙུགས་ཏེ་སེར་སྐྱ་དཔོན་རིགས་ཁོངས་ནས་གཞུང་ལ་རྩིས་ཞུ་དགོས་རིགས་ཚང་མ་དག་བཤེར་ཆད་འདེད་དགོས་པའི་གྲོས་འཆར་ཞིག་བཏོན་པ་ལྟར་ཆོག་མཆན་ཐོབ་ནས། གཞུང་རྩིས་ཞིབ་ཁང་། ཞེས་པའི་ལས་ཁུངས་ཤིག་བཙུགས་པ་དང་། དེའི་འགོ་གཙོའང་དཔལ་ལྡན་དོན་གྲུབ་རང་ལ་བསྐོ་བཞག་བྱས། ལས་ཁུངས་དེ་བཙུགས་ནས་ཕྱི་ནང་ལས་ཁུངས་ཁག་དང་རྫོང་གཞིས་སོགས་གཞུང་ལ་རྩིས་ཞུ་དགོས་རིགས་ཚང་མར་ཞིབ་བཤེར་ནན་པོ་དང་། ཆད་རིགས་ཚ་འདེད་བྱས་ཤིང་། བཤད་སྲོལ་ལྟར་ན་ཞིབ་ཁང་ལས་ཁུངས་ཀྱི་སྒོ་འགྲམ་དུ་ཟངས་ཆེན་བཙུགས་པའི་ནང་གཡག་ཀོ་བུབ་ཁ་ཤས་སྦངས་བཞག་སྟེ། གཞུང་ཆད་ཟླ་དུས་ཚེས་ཆ་བཀག་ཚུན་གཙང་སེལ་མ་བྱས་ན། ཀོ་བསྟུམ་བརྒྱབ་ནས་ཆུ་སྐྱུར་གཏོང་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་སྐད་སོགས་གང་ལྟར་གཞུང་ཞབས་རྣམས་འཇིགས་སྐྲག་སྐྱེ་བ་ཞིག་དང་།
ཁོར་མ་བརྟེན་ཀ་མེད་ཅིག་བཟོས་པར་གྲགས། རྒྱུན་དུ་ཨ་ཕྲུག་སེར་སྐྱ་བློས་འཁེལ་བཅུ་ཕྲག་ཁ་ཤས་གསོ་ཉར་དང་། དགའ་འབྲས་དྲུང་སྤྱི་ཞེས་པའི་ཚོགས་པ་དེ་སྟོབས་ཤུགས་ཀྱི་རྨང་གཞི་ཆགས་པ་རེད། ཅེས་གསུངས། གང་ལྟར་ཡང་ཁོང་གིས་སྐབས་དེའི་བོད་ཀྱི་དཔོན་རིགས་རྣམས་ཀྱི་རུལ་སུན་གྱི་ལས་ཀ་ལ་རྒོལ་བརྡུང་དྲག་པོ་ཞིག་བྱས་ཡོད་པར་གསལ། །

དཔལ་ལྡན་དོན་གྲུབ་ཀྱི་རྙོག་དྲ་སྐོར། 《གཡུ་ཡི་ཕྲེང་བ།》རུ་གསལ་གནད་བསྡུས་པར། གཞུང་ཞབས་ཆེ་གྲས་སོགས་ནས་ཤེས་ཡོན་འཇོན་ཐང་ཆེ་བ་དང་། ལྷག་པར་ཁོ་པའི་ཁ་དབང་དུ་མི་འགྲོ་བ་རྣམས་རེ་རེ་བཞིན་མེད་པ་བཟོ་ཐབས་བྱས་པར་གྲགས། དཔེར་ན། བཀའ་བློན་ཕུ་ལུང་པ་ཉག་ཁོག་ནས་ཡར་ཕེབས་སྐབས་ལམ་དུ་ཟམ་པའི་སྟེང་ནས་ལྷུང་སྟེ་ཆུར་གྲོངས་པ་དང་། བཀའ་བློ་མཚོ་སྒོ་བ་མིག་དམར་ཚེ་རིང་གཙང་ཆུའི་ནང་གྲོངས་པ་སོགས་དཔལ་ལྡན་དོན་གྲུབ་ཀྱིས་ལྐོག་གཡོ་བརྒྱུད་ནས་བྱུང་བ་ཡིན་པ་དང་། རྒྱལ་བའི་ཡང་སྲིད་ཀྱང་ཕ་བོང་ཁའི་རི་ཁྲོད་དུ་སྐྱེལ་ནས་བཀུར་བསྟི་ཞུ་ཞིང་། སྲིད་སྐྱོང་གི་དབང་ཆ་འཕྲོག་རྒྱུ་བཅས་ཀྱི་འཆར་གཞི་བཟོས་པ་དང་། གཞུང་ཞབས་འགའ་ཞིག་གར་སོང་ཆ་མེད་དུ་གྱུར་པ་ཡང་དཔལ་ལྡན་དོན་གྲུབ་ཀྱིས་ཨ་ཕྲུག་བཏང་ནས་ཆུར་སྐྱུར་ལྐོག་བསད་བྱས་པའི་གླེང་ཕྱོགས་རིམ་ཐོན་སྟབས། སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག་གིས་འབྲས་སྤུངས་བླ་སྤྱི་ལ་བཀའ་ཕབ་སྟེ་དཔལ་ལྡན་དོན་གྲུབ་འཛིན་བཟུང་བྱ་རྒྱུའི་གྲ་སྒྲིག་མཛད། སྤྱི་ཁྱབ་མཁན་པོ་དཔལ་ལྡན་དོན་གྲུབ་ལ་བརྡ་ཐོ་དེ་འབྱོར་བ་དང་། ཁོ་རང་གི་གྲོགས་པོ་བཀའ་བློན་བཤད་སྒྲ་ཚེ་རིང་དབང་ཕྱུག་དང་། ཨ་ཕྲུག་འགའ་ཤས་བཅས་ཁྲིད་ནས་མཚན་ཤག་བརྒྱབ་སྟེ་དགའ་དུ་བྲོས། དེ་ནས་ཕ་ཡུལ་དུ་ལོག་རྩིས་བྱས་ཀྱང་དགའ་ལྡན་དགོན་པ་རང་གིས་སྲུང་སྐྱོབ་གང་དགོས་ཞུ་རྒྱུ་ཡིན་ཞེས་མ་བཏང་ཞིང་། དགའ་ལྡན་དུ་སྲུང་བྱའི་རིམ་པ་བཙུགས་ནས་སྲུང་སྐྱོབ་བྱས། སྲིད་སྐྱོང་སྡེ་དྲུག་བས་ལྷ་སར་ཡོད་པའི་རྒྱ་བོད་གཞུང་དམག་གང་ཡོད་བཏང་ནས་ལམ་སེང་དགའ་ལྡན་ལ་དཔུང་འཇུག་བྱས་ཞིང་། ཉེ་འདབ་ཀྱི་ཡུལ་དམག་ཀྱང་བསྡུས། ལྷག་པར་སེ་ར་དགོན་པ་ནས་དེ་སྔ་རྭ་སྒྲེང་སྐབས་ཀྱི་འགྲས་གཞི་ཡོད་སྟབས། མ་བསྐུལ་དང་བླངས་ཀྱིས་སེར་དམག་མང་པོ་གདོང་ལེན་དུ་ཐོན། དགའ་ལྡན་དགོན་པའི་ཕྱོགས་མཐའ་དག་ནས་བསྐོར་ཞིང་འཐུང་ཆུ་དང་། བཟའ་ཆ། མེ་ཤིང་སོགས་བཀག་བསྡམས་བྱས་མཐར། ཡུན་རིང་སྡོད་ཐབས་བྲལ་བས་དཔལ་ལྡན་དོན་གྲུབ་དང་། ཨ་ཕྲུག་མགྲོན་གཉེར་མགོན་པོ་གཉིས་མཚན་གུང་ཞིག་ལ་ཁང་སྟེང་ནས་ཕྱིར་མཆོངས་ཏེ་ཕ་ཡུལ་དུ་བྲོས་རྩིས་སྐབས། གཞུང་དམག་གིས་རྗེས་འདེད་བཏང་བར། བྱན་ཞེས་པའི་ལུང་པའི་མདར་སླེབས་པ་དང་རྗེས་ཟིན་གྲབས་སྐབས། ཁོང་གཉིས་ཕན་ཚུན་དུས་མཉམ་དུ་མེ་མདའ་རྒྱེབ་ནས་རང་སྲོག་གཅད་རྒྱུ་བྱས་ཡང་། དུས་མཉམ་དུ་མེ་མདའ་བརྒྱབ་པ་དང་དཔལ་ལྡན་དོན་གྲུབ་དེར་གྲོངས། དཔལ་ལྡན་དོན་གྲུབ་ཀྱིས་མེ་མདའ་བརྒྱབ་མེད་པས་མགོན་པོ་མ་ཤི་པ་ལུས་པར་གྲགས། །

སྤྱི་ལོ་1872པའི་ཆུ་སྤྲེལ་ལོར་མདོ་སྤྱི་ཕུན་རབ་པས་སྦྱིན་བདག་བྱས་ཏེ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཉག་རོང་དུ་ཕེབས་ནས་དངུལ་ཆུ་བཙོ་བཀྲུ་བྱས། །

ཆུ་བྱར་རྒྱལ་དབང་སྲིད་ཁྲིར་འཁོད ། །

ཤིང་ཕག་རྟ་ཚག་སྲིད་སྐྱོང་བསྐོས། །

ས་སྟག་དབྱིན་མགྲོན་ཕེབས་པ་བཀག །

མེ་ཁྱིར་དེ་མོ་སྲིད་སྐྱོང་བསྐོས། །

ས་བྱིར་བོད་དབྱིན་འཁྲུག་པ་ལངས། །

རྒྱལ་བ་སྐུ་ཕྲེང་བཅུ་གཉིས་པའི་སྐོར། ཆུ་བྱ་སྤྱི་ལོ་1873ལོར་སྲིད་སྐྱོང་སྡེ་དྲུག་མཁྱེན་རབ་དབང་ཕྱུག་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་སྐུ་གཤེགས། ལོ་དེའི་ཟླ་བ་2པའི་ཚེས་14ཉིན་རྒྱལ་བ་འཕྲིན་ལས་རྒྱ་མཚོ་ཆོས་སྲིད་གཉིས་ཀྱི་ཁྲི་ལ་འཁོད། ཤིང་ཁྱི་སྤྱི་ལོ་1874ལོར་རྒྱལ་བ་རིན་པོ་ཆེ་དགའ་ལྡན་དགོན་དང་། ལྷོ་ཁ་སོགས་སུ་གནས་གཟིགས་ཕེབས། ཤིང་ཕག་སྤྱི་ལོ་1875ལོ་འགོར་རྒྱལ་བ་རིན་པོ་ཆེས་ཀོང་སྤྲུལ་རིན་པོ་ཆེར་དངུལ་ཆུ་བཙོ་བཀྲུ་རིན་ཆེན་རིལ་བུའི་བསྡུ་སྦྱོར་ལག་ལེན་བྱེད་པར་ལྷ་སར་འོང་དགོས་པའི་བཀའ་ཉག་སྤྱི་ཕུན་རབ་པ་བརྒྱུད་ནས་ཕེབས། ལུས་ཁམས་མི་བདེའི་རྒྱུ་རྐྱེན་གྱིས་དགོང་ཞུས་ཀྱང་ཐོབ་རེ་མེད་པའི་སྐབས་རྒྱལ་བ་རིན་པོ་ཆེ་སྐུ་གཤེགས་ནས་དོན་དེ་རང་ཡལ་དུ་སོང་། ཞེས་ཀོང་སྤྲུལ་རྣམ་ཐར་ལས་གསལ། ལོ་དེའི་ཟླ་བ་3པའི་ཚེས་20ཉིན། རྒྱལ་བ་འཕྲིན་ལས་རྒྱ་མཚོ་རྩེ་ཕོ་བྲང་གི་གཟིམ་ཆུང་དུ་སྐུ་གཤེགས། །

རྒྱལ་བ་རིན་པོ་ཆེ་སྐུ་གཤེགས་པ་དང་ཟླ་ཤས་རིང་བོད་ཀྱི་ལས་དོན་གྱི་འགན་ཡོངས་རྫོགས་བཀའ་ཤག་ནས་བཞེས། དེ་ནས་བཀའ་ཤག་གིས་འཐུས་པའི་བོད་ལྗོངས་འཚོགས་འདུས་རྒྱས་འཛོམས་ཐོག་ནས། སྤྱི་མོས་ཐོག་རྟ་ཚག་ངག་དབང་དཔལ་ལྡན་སྲིད་སྐྱོང་གི་ཁྲི་ལ་བསྐོས། མེ་གླང་སྤྱི་ལོ་1877ལོར་རྒྱལ་བའི་ཡང་སྲིད་བརྩད་འཚོལ་ཆེད་དུ་ཐོག་མར་པཎ་ཆེན་རིན་པོ་ཆེ་ལ་བརྟག་ལུང་ཞུས་པར། ཡང་སྲིད་ལྷ་སའི་ཤར་ལྷོའི་མཚམས་སུ་སྐུ་བལྟམས་ཟིན་པའི་བཀའ་ལུང་གསལ་པོར་གནང་། དུས་དེར་ཆོས་འཁོར་རྒྱལ་གཉེར་སྡོད་ཀྱིས་དྭགས་པོ་གླང་མདུན་དུ་ཁྱེའུ་ངོ་མཚར་ཅན་ཞིག་སྐུ་བལྟམས་ཚུལ་སྐོར་སྙན་ཞུ་འབྱོར་བ་དང་། བཀའ་དྲུང་ངག་དབང་ནོར་བུ་སྐུ་འཁོར་བཅས་བརྩད་ཞིབ་བཏང་། ཟླ་བ་བཅུ་གཅིག་པའི་ཚེས་ཤར་བཀའ་བློན་གཡུ་ཐོག་དབུ་ཁྲིད་དེ་རྒྱལ་བའི་ཡང་སྲིད་གཞན་འདྲེན་ཞུས་ཏེ་ཚལ་གུང་ཐང་དུ་བཞུགས་སུ་གསོལ། ས་སྟག་སྤྱི་ལོ་1878ལོའི་ཟླ་བ་དང་པོའི་ཚེས་4ཉིན། པཎ་ཆེན་རིན་པོ་ཆེ་ཕེབས་ཏེ་མཇལ་དར་ཕུལ། པན་ཆེན་རིན་པོ་ཆེས་གཙུག་ཕུད་བཞེས་ཏེ་མཚན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། སྲིད་སྐྱོང་ངག་དབང་དཔལ་ལྡན་དང་། བླ་སྤྲུལ་ཁག དྲུང་རིགས་སེར་སྐྱ་སོགས་ཆིབས་ཞབས་དུ་མའི་དབུས་ཚལ་གུང་ཐང་གི་གཙུག་ལག་ཁང་ནས་ཆིབས་ཁ་བསྒྱུར་ཏེ་དབེན་གནས་རི་རྒྱལ་བསམ་གཏན་གླིང་དུ་ཕེབས་ཏེ་ལོ་འཁོར་གཅིག་ཙམ་དེར་བཞུགས། ས་ཡོས་སྤྱི་ལོ་1879ལོའི་ཟླ་བ་5པའི་ཚེས་14ཉིན། རྩེ་ཕོ་བྲང་ཆེན་པོར་ཁྲི་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། །

ས་སྟག་སྤྱི་ལོ་1878ལོར་དབྱིན་ཇིའི་ལྟ་ཞིབ་པ་ཁག་གཅིག་འབྲས་ལྗོངས་བརྒྱུད་ནས་བོད་དུ་ཡོང་གྲབས་བྱས་པར་བོད་ནས་ཆོག་མཆན་མ་སྤྲད། ས་ཡོས་སྤྱི་ལོ་1879ལོར་དབྱིན་ཇི་གཞུང་གིས་རྒྱ་ནག་གཞུང་ལ་འབྲེལ་བ་བྱས་ཏེ། པེ་ཅིང་ནས་ཟི་ལིང་བརྒྱུད་དེ་ལྷ་སར་འགྲོ་རྒྱུའི་ལམ་ཡིག་ཞུས་པར། པེ་ཅིང་ནས་བོད་བཞུགས་ཨམ་བན་སོང་ཀུའེ་(松桂)ལ་ཡི་གེ་ཞིག་བཏང་སྟེ། བཀའ་ཤག་ལ་རྒྱ་བོད་དམག་གིས་ལྟ་རྟོག་དང་བཅས་ཏེ་དབྱིན་ཇིའི་བ་བོད་དུ་གཏོང་དགོས་པའི་བཀའ་ཡིག་འབྱོར་པ་དེ་བཞིན་བཀའ་ཤག་ལ་འབྲེལ་བ་བྱས་ཀྱང་། བཀའ་ཤག་གིས་མོས་མཐུན་མ་བྱས་པས་དབྱིན་ཇི་བ་རྣམས་ཟིང་ལིང་ནས་བོད་དུ་ཡོང་རྒྱུའི་རེ་བ་ཡང་མ་གྲུབ། མེ་ཁྱི་སྤྱི་ལོ་1886ལོའི་ཟླ་བ་4པའི་ཚེས་8ཉིན། སྲིད་སྐྱོང་རྟ་ཚག་ངག་དབང་དཔལ་ལྡན་རྩེ་ཤོད་གཟིམ་ཆུང་དུ་སྐུ་གཤེགས། ལོ་དེའི་ཟླ་བ་5པའི་ཚེས་13ཉིན། དེ་མོ་འཕྲིན་ལས་རབ་རྒྱས་སྲིད་སྐྱོང་བསྐོས། མེ་ཕག་སྤྱི་ལོ་1889ལོར་དབྱིན་ཇིའི་གཞུང་ཚབ་ཆེན་མོ་བ་ཧྭ་སིན་གྱིས། ཆིང་ཀྲུང་དབྱང་སྲིད་གཞུང་ཕྱི་དོན་སྤྱི་ཁབ་ལ། དབྱིན་ཇིར་ཆ་མཚོན་ན་ལུང་ཐུར་ལ་ཁའི་སོ་ཁང་དེ་གཏོར་ལས་སླ་པོ་ཡོད་རུང་། ང་ཚོའི་རྒྱལ་ཁབ་ཀྱིས་རྙོག་དྲ་བྱེད་འདོད་མེད་པས་དེ་ག་ནས་བོད་བཞུགས་ཨམ་བན་ལ་བརྡ་གནང་ནས་བོད་པས་རང་སྣང་གང་ཤར་གྱིས་ཧམ་པ་ཚ་པོ་བྱེད་མི་རུང་བ་བརྒྱུད་བསྒྲགས་བྱེད་རོགས། ཞེས་པའི་ཡི་གེ་འབྱོར་འཕྲལ། ཆིང་ཀྲུང་དབྱང་སྲིད་གཞུང་དངངས་སྐྲག་རབ་ཏུ་སྐྱེས་ཏེ་བོད་སྡོད་ཨམ་བན་འེན་ཧྲའོ་(文硕)བརྒྱུད་ནས་བཀའ་ཤག་ལ་སོ་ཁང་གཏོར་དགོས་པའི་བཀའ་ཕབ་ཀྱང་། བོད་སྡེ་པ་གཞུང་གིས་ཁས་མ་བླངས་པ་རེད། ལོ་དེའི་ཟླ་བ་བདུན་པར་འབྲས་ལྗོངས་ས་མཚམས་སུ་མདའ་དཔོན་ལྷ་སྡིང་སྲས་དང་། རྩེ་མགྲོན་བསོད་ནམས་རྒྱལ་མཚན་གྱིས་ཀོང་དམག་དང་། ཁམས་ཕྱོགས་ཀྱི་དམག་དཔུང་ལྔ་བརྒྱ་ལྷག་ཁྲིད་ནས་བོད་འབྲས་ས་མཚམས་སུ་བསྐྱོད། ས་མཚམས་ཀྱི་གནས་ཚུལ་ཉིན་ལྟར་ཛ་དྲག་ཇེ་ཆེར་འགྲོ་བའི་སྐབས་དེར། འབྲས་ལྗོངས་རྒྱལ་པོ་མཐུ་སྟོབས་རྣམ་རྒྱལ་གྱིས་ཕོ་ཉ་བཏང་སྟེ་དབྱིན་བོད་ཞི་བའི་གྲོས་མོལ་ཡོང་བའི་རེ་བ་བཏོན་ཡང་དབྱིན་དམག་གིས་ཉན་འཇོག་མ་བྱས། །

ས་བྱི་སྤྱི་ལོ་1888ལོའི་ཟླ་བ་2པའི་ཚེས་7ཉིན་དབྱིན་དམག་བཞི་བརྒྱ་ལྔ་བཅུ་ཙམ་གློ་བུར་དུ་ལུང་ཐུར་ལ་གཤམ་ནས་བོད་དམག་ལ་ཚུར་རྒོལ་བྱས། དམག་འཐབ་ཐེངས་མང་བྱས་མཐར་དབྱིན་དམག་བརྒྱ་ལྷག་ཙམ་དང་། བོད་ཀྱི་ཡུལ་དམག་ཉི་ཤུ་ཙམ་བསད་པར་གྲགས། དེ་ནས་གོ་མཚོན་སོགས་ཀྱི་ཆ་རྐྱེན་བཟང་ཞན་གྱིས་དབང་གིས་བོད་ཆུ་སྦིད་ཕོ་བྲང་བར་ཕྱིར་འཐེན་བྱ་དགོས་པར་བྱུང་ཞིང་། གནས་ཚུལ་ཉིན་ལྟར་ཛ་དྲག་ཇེ་ཆེར་ཕྱིན་སྐབས་ཟླ་བ་7པའི་ཚེས་28ཉིན། བཀའ་བློན་ལྷ་ཀླུ་ཡེ་ཤེས་ནོར་བུ་དམག་སྤྱི་བསྐོ་བཞག་བྱས་ཏེ། དབུས་དམག་ཉིས་སྟོང་བརྒྱད་བརྒྱ་རྒྱབ་སྣོན་དུ་བཏང་། དུས་དེར་བོད་སྡོད་ཨམ་བན་འེན་ཧྲའོ་དང་། ཆིང་ཀྲུང་དབྱང་སྲིད་གཞུང་བར་ལྟ་ཚུལ་མི་གཅིག་པའི་དབང་གིས་འེན་ཧྲའོ་བོད་ནས་ཕྱིར་འཐེན་བྱས་ཏེ། དེའི་ཚབ་ཏུ་ཨམ་བན་ཧྲེང་ཐའེ་(升泰)མངགས། ཧྲེང་ཐའེ་ཡིས་བོད་དམག་རྣམས་ཕག་རིར་བཀའ་སྒུག་སྟེ་སྡོད་དགོས་པ་ལས། དབྱིན་ཇིར་འགོག་རྒོལ་བྱེད་མི་ཆོག་པའི་བཀའ་ཕབ། ལུང་ཐུང་ལར་སོ་ཁང་བཙུགས་པ་བོད་ཕྱོགས་ཀྱི་ནོར་བ་ཡིན་པར་བཤད་ནས་ཐབས་སྣ་ཚོགས་ཀྱིས་དབྱིན་དམག་འགོག་རྒྱུ་བཀག་འགོག་བྱས། དེ་ནས་དབྱིན་འགོག་སྐོར་ལ་སྲིད་སྐྱོང་དེ་མོ་དང་། བཀའ་ཤག་གིས་འཚོགས་འདུའི་བསམ་གྲོས་གཞིར་བཟུང་། ཨམ་བན་ཧྲེང་ཐའེ་ལ་ནང་མོལ་ཇི་ལྟར་བྱས་ཀྱང་། ཁོས་དེ་དག་ཚང་མ་འགྲིག་གི་མ་རེད། བོད་དམག་ཁག་གཅིག་ཕག་རིར་འཇོག་པ་ཕུད། དེ་བྱིངས་ཕྱིར་འཐེན་དགོས་ཞེས་མཐའ་གཅིག་ཏུ་བཤད། ཨམ་བན་ཧྲེང་ཐའེ་གྲོ་མོར་དབྱིན་ཇིའི་དམག་སྒར་དུ་བསྐྱོད་ནས་དབྱིན་གཞུང་སྐུ་ཚབ་བྷེར་དང་བོད་འབྲས་ཚོང་འགྲུལ་ས་མཚམས་དབྱེ་ཕྱོགས་སྐོར་གྲོས་མོལ་བྱས། ས་གླང་སྤྱི་ལོ་1889ལོར་བཀའ་བློན་རམ་པ་བཀྲ་ཤིས་དར་རྒྱས་གྲོ་མོར་ཕྱིར་ཕེབས་སྐབས། སྲིད་སྐྱོང་དེ་མོ་མཆོག་དང་། གདན་ས་གསུམ། སེར་སྐྱ་དཔོན་རིགས་ཐུན་མོང་ནས། ཨམ་བན་ཧྲེང་ཐའེ་ལ་ཡི་གེ་ཞིག་བཏང་སཏེ། དམག་མི་ཕྱིར་འཐེན་བྱེད་ཕྱོགས་སྐོར་དེ་བཞིན་ཁས་ལེན་ཞུ་ཆོག་པ་དང་། ས་མཚམས་དབྱེ་ཕྱོགས་ཚོང་འགྲུལ་སྐོར་བོད་ནས་མོས་མཐུན་མེད་པའི་སྐོར་གསལ་བཤད་བྱས་ཀྱང་ཉན་འཇོག་རྩ་བ་ནས་མ་བྱས་པར། ལོ་དེའི་ཟླ་བ་2པར་ཆིང་ཀྲུང་དབྱང་སྲིད་གཞུང་གིས་བསྐོ་བཞག་བྱས་པ་ལྟར། ཧྲེང་ཐའེ་དབང་ཆ་ཆ་ཚང་ཡོད་པའི་བློན་ཆེན་གྱི་མིང་ཁྱེར་ཏེ་ཀ་ལི་ཀ་ཏར་བསྐྱོད། དབྱིན་ཇིའི་སྐུ་ཚབ་ཧིན་རྡུ་ཁག་ལྔའི་སྤྱི་ཁྱབ་ལས་དོན་བོན་ཆེན་ཨང་དང་པོ་དང་མཉམ་དུ་ཆིངས་ཡིག་དོན་ཚན་བརྒྱད་བཞག དེ་རྗེས་སྣེ་གདོང་འགག་སྒོའི་སྐོར་ཆིངས་ཡིག་དོན་ཚན་དགུ་བཞག་པ་བཅས་ལ་བོད་ཀྱི་སེར་སྐྱ་མི་དམངས་ཡོངས་ནས་ངོ་རྒོལ་བྱས། ། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1