༄༅།། དགའ་ལྡན་ཕོ་བྲང་སྐབས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཆུ་ལུག་ཞིབ་གཞུང་གི་ནང་དོན་དང་ཁྱད་ཆོས་རིན་ཐང་བཅས་ཀྱི་སྐོར་ལ་ཐོག་མར་དཔྱད་པ།

བྲག་གཡབ་བློ་བཟང་བུ་ཁྲིད། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 07-15


བྲག་གཡབ་བློ་བཟང་བུ་ཁྲིད།
[ནང་དོན་གནད་བསྡུས།]རྩོམ་པ་པོས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཆུ་ལུག་ཞིབ་གཞུང་ཞེས་པའི་དགའ་ལྡན་ཕོ་བྲང་སྐབས་ཀྱི་ཡིག་ཚགས་སྣ་རིང་ལ་དཔྱད་ཞིབ་བྱས་པ་བརྒྱུད། ཞིབ་གཞུང་དེའི་རིང་ཐུང་ཞེང་ཚད་དང་ཡིག་གཟུགས་དང་ཤོག་བུའི་ཁྱད་ཆོས་སོགས་ཡིག་ཚགས་གྲུབ་བྱེད་ཀྱི་རྣམ་པ་ངོ་སྤྲོད་དང་། ཞིབ་གཞུང་འགྲུབ་བྱའི་ནང་དོན་སྔོན་འགྲོ་དང་དངོས་གཞི་སོ་སོའི་གཙོ་དོན་ལ་གསེད་བཀྲོལ་རགས་བསྡུས། ཞིབ་གཞུང་དེའི་འབྱུང་རྐྱེན་ཏེ་སྐབས་དེ་དུས་ཀྱི་རྙོག་འཛིང་ཆེ་བའི་ཕྱི་ནང་གི་ལོ་རྒྱུས་རྒྱབ་ལྗོངས་དང་། ཞིབ་གཞུང་དངོས་དོན་ནང་གསལ་བའི་མོན་ཡུལ་གྱི་ས་ཁམས་ས་དབྱིབས། དུད་ཐེམ་མི་འབོར། ཞིང་ཁ་ཐོན་རྫས་དང་ཡུལ་སྲོལ་བཅས་ཕྱོགས་ཡོངས་ཀྱི་ཐད་ལ་དབྱེ་ཞིབ་བགྱིས་ཏེ། ཆུ་ལུག་ཞིབ་གཞུང་ནི་ད་བར་རྙེད་མཐོང་བྱུང་བའི་བོད་ཀྱི་ལྷོ་མོན་ཁུལ་གྱི་མི་འབོར་དང་ཞིང་ཁ། ཁྲལ་བསྡུ་ལམ་ལུགས་སོགས་ཀྱི་གནས་ཚུལ་བཀོད་པའི་ཡིག་ཆ་ཆེས་ཞིབ་ཆ་ལྡན་པ་ཞིག་དང་། མོན་ཡུལ་གྱི་ས་དབང་བདག་ཐོབ་སྐོར་གྱི་དཔང་ཡིག་ཕྱག་སྟར་མ་ཡིན་པས། ཞིབ་གཞུང་འདིར་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཚགས་རིག་གནས་དང་མོན་ཡུལ་གྱི་ལོ་རྒྱུས་གཙོ་བྱས་པའི་བོད་ཀྱི་ལོ་རྒྱུས་སྤྱིའི་སྐོར་གྱི་ཞིབ་འཇུག་སོགས་ལའང་དོན་སྙིང་ཆེས་ཆེར་ལྡན་ཚུལ་བརྗོད་ཡོད།
[བརྡ་ཆད་གཙོ་བོ།] ཆུ་ལུག་ཞིབ་གཞུང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས། མོན་ཡུལ། མོན་རྟ་དབང་།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2015-03-0143-12
           བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཤིང་ལེགས་བསྒྲིགས་ཟིན་པའི་ཞིབ་གཞུང་རྣམ་པའི་ཡིག་ཚགས་མང་པོ་མངའ་བ་ལས་ད་ཡོད་མིག་སོན་དུ་བྱུང་བའི་ཆེས་སྔ་ཤོས་ནི་གཙང་པ་རྒྱལ་པོའི་སྐབས་ཡིན་པས། དེ་དག་གི་ནང་དོན་གཙོ་བོ་ནི་ས་གནས་ཁག་གི་མི་འབོར་དང་ས་ཞིང་ཁང་པ་རི་ཀླུང་བཅས་ཀྱི་ཞིབ་ཐོ་ཡིན་པ་དང་། ཐོ་དེར་བརྟེན་ནས་ཁྲལ་བསྡུ་ཁྲལ་ལེན་གྱི་རྩིས་འབབ་ཅི་འཁེལ་སོགས་ཞིབ་མོར་བཤེར་བའི་དོན་བསྟན་པས། རྣམ་པ་གཞུང་ཁོངས་ཀྱི་མི་རྩ་དང་ས་ཞིང་ལ་ཞིབ་བཤེར་བྱས་པ་བརྒྱུད་དམིགས་ས་གཙོ་བོ་ནི་ཁྲལ་འབབ་འཕར་ཆག་བཟོ་བཅོས་ཀྱི་དོན་དུ་ཡིན་པ་སྟེ། དོན་གྱི་ངོས་ནས་གཞིགས་ན་དེ་དང་སྒོ་དེབ་དང་ཞིབ་བཤེར་གྱི་ཐོ་དང་ཅ་དངོས་ཟིན་ཐོ། ཕྲ་ཞིབ་གནད་ཐོ་ལ་སོགས་རིགས་འདྲའི་ཡིག་ཚགས་དང་ཁྱད་པར་ཅུང་ཆེ། འདིར་སྐབས་སུ་བབ་པའི་བརྗོད་པར་བྱ་བ་ནི། བོད་ཡིག་བྲིས་མའི་ཡིག་ཚགས་སྣ་རིང་ཅན་ཆུ་ལུག་ཞིབ་གཞུང་སྟེ་མཚན་བྱང་རྒྱས་པར། ཆུ་ལུག་ལྷོ་མོན་ཁུལ་ཤར་ཉི་མ་ཚོ་གསུམ་①དང་། དྭགས་པ་ཚོ་བརྒྱད།②སྦྲང་ནང་ཆུ་བརྒྱུད།③ རོང་ནང་སྟོད་སྨད།④རྒྱ་མཚམས་ཤེར་དང་བསྟུགས་སྤན་⑤བཅས་ཀྱི་རང་ཁོངས་གཞུང་རྒྱུགས་ཁྲལ་མིའི་འཛིན་དབང་ས་ཞིང་དང་ཁྲལ་ཁང་། མི་རྩ་ཕོ་མོ་བཅས་པའི་ཞིབ་གཞུང་གཏན་འབེབས་རྩ་འཛིན་གྱི་འཆར་གཞི་སྙན་ཞུ་ཞེས་འཁོད་པ་དེ་ཡིན་ཏེ། དེའི་བརྗོད་དོན་གཙོ་བོ་ནི་ལྷོ་མོན་ཁུལ་གྱི་ཡུལ་ལུང་བདག་དབང་དང་མོན་གྱི་ལོ་རྒྱུས་ས་མཚམས་རྙོག་ཟིང་དང་བཅས་པའི་བྱུང་རིམ་དང་ཁྲལ་བཟོ་ཁྲལ་འབབ། མི་ཚང་ཐེམ་དུད། ས་ཁང་དངོས་རྫས། དམངས་སྲོལ་གོམས་གཤིས་བཅས་པའི་དོན་དང་འབྲེལ་བའི་གལ་ཆེའི་ཡིག་ཆ་ཞིག་ཡིན་པས། འདི་ནི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཞིབ་གཞུང་ནང་ནས་རྩ་ཆེ་ཤོས་དང་། ཤོག་སྣ་ཆེས་རིང་ཤོས། སྒྲིག་གཞི་ཆ་ཚང་ཤོས། མོན་ཡུལ་གྱི་ཉེ་རབས་ལོ་རྒྱུས་བརྗོད་པ་ཆེས་ཕུན་སུམ་ཚོགས་ཤོས། མོན་ས་བདག་དབང་སྐོར་གྱི་བརྗོད་དོན་ཁ་གསལ་ཤོས་ཀྱི་མོན་ཡུལ་སྐོར་གྱི་ཆེད་བརྗོད་ལོ་རྒྱུས་ཡིག་ཆ་ཞིག་ཡིན་པ་དང་། དེའི་ནང་དོན་ཞིབ་ཕྲ་ནི་དུས་རབས་ཉི་ཤུའི་ལོ་རབས་བཞི་བཅུ་སྟེ་དགའ་ལྡན་ཕོ་བྲང་གི་དུས་མཇུག་སྐབས་སུ་ལྷོ་མོན་ཁུལ་ཤར་ཉི་མ་ཚོ་གསུམ་དང་། དྭགས་པ་ཚོ་བརྒྱད། སྦྲང་ནང་ཆུ་བརྒྱུད། རོང་ནང་སྟོད་སྨད། དེ་བཞིན་ཀྲུང་གོའི་བོད་ལྗོངས་དང་རྒྱ་གར་གྱི་སྔར་གནས་ཀྱི་ས་མཚམས་རྒྱུད་ཀྱི་གྲོང་སྡེ་ཤེར་དང་བསྟུགས་སྤན་བཅས་ཀྱི་རང་ཁོངས་གཞུང་རྒྱུགས་ཁྲལ་མིའི་འཛིན་དབང་ས་ཞིང་དང་ཁྲལ་ཁང་། མི་རྩ་ཕོ་མོ་བཅས་སོགས་ཀྱི་ཞིབ་ཐོ་བཀོད་པ་ཞིག་ཡིན་པས། ཡིག་ཚགས་དེའི་རྣམ་པ་དང་ནང་དོན་གང་ཐད་ནས་བལྟས་ཀྱང་།མིག་སྔར་མཐོང་མྱོང་བའི་ཞིབ་གཞུང་ཡིག་ཚགས་ཀུན་དང་མི་འདྲ་བར་རིན་ཐང་དང་ཁྱད་ཆོས་དམིགས་བསལ་མངའ་བས། གཤམ་དུ་དེའི་སྐོར་ལ་རང་བློས་གང་ལྕོགས་ཀྱིས་དབྱེ་ཞིབ་དང་གསེད་བཀྲོལ་རགས་ཙམ་བྱ་བ་ལ།
དང་པོ། ཆུ་ལུག་ཞིབ་གཞུང་གི་རྣམ་པའི་ཁྱད་ཆོས་དང་ཉར་ཚགས་ཀྱི་གནས་བབས།
           གཅིག ཤོག་བུའི་ཁྱད་ཆོས། ཆུ་ལུག་ཞིབ་གཞུང་གྲུབ་བྱེད་རྒྱུ་ཆ་ནི་ཤོག་བུ་ཡིན་པ་གང་ཞིག་དེ་ནི་བོད་རང་གི་སྲོལ་རྒྱུན་གྱི་ཤོག་རྙིང་སྟེ་སེར་དམར་དཀར་པོའམ་དུག་གི་མེ་ཏོག་གམ་རེ་ལྕག་ཏུ་འབོད་པའི་རྩྭ་ཞིག་གི་རྩ་བ་གྲུབ་ཆ་གཙོ་བོར་བྱས་ནས། དྲི་སྤྱིན་གྱི་རིགས་དང་རྫས་འགྱུར་གྱི་རྫས་སྣ་གཞན་མ་བསྲེས་པར་གཡོས་སྦྱོར་དུ་གྲུབ་པ་ཞིག་ཡིན་པས་འཕྲུལ་ཆས་དང་རྫས་འགྱུར་གྱིས་བཟོས་པའི་ཤོག་བུ་གཞན་དང་མི་འདྲ་བར་རེག་ན་སྲ་མཁྲེགས་རན་ལ་འཇམ་ཤ་དོད་པ། ལྟེབ་བརྩེག་བགྱི་བདེ་ལ་སྙི་ཆ་ལྡན་པ་གང་ཞིག ཤོག་བུའི་ངོས་སུ་ཤོག་ཐག་སྲད་བུ་ཉུང་ལ་བར་ཚགས་དམ་པ། ཤོག་ཐག་རི་མོ་ཅུང་ཙམ་ཡོད་རུང་ཙག་བཙོག་ཉུང་ལ་བ་སྤུ་མི་གཡོ་བ། ཁ་མདོག་དཀར་ཤུགས་ཞན་ལ་ཅུང་སེར་མདངས་རྒྱས་པས་བལྟས་ན་མིག་ལ་རན་ཞིང་མི་ཚེར་བ་ཞི་འཇམ་གྱི་སྣང་བ་སྟེར་ཐུབ་པ་སོགས་ཀྱི་ཁྱད་ཆོས་ལྡན།
           གཉིས། དབྱིངས་གཟུགས་ཀྱི་རྣམ་པ། ཆུ་ལུག་ཞིབ་གཞུང་གི་ཡིག་ཆའི་རྣམ་པ་ནི་ཤོག་སྒྲིལ་སྣ་རིང་ཅན་ཡིན་པ་གང་ཞིག དེའི་རིང་ཐུང་ལ་རྨིས་366.6དང་ཞེང་ཚད་ལིས་རྨིས་66ཡས་མས་ཙམ་འདུག་པས། གྲུབ་སྟངས་ནི་ཤོག་ལྷེབ་ཆ་ཡོངས་སུ་ཚང་བ་གཅིག་གིས་གྲུབ་པའི་ཡིག་ཚགས་དང་མི་འདྲ་བར་ལིས་རྨིས་66ཡས་མས་སུ་ཞེང་ཚད་མི་གཅིག་པའི་ཤོག་ལྷེབ་དབྱིབས་གྲུ་བཞི་དང་ནར་མོ་བས་གཅིག་འཕྲོར་གཅིག་མཐུད་ཀྱིས་སྦྲེལ་ནས་གྲུབ་ཡོད་པ་དང་ཤོག་གྲངས་ཀྱང་བཀོད་མེད། ཤོག་ལྷེབ་གཅིག་ལ་གཅིག་མཐུད་ཀྱིས་སྒོ་ནས་གྲུབ་པའི་ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་འདི་ནི་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་ཀྱི་ལག་ཐབས་གལ་ཆེན་ཞིག་ཡིན་པས་རྣམ་པ་དེའི་རིགས་ཀྱི་ཡིག་ཚགས་ནི་ད་ཡོད་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཁྲོད་དུ་གྲངས་འབོར་མི་ཉུང་བ་ཞིག་ཡོད་མོད་ཀྱང་། ཆུ་ལུག་ཞིབ་གཞུང་ནང་བཞིན་ཤོག་སྣ་ཤིན་ཏུ་རིང་བའི་ཡིག་ཚགས་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་ད་བར་རྙེད་སོན་གཞན་གཅིག་ཀྱང་བྱུང་མེད་པས་འདི་ཉིད་མིག་སྔར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཆེས་རིང་ཤོས་སུ་ཆགས་ཡོད།
           གསུམ། ཡིག་གཟུགས་དང་སྣག་ཚའི་སྐོར། ཆུ་ལུག་ཞིབ་གཞུང་ནི་ལག་བྲིས་མ་ཡིན་པ་གང་ཞིག་སྤྱིར་ཡིག་གཟུགས་མི་གཅིག་པ་གཉིས་ཡོད་དེ་གཅིག་ནི་ཁ་བྱང་དུ་བྲིས་པའི་དབུ་མེད་དང་། གཅིག་ནི་གཞུང་དོན་དངོས་ཀྱི་ཡིག་གཟུགས་ཚུགས་མ་འཁྱུག་ཡིན། ཡིག་གཟུགས་སྤྱིར་བལྟས་ན་ཁམས་དྭངས་ལ་གྲལ་འགྲིག་ཞིང་ངོས་གཙང་བ་མིག་ལམ་དུ་ངང་གིས་གྲུབ་པའི་བདེ་སྣང་ཞིག་སྟེར་ལ། ཡིག་གཟུགས་ཀྱི་ཚུགས་ཀར་བལྟས་ན་ཁག་ཅིག་མིག་ལ་མཛེས་ཤིང་འཁྱུག་ཚད་འོས་འཚམ་དུ་ཡོད་པ་དང་ཁག་ཅིག་དེ་ཙམ་གྱིས་མི་ལེགས་པས། ཁྱད་པར་ཅུང་ཆེ་བའི་ཡིག་གཟུགས་ཁག་གཉིས་ཀྱི་ངོས་ནས་བརྟག་ན། ཞིབ་གཞུང་ཡིག་ལམ་དུ་འགོད་མཁན་མ་མཐའ་ཡང་མི་གཉིས་ཡོད་ཚོད་འདུག ཞིབ་གཞུང་ལག་བྲིས་མ་དེ་ཡིག་ལམ་དུ་འགོད་བྱེད་སྣག་ཚ་ནི་བོད་རང་གི་སྲོལ་རྒྱུན་གྱི་སྣག་ཚ་ནག་པོ་དེ་ཡིན་ཞིང་། བོད་སྣག་དེའི་ཁྱད་ཆོས་ནི་སྣག་མདོག་དྭངས་ཤིང་གསལ་བས་ཤོག་ངོས་སུ་མི་འཛར་བ། ཡིག་རིས་ངོས་གཙང་བ། བདེ་བླག་ངང་ཕབ་ཐུབ་པ་སོགས་ཀྱི་ཁྱད་ཡོན་ལྡན།
           བཞི། རྩོམ་གྱི་སྒྲིག་གཞི་དང་ཡིག་འབྲུའི་སྐོར། ཆུ་ལུག་ཞིབ་གཞུང་གི་རྩོམ་གཞུང་དུ་ཁ་བྱང་དང་མཆོད་བརྗོད། རྩོམ་པར་དམ་བཅའ་བ། སྔོན་འགྲོ གཞུང་དངོས་དང་བཅས་སྲོལ་རྒྱུན་གྱི་ལོ་རྒྱུས་ཡིག་ཆར་ཚང་དགོས་པའི་གྲུབ་ཆ་ཡོངས་སུ་ཚང་ཡོད་པ་དང་། ཁ་བྱང་ནི་ཤོག་སྒྲིལ་ཁ་ཕྱེས་མ་ཐག་པའི་ལོག་ངོས་ཀྱི་དབུས་སུ་བྲིས་ཡོད་པ་དང་ཡིག་འབྲུ་གྲངས་ཀ་61ཡོད། མཆོད་བརྗོད་དབུ་ཚུགས་པ་དང་དང་ཐོག་ཨོཾ་སྭ་སྟི་ཞེས་ལེགས་སྦྱར་གྱི་ཤིས་ཚིག་གིས་མགོ་དྲངས་ནས་དེ་མུར་ཚིགས་བཅད་རེ་ལ་ཡིག་འབྲུ་དགུ་རེ་ཡོད་པའི་ཤོ་ལོ་ཀ་བཞི་ཅན་གྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བའི་ཚིག་གིས་མདུན་བསུས་ཏེ་སྔོན་འགྲོའི་ནང་དོན་བགྲངས་ཡོད་ལ། སྔོན་འགྲོར་ཡིག་ཕྲེང་35ཡོད་པ་དང་ཡིག་ཕྲེང་རེར་ཡིག་འབྲུ་གྲངས་42ཡས་མས་ཙམ། དེ་ནས་བར་སྐབས་སུ་སྟོང་ཆ་སོར་བརྒྱད་(ལིས་རྨིས་50ཡས་མས་)ཙམ་བཞག་ནས་གཞུང་དངོས་ཀྱི་ནང་དོན་འབྲི་འགོ་བཙུགས་ཡོད་པ་དང་། གཞུང་དངོས་ཀྱི་ཡིག་ཕྲེང་རེ་ལ་ཡིག་འབྲུ་42ཙམ་ཡོད་པ་དང་ཡིག་འབྲུ་ཁྱོན་བསྡོམས་ན་ཕལ་ཆེར་ཁྲི་171ལྷག་ཙམ་མཆིས།
           ལྔ། ཉར་ཚགས་ཀྱི་གནས་བབས། ཆུ་ལུག་ཞིབ་གཞུང་དེ་སྔོན་ཉར་ཚགས་བྱེད་སྟངས་ནི་ཤོག་སྒྲིལ་གྱི་རྣམ་པའི་ཐོག་ནས་འབོག་གི་ནང་དུ་བསྟུམས་ཏེ་ཡིག་མཛོད་ནང་ཉར་ཚགས་བྱས་ཡོད་པས་ལོ་དུས་དང་དབོར་འདྲེན། རེག་སྐྱོན་གྱི་དབང་གིས་ཡིག་ཚགས་ཤོག་སྒྲིལ་དེའི་ཟུར་གྱི་སྣེ་མོ་དང་དང་ཐོག་ཁ་ཕྱེ་སའི་དབུ་ནས་འཇལ་བའི་རྨིས་5ཡས་མས་ཀྱི་ནང་ཚུད་དུ་རལ་སྐྱོན་རེ་འགའ་ཡོད་པ་ལས་ཕྱི་མོའི་དཀྱིལ་དང་གཞན་པ་སྤྱིའི་ཆ་ནས་སྐྱོན་ཆེན་པོ་མི་འདུག་མོད། འོན་ཀྱང་བློ་ཕམ་པ་ཞིག་ལ་ཞིབ་གཞུང་གི་མཇུག་མཐའ་རུ་བརྗོད་དོན་མ་རྫོགས་པར་རྗོད་བྱེད་ཡི་གེ་ཡོད་བཞིན་དུ་འཕྲེད་ནས་དུམ་གྱིས་ཆད་ནས་ཧྲུལ་གྱར་དུ་སོང་འདུག་པས། 2009ལོར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་ཞིབ་གཞུང་ལ་འཕོག་པའི་མི་དང་དོན་སོགས་ཀྱི་རྐྱེན་གང་རུང་གི་གནོད་སྐྱོན་བཟློག་གང་ཐུབ་ཀྱིས་ཞིབ་གཞུང་ཕྱི་མོར་པར་བཏབ་པ་དང་། པར་བསྡུ་འཕྲུལ་ལེན་གྱི་ཐོག་ནས་གློག་ཀླད་ནང་བཅུག་པ་མ་ཟད། མ་ཕྱིའི་ཡི་གེའང་མ་ལུས་པ་ཆ་ཚང་གློག་ཀླད་ནང་དུ་ཏར་ཚགས་བྱས་ཏེ་སྲུང་སྐྱོང་བྱས་ཡོད།
གཉིས་པ། ཆུ་ལུག་ཞིབ་གཞུང་བཟོ་འགན་འཁུར་མཁན་དང་བཟོས་པའི་དུས་ཚོད་རྩོམ་ལུས་སྐོར།
           གཅིག ཆུ་ལུག་ཞིབ་གཞུང་བཟོ་འགན་འཁུར་མཁན། ཆུ་ལུག་ཞིབ་གཞུང་གི་སྔོན་འགྲོར།……“དབུས་མདའ་དཔོན་བྱིངས་པ་བ་དང་། རྩེ་མགྲོན་ཕུན་རབ་པ་གཉིས་ལ་མཚོ་སྣ་གཞུང་རྒྱུགས་ཁྲལ་བཟོ་ཁུངས་འཇུག་བྱེད་སྒོའི་གཞོར་ལྕོག་ཐོག་ཟུར་དུ་སྲིད་ཐམ་ལག་འཁྱེར་སོང་བ་ལྟར་”⑥ཞེས་བཀོད་འདུག་པའི་དོན་ལ་དཔྱད་ན། སྐབས་དེ་དུས་མོན་ཡུལ་དུ་ས་མཚམས་བརྟག་དཔྱད་དང་མི་འབོར་ཐེམ་དུད་ཞིབ་བཤེར་གཞུང་རྒྱུགས་ཁྲལ་བཟོ་ཁུངས་འཇུག་གི་བྱེད་སྒོའི་ལས་དོན་གྱི་འགན་དབང་གཙོ་བོ་དབུས་མདའ་དཔོན་བྱིངས་པ་བ་དང་རྩེ་མགྲོན་ཕུན་རབ་པ་གཉིས་ལ་སྤྲད་ཡོད་པ་གསལ། གོང་གི་སྔོན་འགྲོའི་ནང་དུ་གསལ་བའི་དབུས་ཞེས་པ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལྟེ་གནས་ཡུལ་ལྷ་སར་གོ་དགོས་པ་སྨོས་མ་དགོས་ལ། མདའ་དཔོན་དང་རྩེ་མགྲོན་ཞེས་པ་ནི་སྔར་དགའ་ལྡན་ཕོ་བྲང་སྐབས་ཀྱི་བཀའ་ཤག་སྲིད་གཞུང་གི་གོ་གནས་མི་འདྲ་བ་གཉིས་ཀྱི་མཚན་མིང་ཡིན་པ་དང་། དང་པོ་དེ་དམག་དཔོན་གྱི་གནས་ཆེ་གྲས་ཤིག་ཡིན་པ་ལ། མན་ཇུའི་རྒྱལ་རབས་གོང་མ་ཆན་ལུང་གི་དུས་མཇུག་ཏུ་མདའ་དཔོན་རེའི་མངའ་འོག་ཏུ་དམག་མི་ལྔ་བརྒྱ་རེ་གཏན་འབེབས་བཟོས་ཤིང་རྗེས་སོར་རིམ་བཞིན་མང་དུ་བཏང་ཡོད་པ་དང་། ཕྱི་མ་ནི་བཀའ་ཤག་གི་རྩེ་འགག་⑦མགྲོན་གཉེར་ལ་གོ་དགོས། བྱིངས་པ་དང་ཕུན་རབ་ཞེས་པ་ནི་མི་ཚང་གི་མིང་ཡིན་པ་དང་། དང་པོ་དེ་ནི་ཡུལ་ལྷོ་ཁ་གྲ་ནང་ཁུལ་གྱི་སྐུ་དྲག་གི་ཁྱིམ་ཚང་ཞིག་ཡིན་ཞིང་། མི་ཚང་དེའི་མི་སྣ་ཁག་ཅིག་གཙང་པ་རྒྱལ་པོའི་སྐབས་ཏེ་སོག་པོས་བོད་དབང་དུ་བསྒྱུར་བའི་དུས་སུ་གྱོང་པོ་ཡོད་པ་གསལ།ཅིག་ཤོས་ནི་ལྷོ་ཁ་འཕྱོངས་རྒྱས་ཁུལ་གྱི་སྐུ་དྲག་ཡིན་ཞིང་།བཤད་སྲོལ་ལ་ཁྱིམ་ཚང་དེའི་མི་སྣ་རེ་གཉིས་སྲིད་ཀྱི་ཕྱོགས་ལ་ཤིན་ཏུ་བརྩོན་པ་ཡོད་པར་སྐད། འདིར་ཞིབ་གཞུང་གི་སྔོན་འགྲོ་རུ་དམིགས་སུ་བརྗོད་པའི་བྱིངས་པ་བ་དང་ཕུན་རབ་པ་གཉིས་ཡང་སྙིང་ཁྱིམ་ཚང་དེ་གཉིས་ནང་གི་མི་གང་ཞིག་ལ་ཟེར་གྱི་ཡོད་པ་མཚན་གསལ་པོ་བཀོད་མེད། ས་མཚམས་སོགས་ལ་ཞིབ་འཇུག་བྱེད་པའི་རྒྱའི་མཁས་པ་ཧྥང་ཅེན་ཁྲང་(房建昌)གིས་བྲིས་པའི་《དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱ་གར་ལས་དོན་པུའུ་ཡི་ཡིག་ཚགས་ནས་ཀྲུང་གོ་བོད་ལྗོངས་ལྷོ་མོན་རྟ་དབང་ས་མཚམས་ཁུལ་གྱི་ལོ་རྒྱུས་ལ་ལྟ་བ་》(《从英国印度事务部档案看中国西藏南部门达旺边境地区的历史》)⑧ཞེས་པའི་རྩོམ་ནང་དུ་སྐབས་དེ་དུས་ཀྱི་རྒྱ་གར་དབྱིན་གཞུང་ལ་བོད་ནས་བཏང་བའི་ཡི་གེ་ཞིག་འབྱོར་ཡོད་པ་དང་། ཡི་གེ་གཏོང་མཁན་ནི་མོན་ཞིབ་ཚོགས་པ་ཟེར་བའི་སྒྲིག་འཛུགས་ཀྱི་དབུས་མདའ་དཔོན་བྱིངས་པ་བ་དང་རྩེ་མགྲོན་ཕུན་རབ་པ་གཉིས་ནས་བསྐུར་བ་(被任命为一个门巴地区调查委员会的代本晋巴和孜准彭绕巴会同送出)ཞེས་བྱིངས་པ་བ་དང་ཕུན་རབ་པ་གཉིས་སྐབས་དེར་མོན་ཞིབ་ཏུ་མོན་ན་ཡོད་ཚུལ་བརྗོད་འདུག་ཀྱང་ཞིབ་ཕྲའི་མིང་གང་ཡིན་མིན་བཀོད་མི་འདུག་པས་གཤམ་དུ་དེའི་སྐོར་རགས་ཙམ་བརྟག་པ་ལ།
           ཞིབ་གཞུང་གི་ཁ་བྱང་དུ་དང་ཐོག་ནས་ཆུ་ལུག་ལོ་ཞེས་ཞིབ་གཞུང་འདི་གྲུབ་པའི་ལོ་ཚིགས་བསྟན་འདུག དུས་ཚོད་དེ་གཞིར་བཟུང་ནས་ཁོ་མོས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་དུས་ཚིགས་དེའི་ཡས་མས་སུ་བཀོད་པའི་དཔོན་པོ་ཁག་ཅིག་གི་མཚན་ཐོ་འགའ་བསྔོགས་ནས་དཔྱད་ཚེ་མཚན་བྱང་དུ་ས་ཡོས་སྒང་སྟོད་འདོད་རྒུ་ཐང་བཞུགས་སྒར་དུ་སྒར་སྣུམ་ཕུལ་བའི་ཤོད་བསྐོར་གྱི་མཚན་ཐོ་ཞེས་པའི་ཡིག་ཚགས་ཤིག་གི་ནང་དབུས་མདའ་དཔོན་བྱིངས་པ་བ་ཞེས་གསལ་བ་དང་། གཞན་ཁ་བྱང་དུ་ཤིང་སྤྲེལ་ལོའི་ཞོལ་དྲུང་གི་མཚན་ཐོ་ཞེས་པའི་ནང་དུ། “བྱིངས་པ་བ་ཚེ་རིང་བཀྲ་ཤིས་རང་ལོ་46ལྕགས་སྤྲེལ་ལོར་གཞུང་ཞབས། ད་ལྟ་དབུས་མདའ་དཔོན། ཕུན་རབ་པ་ཚེ་རིང་སྐལ་བཟང་རང་ལོ་30ཆུ་ལུག་ལོར་གཞུང་ཞབས། ད་ལྟ་སྦྲག་སྤྱི། ལྷ་ཀླུ་ཚེ་དབང་རྡོ་རྗེ་རང་ལོ་31མེ་ཡོས་ལོར་གཞུང་ཞབས། ད་ལྟ་རྩིས་དཔོན། ཛ་སག་ཚ་རོང་ཟླ་བཟང་དགྲ་འདུལ་རང་ལོ་57ཆུ་བྱི་ལོར་གཞུང་ཞབས། ད་ལྟ་གྲྭ་བཞི་ཀློག་འཕྲུལ་དོ་འཁུར་”⑨ཞེས་བཀོད་འདུག་པས། ས་ཡོས་ལོ་ནི་ཆུ་ལུག་ལོ་ལས་ལོ་ལྔས་སྔ་བས་ས་ཡོས་ལོར་བཀོད་པའི་མཚན་ཐོ་དང་པོ་དེས་བྱིངས་པ་བ་མོན་ཁུལ་དུ་འགྲིམས་ནས་ཞིབ་གཞུང་བཟོས་གྲུབ་པའི་དབར་གྱི་ལོ་ལྔའི་རིང་ལ་མདའ་དཔོན་གྱི་གོ་གནས་བཟུང་ཡོད་པ་ར་སྤྲོད་བྱས་ཡོད་ལ། ཤིང་སྤྲེལ་ལོ་ནི་ཆུ་ལུག་ལོ་ལས་ལོ་གཅིག་འཕྱི་བས་མཚན་ཐོ་གཉིས་པ་ཤིང་སྤྲེལ་ལོའི་ཡིག་ཚགས་དེས་ཆུ་ལུག་ལོར་མདའ་དཔོན་བྱས་པའི་བྱིངས་པ་བ་ནི་ཤིང་སྤྲེལ་ལོའི་མཚན་ཐོ་རུ་གསལ་བའི་བྱིངས་པ་བ་ཚེ་རིང་བཀྲ་ཤིས་དེ་རང་ཡིན་པ་དང་། ཤིང་སྤྲེལ་ལོར་ཁོང་རང་ལོ་46ཡིན་འདུག་པས་ཆུ་ལུག་ལོར་བྱིངས་པ་བ་ཚེ་རིང་བཀྲ་ཤིས་རང་ལོ་45ཡིན་དགོས་ལ། ཁོང་དང་དུས་རབས་གཅིག་ཏུ་གནས་པའི་ཕུན་རབ་པ་ནི་ཡིག་ཚགས་གཉིས་པའི་ནང་དུ་བཀོད་པའི་ཕུན་རབ་པ་ཚེ་རིང་སྐལ་བཟང་ཡིན་པ་ཤེས་སླ་སྟེ་ཤིང་སྤྲེལ་ལོར་ཁོང་རང་ལོ་30ཡིན་པ་དང་། ཆུ་ལུག་ལོར་ཁོང་རང་ལོ་29ཡིན་པ་སྨོས་མེད་ཡིན་པར་བརྟེན། ཆུ་ལུག་ཞིབ་གཞུང་གི་སྔོན་འགྲོའི་ནང་དུ་གསལ་བའི་མོན་ཁུལ་དུ་བསྐྱོད་ནས་ས་མཚམས་ཞིབ་དཔྱོད་ཀྱི་འགན་འཁུར་མཁན་དང་མཐར་ཞིབ་གཞུང་འདི་མཛད་མཁན་དབུས་མདའ་དཔོན་བྱིངས་པ་བ་དང་རྩེ་མགྲོན་ཕུན་རབ་པ་ནི་བྱིངས་པ་བ་ཚེ་རིང་བཀྲ་ཤིས་དང་ཕུན་རབ་པ་ཚེ་རིང་སྐལ་བཟང་ཡིན་པར་ངོས་འཛིན་བྱས་ཆོག་པར་འདོད།
           གཉིས། ཆུ་ལུག་ཞིབ་གཞུང་བཟོས་པའི་དུས་ཚོད། ཆུ་ལུག་ཞིབ་གཞུང་གི་ཁ་བྱང་ལས་ཞིབ་གཞུང་འདི་ཆུ་ལུག་ལོ་སྟེ་ཕྱི་ལོ་1943 ལོར་བཟོས་པ་བཀོད་འདུག་པས།ལོ་འདིས་ཞིབ་གཞུང་འདི་ཉིད་ཆ་ཡོངས་སུ་ཚང་བར་གྲུབ་པའི་མཐའ་མའི་ལོ་ཚིགས་དེ་བསྟན་ཡོད་མོད། འོན་ཀྱང་ཆུ་ལུག་ཞིབ་གཞུང་ནི་ཡིག་འབྲུ་ཁྲི་བརྒྱ་ཕྲག་ཅན་གྱི་ཆེས་སྣ་རིང་ཅན་གྱི་ཡིག་ཚགས་ཤིག་ཡིན་པ་དང་། ཞིབ་གཞུང་གི་ངོ་བོའི་ཐད་ནས་བརྟག་ནའང་ཡུལ་ཕྱོགས་ཁག་སོ་སོར་དུས་ཚོད་ངེས་ཅན་འགྲིམས་ནས་ཐེམ་དུད་ཞིབ་བཤེར་དང་ས་མཚམས་དཔྱད་ཞིབ་བྱས་པ་བརྒྱུད་ནས་བཟོ་དགོས་པ་ཞིག་ཡིན་པས། ཞིབ་གཞུང་འདི་ཉིན་མོ་གཅིག་དང་དབུགས་ཐེངས་གཅིག་གིས་གྲུབ་པར་ལྟ་ཞོག་སྔོན་འགྲོའི་ཞིབ་གཤེར་ཚར་ནས་མཐར་ཡིག་ལམ་དུ་འགོད་པ་འགོ་ཚུགས་པ་ནས་སྨྱུག་མཚམས་འཇོག་པའི་བར་དུའང་དུས་ཚོད་མི་ཉུང་བ་ཞིག་དགོས་པ་སྨོས་མེད་ལགས་ན། ཞིབ་གཞུང་འདི་མ་བཟོས་གོང་གི་གྲ་སྒྲིག་དང་མཐར་བཟོས་ཟིན་པའི་བར་ལ་ཡང་སྙིང་དུས་ཚོད་ཅི་ཙམ་འགོར་ཡོད་མེད་དེ་ནི་ཞིབ་མོར་དཔྱད་དགོས་པའི་གནད་དོན་ཞིག་རེད།
           མོན་ཡུལ་ནི་བོད་ཀྱི་ལྷོ་ཕྱོགས་ས་མཐའ་རུ་གནས་ཤིང་། ཡུལ་དེའི་ས་མཚམས་རྒྱ་གར་དང་འབྲེལ་ཡོད་པས་སྔར་འགྲིམས་འགྲུལ་དང་ས་ལམ་བདེ་པོ་མེད་པར་གཡང་གཟར་དང་ལ་ལུང་ཀྱག་ཀྱོག་གིས་ཁེངས་ལ། ཇག་འཕྲོག་གི་གནས་ཚུལ་མང་བས་ཡུལ་དེར་བགྲོད་དགོས་ན་དཀའ་ཚེགས་དང་འཇིགས་ཉེན་ཤིན་ཏུ་ཆེ་བར་བརྟེན། མོན་དང་དབུས་བར་གྱི་འགྲོ་འོང་དེ་ཙམ་རྒྱུགས་ཆེ་བ་རང་མེད། དེ་ཡང་སྐབས་སྐབས་སུ་ཡུལ་གྱི་དཔོན་ཁག་བརྗེ་རེས་དང་བཀའ་ཤག་ནས་ཆེད་གཏོང་མི་སྣ་མོན་དུ་ལས་དོན་བསྒྲུབ་པར་སྐྱོད་དུས་རྟ་ཁལ་འུ་ལག་སྐུ་སྲུང་འཁོར་དང་བཅས་པ་རོགས་སུ་བསྡེབས་ནས་གྲ་སྒྲིག་གྱ་ནོམ་པའི་ངང་ཐོན་ཕྱག་དང་བཅས། ལ་ཀླུང་དང་ཁུག་ཀྱོག་གྲངས་མེད་འགྲིམས་མཐར་མོན་ཡུལ་དུ་དངོས་སུ་འབྱོར་བར་དུས་ཡུན་ཉིན་ཞག་སུམ་ཅུ་ཙམ་འགོར་གྱི་ཡོད། ཁོ་མོས་བོད་ལྗོངས་ཡིག་ཚགས་ཁང་དུ་ཆུ་ལུག་ཞིབ་གཞུང་དང་འབྲེལ་ཡོད་ཀྱི་ཡིག་ཆ་འཚོལ་བའི་སྐབས་སུ་ཆུ་རྟ་ལོར་མོན་ལ་ཕྱིན་པའི་ཕོགས་དངུལ་ཞེས་པའི་ཡིག་ཆ་ཞིག་བཙལ་རྙེད་བྱུང་བ་ངོ་བཤུས་བྱས་པ་གཤམ་གསལ། “ཆུ་རྟ་ཟླ་5ཚེས་25ནས་ཕོགས་མཚམས་བཟུང་། མཚོ་སྣ་ཁུལ་ས་མི་ཞིབ་གཅོད་དུ་ཐོན་མི་དབུས་མདའ་དཔོན་བྱིང་པ་བ་ངོ་གཡོག་བཅུ་ཐམ་པའི་བཅུ་ཕོགས་སུ་དངུལ་སྲང་13.2.4.5.2.6.3ཐོབ་པ་རྩིས་གཞིར་བཟུང་འགོར་རྒྱུན་ཟླ་དྲུག་གི་ཐོབ་བསྡོམ་དངུལ་སྲང་ཉིས་བརྒྱ་བཞི་བཅུ་ཐམ་པ་དང་ཞོ་གང་སྐར་ཕྱེད་དྲུག་གསུམ་ཆ་གཅིག་དང་བརྒྱ་དང་ཉི་ཤུ་ཐམ་པའི་ཆ་ཕྱེད་བཞི་དགོས་པ་ཕྱོགས་ཐོན་མི་སྣའི་ཕོགས་དངུལ་བསྒྲིལ་བསྡུ་དམ་སྦྲེལ་པོའི་རྩིས་སྟེང་ནས་བླངས་འཐུས་རྩིས་འགྲོའི་འཛིན་ཐམ་དགོས་རིགས་འདི་ཐོག་ནས་བླངས་ཆོག་པ་གྱིས། ཟླ་5ཚེས་26ལ།”⑩དངུལ་ལེན་འཐུས་འཛིན་འདི་བཀོད་པའི་ཆུ་རྟ་ལོ་ནི་ཆུ་ལུག་ལོ་ལས་ལོ་གཅིག་གིས་སྔ་བས་ཆུ་ལུག་ཞིབ་གཞུང་བཟོས་པའི་ལོ་གཅིག་གོང་གི་དུས་ཏེ་ཆུ་རྟ་ལོའི་ཟླ་5ནས་བཀའ་ཤག་གིས་མོན་དུ་བསྐྱོད་དགོས་པའི་མདའ་དཔོན་བྱིངས་པ་བ་འཁོར་དང་བཅས་པའི་གྲོན་དངུལ་བཏོན་འདུག་པ་དང་། གཞན་ཡང་གོང་དུ་གླེང་བའི་ཧྥང་ཅེན་ཁྲང་གིས་བྲིས་པའི་《དབྱིན་ཇིའི་རྒྱལ་ཁབ་ཀྱི་རྒྱ་གར་ལས་དོན་པུའུ་ཡི་ཡིག་ཚགས་ནས་ཀྲུང་གོ་བོད་ལྗོངས་ལྷོ་མོན་རྟ་དབང་ས་མཚམས་ཁུལ་གྱི་ལོ་རྒྱུས་ལ་ལྟ་བ་》ཞེས་པའི་རྩོམ་ནང་དུའང་། “ཕྱི་ལོ་1942ལོ་སྟེ་ཆུ་རྟ་ལོའི་ཟླ་9ཚེས་6ཉིན་(ཕྱི་ལོ་ཟླ་10ཚེས་15དང་མཚུངས།)ལ་དབུས་མདའ་དཔོན་བྱིངས་པ་བ་དང་རྩེ་མགྲོན་ཕུན་རབ་པ་གཉིས་ནས་མོན་ཞིབ་ཚོགས་པ་ཟེར་བའི་སྒྲིག་འཛུགས་ཤིག་གི་སྐུ་ཚབ་ཀྱི་ངོས་ནས་འབྲུག་པ་རྒྱལ་པོར་བཀག་པོ་སྤྲོད་ལེན་གྱི་དོན་དུ་ཆེད་མངགས་ཡི་གེ་བཏང་མྱོང་ཡོད་པ་དང་།”⑾ ཕྱི་ལོ་1943ལོའི་ཟླ་3ཚེས་20ཉིན་ཏེ་ཆུ་ལུག་ལོའི་ལོ་འགོར་རྒྱ་གར་ཕྱི་འབྲེལ་པུའུ་ནས་འབྲས་ལྗོངས་སྲིད་དོན་དཔོན་པོའི་གཞོགས་འདེགས་པ་ལུའུ་ཏེ་ལོའོ་ཞེས་པར་བཏང་བའི་ཏར་ཡིག་ངོ་བཤུས་མ་ལས་ཀྱང་སྐབས་དེ་དུས་བོད་ཀྱི་དམག་དཔོན་ཆེན་མོས་དམག་ཁྲིད་ནས་རྟ་དབང་གི་ཡུལ་དུ་འབྱོར་བ་དང་། ཡུལ་རུ་པ་དང་ཤེར་དང་ག་ལག་ཐང་བཅས་སུ་ཁྲལ་བསྡུ་ཁྲལ་ལེན་གྱི་ལས་འགུལ་སྤེལ་ཡོད་པའི་གནས་ཚུལ་ཡང་གསལ་བཤད་བྱས་འདུག⑿
           གོང་གི་ཡིག་ཆ་དེ་དག་ལ་བརྟག་ན་དབུས་མདའ་དཔོན་བྱིངས་པ་བ་དང་རྩེ་མགྲོན་ཕུན་རབ་པས་མོན་ཞིབ་ལས་དོན་གྱི་ལྗིད་འགན་འཁུར་ནས་སྐུ་སྲུང་འཁོར་དང་བཅས་པ་ཆུ་རྟ་ལོའི་ཟླ་5སྟེ་ཕྱི་ལོ་1942ལོའི་ལོ་དཀྱིལ་ཡས་མས་སུ་མོན་ཡུལ་དུ་བསྐྱོད་འགོ་ཚུགས་ཡོད་པ་དང་། མོན་དུ་འབྱོར་མུར་རྟ་པ་འཁོར་དང་བཅས་པས་ས་མཚམས་རྒྱུད་ཀྱི་ས་མཐའ་རུ་ངོ་བསྐྱོད་གནང་ནས་ས་དཔྱད་ས་ཞིབ་དང་། ལྷག་དོན་རྟ་དབང་དང་རྒྱ་གར་ས་མཚམས་རྒྱུད་ཀྱི་གྲོང་སྡེ་རུ་གཞུང་རྒྱུགས་མི་རྩ་ཕོ་མོ་དང་ཐེམ་དུད་མི་གྲངས་ས་ཞིང་རྒྱུ་དངོས། དེ་བཞིན་གནས་གྱར་དུ་སོང་བའི་མི་སེར་ཕན་ཚུན་སྤྲོད་ལེན་བྱས་པ་སོགས་དང་། མོན་ཡུལ་ནང་ཁུལ་གྱི་གནད་དོན་ཆེ་ཕྲ་ཁག་ལ་ཞིབ་དཔྱོད་བྱས་པ་མ་ཟད། འབྲུག་པ་དང་འབྲེལ་ཡོད་གནད་དོན་གྱི་ཆེད་དུ་ཡིག་ལམ་ནས་ར་སྤྲགས་བཏང་བ་སོགས་སྐབས་དེ་དུས་ཀྱི་མོན་ཡུལ་གྱི་ས་མཚམས་རྒྱུད་ཀྱི་ཚོ་དང་ལྡིང་གི་ཡུལ་གྲོང་ལ་ཕྱོགས་ཡོངས་ནས་ཞིབ་དཔྱོད་བྱས་ཡོད། ཆུ་ལུག་ཞིབ་གཞུང་དུ་ཆུ་ལུག་ལོ་ཞེས་པའི་ལོ་ཁམས་ཙམ་མ་གཏོགས་ཟླ་ཚེས་མི་གསལ་བས་ཞིབ་གཞུང་འགྲུབ་པར་དུས་ཡུན་ཅི་ཙམ་འགོར་ཡོད་པ་ཞིབ་ཕྲ་གཏན་འཁེལ་དཀའ་རུང་། རྟ་ལོ་སྟེ་1942ལོའི་ཟླ་5་ལ་བཀའ་ཤག་ནས་མོན་སྐྱོད་མི་སྣའི་འགྲོ་གྲོན་གྱི་དངུལ་བཏོན་པ་དང་། 1943ལོའི་ཟླ་3ལ་བྱིངས་པ་བ་དང་ཕུན་རབ་པ་གཉིས་ཀྱིས་ད་དུང་ས་མཚམས་བརྒྱུད་ཞིབ་དཔྱད་ཀྱི་བྱ་བ་སྤེལ་བཞིན་ཡོད་པར་གཞིགས་ན། ལུག་ལོ་སྟེ་1943ལོར་ཞིབ་གཞུང་ཆ་ཡོངས་སུ་ཚང་བ་ལེགས་གྲུབ་བྱུང་བའི་བར་དུ་དུས་ཚོད་ཉུང་ཤོས་ལའང་ལོ་གཅིག་འགོར་ཡོད་པ་རིགས་པས་དཔག་ཐུབ།
           གསུམ། ཆུ་ལུག་ཞིབ་གཞུང་གི་རྩོམ་ལུས། ཆུ་ལུག་ཞིབ་གཞུང་གི་མཚན་བྱང་རྒྱས་པར་ཆུ་ལུག་ལྷོ་མོན་ཁུལ་ཤར་ཉི་མ་ཚོ་གསུམ་དང་། དྭགས་པ་ཚོ་བརྒྱད། སྦྲང་ནང་ཆུ་བརྒྱུད། རོང་ནང་སྟོད་སྨད། རྒྱ་མཚམས་ཤེར་དང་བསྟུགས་སྤན་བཅས་ཀྱི་རང་ཁོངས་གཞུང་རྒྱུགས་ཁྲལ་མིའི་འཛིན་དབང་ས་ཞིང་དང་ཁྲལ་ཁང་། མི་རྩ་ཕོ་མོ་བཅས་པའི་ཞིབ་གཞུང་གཏན་འབེབས་རྩ་འཛིན་གྱི་འཆར་གཞི་སྙན་ཞུ་ཞེས་བཀོད་ཡོད། མཚན་བྱང་འདི་ལས་ཡིག་ཆ་དེའི་རྩོམ་ལུས་ལ་བལྟས་ན་ཡིག་ཆ་འདི་ཞིབ་གཞུང་གཏན་འབེབས་རྩ་འཛིན་གྱི་འཆར་གཞིའི་སྙན་ཞུ་ཡིན་པ་གསལ་མོད། གལ་ཏེ་ཡིག་ཆ་དེ་སྙན་ཞུའི་དབང་དུ་བཏང་ན་སྙན་ཞུར་ཚང་དགོས་པའི་རྨང་གཞིའི་གྲུབ་ཆ་སྙན་ཞུ་འབུལ་མཁན་དང་།ཕུལ་སའི་ཡུལ་ཅི་ཡང་བསྟན་མེད་པ་གང་ཞིག ཡིག་ཆ་གཞུང་གི་འགོ་བཙུགས་པ་དང་སྔོན་འགྲོ་དང་ནང་དོན་གསལ་བཤད་ཀྱི་ཚུལ་དུ་ཡིག་འབྲུ་སྟོང་ཚོ་འགའ་རེ་ཡོད་པ་ལས་གཞན་ཡིག་འབྲུ་ཁྲི་ཚོ་བརྒྱ་ཁ་ལྷག་ཙམ་ཚང་མ་མི་རྩ་དང་ས་ཞིང་ཁང་པ་བཅས་ཀྱི་ཞིབ་ཕྲའི་ཐོ་བཀོད་ཡིན་པས། ཡིག་ཆ་དེའི་རྩོམ་ལུས་ནི་ཞིབ་གཞུང་དང་ཉེ་བ་ཡོད་པར་མཐོང་། གཞན་ཡང་གཞུང་དངོས་ཀྱི་སྔོན་འགྲོའི་ནང་དུ།“ད་ལམ་ཞིབ་གཞུང་སོགས་ཡིག་ཁག་རྣམས་དཀར་ཆག་དང་སྦྲགས་ཕུལ་འབྱོར་བྱུང་བ་ྋསྐྱབས་མགོན་སྲིད་སྐྱོང་ཡོངས་འཛིན་སྟག་བྲག་པཎྜི་ཏ་ཆེན་པོར་”ྋསྙན་ཞུས་དོན་འབྲེལ་⒀ཞེས་བཀོད་འདུག་པར་བལྟས་ན། ཞིབ་གཞུང་འདི་དང་ཐོག་སྔོན་འགྲོ་མེད་པ་དང་དེ་འབྲེལ་གྱི་ཡིག་ཆ་ཁག་གཞན་དང་བཅས་པར་བརྟག་ཞིབ་བཀའ་མཆན་ཞུས་རྗེས་མཐར་གཞུང་ནང་གི་སྔོན་འགྲོ་དེ་ཁ་གསབ་བརྒྱབ་ནས་འཐུས་ཚང་དུ་བཏང་སྟེ། མོན་ཡུལ་སྐོར་གྱི་ཁྱིམ་དུད་དང་ས་ཞིང་སོགས་ཞིབ་དཔྱོད་གཏན་འབེབས་ལག་བསྟར་བྱེད་པའི་ཁུངས་གཏུག་སའི་རྩ་འཛིན་ཞིག་ལ་བརྩི་དགོས་པ་དོ་ནན་ངང་བསྟན་པ་ཞིག་རེད་འདུག ཡིག་ཚགས་འདིའི་མཚན་བྱང་དུ་སྙན་ཞུ་ཞེས་གསལ་ན་ཡང་མཚན་དོན་དང་འཚམ་པའི་སྙན་ཞུ་ཞིག་མ་ཡིན་པར། མི་འབོར་ས་ཁང་ལ་ཞིབ་དཔྱད་ཀྱི་བརྗོད་དོན་སྟོན་པའི་ཞིབ་གཞུང་གི་རྩོམ་ལུས་སུ་འོས་པར་བསམས་ནས་ཁོ་མོས་སྐབས་འདིར་ཡིག་ཚགས་འདི་ཞིབ་གཞུང་གི་རྩོམ་ལུས་སུ་གཏོགས་པར་བརྩིས་ནས་མཚན་བྱང་ལའང་ཆུ་ལུག་ཞིབ་གཞུང་ཞེས་བསྡུས་མིང་དུ་བཏགས་ཡོད།
གསུམ་པ། ཆུ་ལུག་ཞིབ་གཞུང་བཟོ་དགོས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས།
           དགའ་ལྡན་ཕོ་བྲང་སྐབས་སུ་གཞུང་ནས་ཐེམ་དུད་ཞིབ་བཤེར་གྱི་ལས་དོན་ལ་གཙིགས་ཆེན་གནང་སྟེ་ཡུལ་སོ་སོའི་མང་ཉུང་མི་གཅིག་པའི་ཞིབ་གཞུང་མང་པོ་ཡོད་པ་དང་། ལྷག་དོན་དུ་ག་དུས་ཡིན་རུང་མོན་ཡུལ་སྐོར་གྱི་ཐེམ་དུད་ས་ཞིང་བཅས་ཀྱི་ཞིབ་བཤེར་ལས་དོན་ཆད་ལུས་མེད་པར་སྒྲུབ་ཀྱི་ཡོད་པ་དཔེར་ན། 1830ལོར་རྒྱལ་བ་སྐུ་ཕྲེང་བཅུ་པའི་སྐབས་སུ་བཟོས་པའི་ལྕགས་སྟག་ཞིབ་གཞུང་ནང་གི་ཡིག་ཆ་ཨང་23པའི་ནང་དུ་མཚོ་སྣ་མོན་ཉི་མ་ཚོ་གསུམ་དང་ལེགས་པོ་ཚོ་བཞི། སྤང་ཆེན་ལྡིང་དྲུག་བཅས་ཡུལ་ཕྱོགས་སོགས་ཀྱི་མི་གྲངས་དང་ཁྲལ་བསྡུ་ཁྲལ་ལེན་སྐོར་གྱི་གནས་ཚུལ་བཀོད་ཡོད་པ་དང་། དེ་མིན་1853ལོར་རྒྱལ་བ་སྐུ་ཕྲེང་བཅུ་གཅིག་པའི་སྐབས་སུ་བཟོས་པའི་ཆུ་གླང་མནའ་གན་དང་། གཞན་ཡང་ཆུ་ལུག་ཞིབ་གཞུང་གི་ཡིག་ལམ་དུ་གསལ་བའི་སྒོ་དེབ་དང་ལྕགས་སྤྲེལ་ཞིབ་གཞུང་ལ་སོགས་པའང་མོན་ཡུལ་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། ཞིབ་གཞུང་དེ་དག་བཟོ་བའི་དམིགས་ཡུལ་ནི་གཙོ་བོ་ཁྲལ་འུལ་འཕར་ཆག་སྙོམས་སྒྲིག་བཟོ་བ་དང་། གཞུང་གི་ཁྲལ་འབབ་ཇེ་མང་གཏོང་བ།དབང་ཤེད་ཅན་རེ་འགས་ས་བཟུང་ཁྲལ་གཡོལ་གྱི་བྱ་བར་བཀག་འགོག་བྱ་རྒྱུ་བཅས་ཡིན་མོད། འདིར་བརྗོད་པའི་ཆུ་ལུག་ཞིབ་གཞུང་གི་ནང་དོན་ནི་ཆེད་མངགས་མོན་ཡུལ་གྱི་སྐོར་ཡིན་པ་དང་། མོན་ཡུལ་བཀག་འདོམས་བྱེད་པའི་ཞིབ་གཞུང་ཞིག་ཡིན་པས་དེ་བཟོ་བའི་རྒྱུ་མཚན་གཙོ་བོ་ཡང་མོན་ཡུལ་གྱི་ས་ཁམས་ཁོར་ཡུག་དང་ས་མཚམས་གྱོད་དོན། ལོ་རྒྱུས་འགྱུར་འཕེལ་སོགས་ལས་མ་འདས་པས་ཁ་གཏད་སའི་དམིགས་དོན་གསལ་པོ་ཡོད། 
           མོན་ཡུལ་ནི་བོད་ཀྱི་ཤར་ལྷོའི་མཚམས་སུ་གནས་ཤིང་ཡུལ་དེའི་བྱང་ཕྱོགས་མཚོ་སྣ་རྫོང་དང་འབྲེལ་བ་དང་། ཤར་ཕྱོགས་ཀློ་ཡུལ་དང་མཐུད་ལ་ནུབ་ཕྱོགས་འབྲུག་པ་དང་འདབས་འབྲེལ་ནས་ཆགས་ཤིང་། ལྷོ་ཕྱོགས་སུ་རྒྱ་གར་གྱི་ཡུལ་ཨ་སཱར་མུ་པང་ཞེས་པ་དང་འབྲེལ་ནས་ཡོད། ཡུལ་དེའི་གནམ་གཤིས་དུས་བཞི་དྲོ་གྲང་སྙོམས་ཞིང་བསིལ་འཇམ་ལྡན་པ། ཤིང་ནགས་སྟུག་ལ་ཐོན་ཁུངས་ཕུན་སུམ་ཚོགས་པས་རང་རེ་བོད་ཀྱི་སྨན་རྫས་དང་འབྲས་རིགས་དང་ཤིང་ཏོག་སོགས་ཐོན་སའི་ཁུངས་ལྟ་བུ་ཡིན་ལ། སྦས་ཡུལ་སྐྱིད་མོ་ལུང་ཞེས་མིང་དུ་གྲགས་པ་ཉེ་འགྲམ་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་ཤིན་ཏུ་རྔམ་སའི་ཡུལ་ཞིག་ཡིན། ཡུལ་འདི་ནི་སྔར་བོད་ནས་རྒྱ་གར་དུ་བསྐྱོད་པར་མཚོ་སྣ་བརྒྱུད་མོན་རྟ་དབང་དུ་འོངས་ཏེ་ཨོ་ཏོ་གོ་རིལ་གྱི་ཡུལ་བརྒལ་ནས་རྒྱ་གར་དུ་ཐོན་པའི་ཚོང་ལམ་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་ཡིག་ཆར་བཀོད་པར་གཞིགས་ན། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ལྷོ་མོན་དང་རྒྱ་གར་བར་གྱི་ཚོང་ལམ་དུ་འགག་སྒོ་ཡོད་པ་མ་ཟད། འགག་སྒོ་ཆེད་སྲུང་དམག་དཔོན་ཡང་ཡོད་འདུག་མོད།⒁ འོན་ཀྱང་ཆུ་ལུག་ཞིབ་གཞུང་གི་སྔོན་འགྲོའི་བརྗོད་དོན་འགོ་ཚུགས་པ་ནས་འདི་ལྟར་བཀོད་ཡོད་དེ། “ལྷོ་མཚམས་ཚོང་ཟོང་ལས་སྒོའི་འདུ་འཛོམས་སུ་སྤྱོད་པའི་དགེ་མཚན་དུ་མས་ལེགས་པར་བརྒྱན་པ་མཚོ་སྣ་རྫོང་ཆེན་ལྷུན་གྲུབ་ཡང་རྩེའི་མངའ་འོག་ཏུ་འདུ་བའི་ལྷོ་མོན་ཆབ་འབངས་རྣམས་བར་སྐབས་ཤིག་ནས་ཉམས་གུད་འཐོར་རྐྱེན་ཆེ་བས་འཕྲོས་བསྡད་རྣམས་ཀྱང་ཁྲལ་འཚུགས་ཟིན་མིན་སྣ་ཚོགས་ཐོག་དབྱིན་འབྲུག་ཀློ་གསུམ་གྱི་ས་མཚམས་ཁག་ལ་རང་སར་ལེ་ཤོར་ཇི་སྙེད་ཡོད་ཚོད་བཅས་རྗེ་འབངས་གཉིས་ཀར་འཕྲལ་ཡུན་སྐྱོན་གནོད་ཆེ་ཙམ་ཡོད་འདུག་པ་ངན་ལད་འདི་མུར་འཇོག་ཐབས་མེད་པས།”⒂ བོད་དང་རྒྱ་གར་དབར་གྱི་འགྲོ་འོང་གི་འགག་སྒོ་རུ་གྱུར་པའི་མོན་གྱི་ཡུལ་དུ་ཚོང་ཟོང་ལས་སྒོའི་འདུ་འཛོམས་སུ་སྤྱོད་པའི་དགེ་མཚན་དུ་མས་ལེགས་པར་བརྒྱན་པ་དང་། མཚོ་སྣ་ཡུལ་གྱི་ཆབ་སྲིད་དང་རིག་གནས་དཔལ་འབྱོར་སོགས་གང་ཅི་ཐད་ཀྱི་ལྟེ་གནས་ལྟ་བུར་ཆགས་ཡོད་རུང་། བར་སྐབས་སུ་རྐྱེན་ཉམས་རྒུད་དུ་ཕྱིན་པ་དང་ས་མཚམས་ཁག་ལ་རང་ས་ལེ་ཤོར་དུ་སོང་བ་སོགས་ཀྱི་ངན་ལད་འཇོག་ཐབས་མེད་པའི་སྐྱོན་གནོད་ཆེ་ཙམ་བྱུང་འདུག
           དེ་ཡང་དབྱིན་ཇིའི་ཤར་ཕྱོགས་རྒྱ་གར་ཀུང་སིའི་སྤྱི་ཁྱབ་ཙུང་ཏུ་ཧོའུ་སི་ཐིང་ཞེས་པའི་སྐབས་ཏེ་ཕྱི་ལོ1773ལོ་ནས་བཟུང་སྟེ་དབྱིན་ཇིས་བོད་ལ་རེ་རྔམ་གྱི་སེམས་བཅངས་པ་མ་ཟད། འབྲུག་ཡུལ་བོད་ཏུ་བསྐྱོད་པའི་ལྡེ་མིག་ལྟ་བུར་བརྩི་བ་དང་། ཨ་སཱ་མུའི་ཡུལ་རྒྱུད་དེ་ཨོ་ཏོ་གོ་རིལ་དུ་ཕྱིན་ནས་རྟ་དབང་དང་མཚོ་སྣར་ཐོན་པའི་སྲོལ་རྒྱུན་གྱི་ཚོང་ལམ་དེ་བོད་དུ་འཛུལ་བའི་ལམ་རྒྱུན་སྟབས་བདེ་ཞིག་ལ་བརྩིས་ནས་ལྷོ་ཕྱོགས་ནས་མོན་ཡུལ་སོགས་ཀྱི་ཡུལ་ལ་བཙན་འཛུལ་བྱེད་པའི་བསམ་ངན་ཁོག་ཏུ་བཅངས། 1826ལོར་དབྱིན་ཇི་བཙན་རྒྱལ་སྲིད་གཞུང་གི་འདྲེ་ལག་ཨ་སཱ་མུར་བརྐྱངས་པ་དང་མུ་མཐུད་བྱང་ཕྱོགས་སུ་འོངས་ཏེ་1844ལོར་མོན་པའི་འགོ་མནན་ནས་མོན་རྟ་དབང་ལྷོ་ཕྱོགས་ཨ་བསང་གི་ཡུལ་ཨོ་ཏོ་གོ་རིལ་གྱི་ས་ཆའང་བོགས་སུ་ལེན་པའི་དབང་ཆ་ཐོབ།དུས་རབས་བཅོ་བརྒྱད་ཀྱི་དུས་མཇུག་དང་དུས་རབས་བཅུ་དགུའི་དུས་འགོ་ནས་བཟུང་། དབྱིན་ཇིས་འབྲུག་པ་དང་འབྲས་ལྗོངས་སོགས་བོད་དང་འབྲེལ་བའི་ཡུལ་སྡེར་ཤེད་ཀྱིས་འགོ་གནོན་དང་དཀོར་ནོར་གྱིས་བཀུག་པ་སོགས་ཐབས་ལམ་སྣ་ཚོགས་སྤྱད་ནས་ཡུལ་དེ་དག་རང་ཉིད་ཀྱི་ཤེད་ཁོངས་སུ་བཅུག་ནས། བོད་ཀྱི་ཡུལ་ལྟེ་གནས་སུ་བགྲོད་པའི་གཞི་བཅོལ་ས་གཙོ་བོ་ཞིག་ཏུ་བསྒྱུར། དུས་རབས་ཉི་ཤུའི་དུས་འགོར་དབྱིན་ཇིས་རྒྱ་གར་གྱི་ཨ་སཱ་མུའི་ཡུལ་ནས་བོད་ཀྱི་ཀློ་ཡུལ་དང་རྫ་ཡུལ་མོན་ཡུལ་དུ་རིམ་གྱིས་སིམ་འཛུལ་གྱིས་ས་བཟུང་བ་དང་། འབྲུག་པའི་ཕྱོགས་ནས་ཀྱང་མོན་ཡུལ་ལ་སོ་ལྟ་དང་མྱུལ་ཞིབ་ཀྱིས་ཐུབ་ཚུགས་ངང་ཡུལ་ལུང་རིམ་ཟོས་བྱས་པ་དང་། དེ་བཞིན་མོན་གྱི་ཕྱོགས་སུའང་གནད་དོན་མི་ཉུང་བ་མངའ་བ་སོགས་ཕྱི་ནང་རྒྱུ་རྐྱེན་མང་པོས་མོན་ཡུལ་གྱི་མི་རྩ་ཉམས་རྒུད་དུ་ཕྱིན་ནས་ཁྲལ་འཇལ་བའི་འཁོས་ཀ་ཞན་པ་དང་མི་སེར་འབོར་ཆེན་ཡུལ་གྱར་དུ་སོང་བ་མ་ཟད། རྒྱ་གར། འབྲུག་པ། ཀློ་ཡུལ་བཅས་ཡུལ་ཕྱོགས་ཀྱི་སྔར་གནས་ས་མཚམས་ས་ཐིག་ཀྱང་གཏོར་སྐྱོན་དུ་སོང་ནས་རང་ཡུལ་གྱི་ས་ཆ་ཇི་སྙེད་མིས་ཧམ་བཟུང་བྱས་པའི་གནས་ཚུལ་བྱུང་།
           ཆུ་ལུག་ཞིབ་གཞུང་གི་སྔོན་འགྲོར་“ཤིང་སྟག་རྒྱ་བོད་ཆིངས་དོན་དབྱིན་བོད་ས་མཚམས་སྔར་ཁུངས་ལ་མི་གནས་པས་གཡོ་འཁྲུལ་ཐབས་མཁས་ཀྱིས་བོད་ས་བསྙོན་མེད་ལ་རེ་སེམས་ཀོ་ཊི་གསར་རྒྱག་སོགས་ཀྱི་རིམ་པས་ཟ་སེམས་དང་།”⒃ཞེས་བཀོད་ཡོད་པའི་ཤིང་སྟག་ལོ་ནི་ཕྱི་ལོ་1914ལོར་ཟེར་གྱི་ཡོད་པ་དང་། རྒྱ་བོད་ཆིངས་དོན་ནི་སིམ་ལའི་ཆིངས་དོན་ལ་ཟེར་གྱི་ཡོད། ཆིངས་དོན་དེ་ལ་བརྟེན་ནས་དབྱིན་ཇིས་གཡོ་འཁྲུལ་ཐབས་མཁས་ཀྱིས་བོད་ས་བསྙོན་མེད་ལ་ཟ་རྔམ་དང་རེ་སེམས་བཅངས་ནས་མེར་ཁེ་མ་ཧུང་གི་ཐིག་ཞེས་པའི་ས་མཚམས་ཀྱི་མཚམས་ཐིག་ཅིག་ས་ཀྲའི་ཐོག་འཐེན་ཡོད།1943ལོའི་བར་དུ་དབྱིན་ཇིའི་མིས་སྐྱེ་དངོས་རིག་པའི་མཁས་པ་དང་ཉེན་འཚོལ་མཁས་པའི་མིང་གིས་བརྫུས་ནས་རྒྱ་བོད་ཀྱི་ས་མཚམས་བརྒལ་ཏེ་རྟ་དབང་དུ་འཛུལ་ནས་དཔོན་དམག་དང་དོས་འདྲེན་པ་མང་པོ་རྟ་དབང་དུ་སླེབས་ནས་ལམ་ཐིག་བརྒྱབས་པ་དང་ཟམ་པ་བཙུགས་པ་ཀོ་ཊི་གསར་རྒྱག་བྱས་པ། ཕར་ཚུར་འགྲོ་འོང་གི་མི་ལ་སྔོག་བཤེར་ནན་པོ་བྱས་པ། དམག་སྒར་གྱི་ཉེ་འགྲམ་དུ་སྔོ་ཚལ་འདེབས་པ་དང་ཟོག་ལུག་འཚོ་བ་སོགས་བྱས་པར་བརྟེན།⒄ ཆུ་ལུག་ཞིབ་གཞུང་གི་སྔོན་འགྲོའི་ནང་འཁོད་པ་བཞིན་བྱ་སྤྱོད་དེ་དག་གིས་བཀའ་ཤག་གཞུང་གི་མ་རངས་པའི་རྣམ་འགྱུར་དང་སེམས་ཁྲལ་དོགས་པ་བཅས་མཐིལ་ནས་བསླངས།
           མོན་ཡུལ་གྱི་བཀོད་འདོམས་དམ་ཟབ་ཏུ་གཏོང་བ་དང་མཐའ་མཚམས་སྲ་བརྟན་དུ་བཏང་ནས་མངའ་ཁོངས་མི་སེར་དང་བཅས་པ་དབྱིན་ཇིས་ཧམ་བཟུང་དང་རིམ་ཟོས་ཀྱི་བྱ་ངན་འགོག་ཆེད། གཏན་འབེབས་རྩ་འཛིན་གྱི་འཆར་གཞི་བཟོ་བ་དང་ཁྲལ་བཟོ་ཁུངས་འཇུག་གི་ལས་སྒོ་སྤེལ་བའི་བྱེད་པོར་བཀའ་ཤག་གིས་ཆེད་མངགས་དབུས་མདའ་དཔོན་བྱིང་པ་བ་དང་རྩེ་མགྲོན་ཕུན་རབ་པ་གཉིས་མཚོ་སྣར་ངོ་བསྐྱོད་དུ་བཏང་སྟེ། ཁོང་གཉིས་པོས་མཚོ་སྣ་མོན་ཡུལ་ས་མཚམས་ཕྱོགས་ཀྱི་གཞུང་རྒྱུགས་མི་རྩ་དང་ཁྲལ་ཞིང་ཁྲལ་ཁང་གི་གྲངས་ཀ་དང་རྒྱ་ཁྱོན་ལ་ཞིབ་བཤེར་བྱས་པ་དང་། ཚོ་དང་ཚོ། ལྡིང་དང་ལྡིང་དབར་གྱི་ས་རྟགས་གཏན་འཁེལ་སོགས་བྱས་པ་རེད།
བཞི་པ། སྔོན་འགྲོ་དང་གཞུང་དངོས་ཀྱི་ནང་དོན་གནད་བསྡུས།
           ཆུ་ལུག་ཞིབ་གཞུང་གི་ནང་དོན་ལ་སྔོན་འགྲོ་དང་གཞུང་དངོས་བཅས་གཉིས་སུ་དབྱེ་ཡོད། སྔོན་འགྲོའི་ནང་དོན་གཙོ་བོ་ནི་སྐབས་དེ་དུས་མོན་གྱི་ཞིབ་གཞུང་འདི་བཟོ་དགོས་པའི་རྒྱུ་མཚན། མོན་ཡུལ་དང་དབྱིན་གཞུང་འབྲུག་པ་ཀློ་པ་སོགས་ཀྱི་ས་མཚམས་སྐོར་གྱི་རྙོག་ཟིང་། དབྱིན་ཇིའི་མིས་ས་མཚམས་བརྒལ་ཏེ་རྟ་དབང་དུ་འཛུལ་ནས་ལམ་ཐིག་བརྒྱབས་པ་དང་དམག་སྒར་བསྐྲུན་པ། དེ་བཞིན་མོན་ཡུལ་ནང་ཁུལ་དུ་ཡོད་པའི་ས་ཞིང་ཉོ་ཚོང་དང་རྟ་དབང་གྲྭ་ཚང་གི་གྱོད་དོན། མོན་ཡུལ་འབངས་མི་སེར་ཉམ་ཐག་ཏུ་གྱུར་ནས་ཡུལ་གྱར་དུ་འགྲོ་དགོས་པའི་གནས་སུ་ལྷུང་བ་སོགས་ཀྱི་གནས་ཚུལ་བཀོད་ཡོད། སྔོན་འགྲོའི་ནང་དོན་གྱི་ཡིག་འབྲུ་ནི་ཞིབ་གཞུང་ཡོངས་ཀྱི་ཁྲི་ཆ་གཅིག་ཙམ་ལས་མེད་པས་ཡིག་ཚོགས་ཉུང་རུང་བརྗོད་དོན་ཆེས་ཕུན་སུམ་ཚོགས་པ་དེས་ང་ཚོར་ཞིབ་གཞུང་འདི་བཟོ་དགོས་པའི་རྒྱུ་མཚན་དང་ཕན་ནུས་ཤེས་རྟོགས་ཡོང་རྒྱུ་དང་། གཤམ་གྱི་གཞུང་དངོས་ཀྱི་ནང་དོན་འདྲེན་པ་སོགས་ལ་ཕན་ཆ་ཆེས་ཆེར་ལྡན། གཞུང་དངོས་ཀྱི་ནང་དོན་ནི་སྐབས་དེ་དུས་ཀྱི་མོན་ཡུལ་མངའ་ཁོངས་སུ་གཏོགས་པའི་ཚོ་དང་ལྡིང་ཉི་ཤུ་རྩ་གཅིག་གི་གཞུང་རྒྱུགས་ཁྲལ་མིའི་འཛིན་དབང་ས་ཞིང་དང་ཁྲལ་ཁང་། མི་རྩ་ཕོ་མོ་བཅས་པའི་གྲངས་ཀ་དང་རྒྱ་ཁྱོན། དེ་བཞིན་ས་དངོས་བདག་དབང་དང་ཚོ་ལྡིང་གི་ས་མཚམས་བཅས་སོགས་ཀྱི་སྤྱིའི་གནས་ཚུལ་བཀོད་ཡོད།
གཅིག སྔོན་འགྲོའི་ནང་དོན་གནད་བསྡུས།
           ཆུ་ལུག་ཞིབ་གཞུང་སྔོན་འགྲོའི་ནང་དོན་སྤྱིར་མོན་ཡུལ་གྱི་ཕྱི་ནང་གི་ལོ་རྒྱུས་དང་འབྲེལ་བ་ཟབ་པ་དང་། དེའི་སྐོར་གྱི་ནང་དོན་ཡིག་ལམ་དུ་བཀོད་པའི་རྒྱུད་རིམ་ཁ་གསལ་ཞིང་མཛུབ་སྟོན་གྱི་བསམ་བློའང་མངོན་གསལ་དོད་པས་གཙོ་བོ་གཤམ་གྱི་ནང་དོན་ཁག་ཁ་ཤས་བརྗོད་ཡོད་དེ།
           ཀ ཞིབ་གཞུང་བཟོ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ།
           ཁ། མོན་ཡུལ་ས་མཚམས་སྐོར་གྱི་གནད་དོན་བྱུང་བའི་རྒྱུ་རྐྱེན་དང་ལོ་རྒྱུས།
           ག རྒྱ་གར་དང་འབྲུག་པ་ཀློ་ཡུལ་བཅས་ཡུལ་གསུམ་དབར་གྱི་ས་མཚམས་རྙོག་དྲའི་གནད་དོན་ཏེ། དེའི་ཞིབ་ཕྲའི་ནང་དོན། གཅིག་ནི་འབྲུག་པས་ས་མཚམས་བརྒལ་ནས་མོན་ཡུལ་དུ་བཙན་འཇུག་བྱས་ནས་མོན་ཡུལ་གྱི་ས་མི་བཙན་བཟུང་བྱས་པ། འབྲུག་པ་དང་རྟ་དབང་གི་ཡུལ་གྱར་འབངས་མི་སྤྲོད་ལེན་གྱི་དོན་དག འབྲུག་པས་སྔར་ཡོད་ཀྱི་ཚོང་ལམ་གྲོས་དོན་ལས་ལྡོག་པ། གཉིས་ནི་དབྱིན་ཇིའི་མིས་ས་མཚམས་བརྒལ་ནས་མོན་ཡུལ་དུ་བཙན་འཇུག་བྱས་པ་དང་རྟ་དབང་དང་སྡེ་རུང་སྟག་ལུང་བཅས་སུ་དམག་སྒར་བསྐྲུན་པ། གསུམ་ནི་དབྱིན་ཇིའི་མིས་སྦྲང་ནང་མི་སེར་དང་ཀློ་པ་དབར་ལ་ར་སྤྲགས་བཏང་ནས་འགལ་ཟླ་བཟོས་པ།
           ང་། མོན་ཡུལ་ནང་ཁུལ་དུ་དེ་སྔ་བྱུང་བའི་དོན་རྐྱེན་ཆེ་ཕྲའི་སྐོར་ཏེ། གཅིག་ནི་རྟ་དབང་དགོན་གྱི་གྲྭ་རིགས་ནས་ཆོས་ཁྲིམས་ཚུལ་བཞིན་མི་སྲུང་བར་རང་སྣང་གང་ཤར་གྱིས་མི་སེར་ལ་གནོད་བསྐྱལ་བ་དང་། གཉིས་ནི་རྟ་དབང་དགོན་གྲྭ་ཚང་གི་རྒན་པོ་དང་མཁན་པོ་བདམ་གསེས་ཀྱི་སྐོར། གསུམ་ནི་ས་གནས་འགོ་པས་དོ་འཁུར་མེད་པར་ས་མཚམས་སྲུང་སྡོམ་གོ་ཆོད་བྱུང་མེད་པས་ས་མཚམས་ཕྱོགས་སུ་རྗེ་འབངས་གཉིས་ཀར་འཕྲལ་ཡུན་སྐྱོན་གནོད་ཆེ་བའི་གནས་ཚུལ་མང་པོ་བཟོས་པ། བཞི་ནི་དཔའ་བོ་གདོང་ཅན་ས་ཞིང་དང་མི་བསད་སྐོར་གྱི་དཔྱད་རྩ། ལྔ་ནི་ས་མཚམས་རྫོང་སྡོད་ནས་རང་དགར་གྱིས་ཁྲལ་དང་འུ་ལག་བསྐུལ་ནས་མི་སེར་ལ་མནར་གཅོད་བཏང་བ། དྲུག་ནི་ཨོ་ཏོ་གོ་རིལ་གྱི་ས་གླ་བགོ་སྐལ་གྱི་དོན། བདུན་ནི་དགོན་པ་དང་སྒེར་པ་ཚོང་པ་སོགས་ཀྱིས་དབང་ཤེད་ལ་བརྟེན་ནས་ས་ཞིང་བོགས་གཏོང་དང་ཉོ་ཚོང་བྱེད་པ་དང་། ཁྲལ་ཞིང་དང་ཁྲལ་ཁང་ཉོ་ཚོང་གི་སྐོར། བརྒྱད་ནི་བཀའ་བློན་བཤད་སྒྲ་མོན་དུ་ཕེབས་པ་དང་ས་མཚམས་དོ་དམ་གྱི་དོན་ཚན་བཀོད་པའི་སྐོར། དགུ་ནི་གུ་རུ་རིན་པོ་ཆེའི་ལས་དོན་གྱི་མཇུག་སྐྱོང་དགོས་པའི་སྐོར། བཅུ་ནི་མོན་ཡུལ་དོ་དམ་སྐོར་གྱི་ཆོད་དོན་ཆེ་ཕྲའི་སྐོར་བཅས་སོ།།
གཉིས། གཞུང་དངོས་ཀྱི་ནང་དོན་གནད་བསྡུས།
           ཀ གཞུང་དངོས་ཀྱི་ནང་དོན། ཆུ་ལུག་ཞིབ་གཞུང་གི་གཞུང་དངོས་ནི་ཞིབ་གཞུང་དངོས་རང་དེ་ཡིན་ཏེ། དེའི་ཚིག་ཚོགས་ནི་ཞིབ་གཞུང་ཡོངས་ཀྱི་བརྒྱ་ཆ་དགུ་བཅུ་གོ་དགུ་ཟིན་ཡོད་པ་དང་། ཞིབ་ཕྲ་ཞིབ་བཤེར་གྱི་ས་ཁྱོན་ནི་སྐབས་དེ་དུས་ཀྱི་མོན་ཡུལ་མངའ་ཁོངས་ཡོངས་ཀྱི་ནང་ནས་ཚོ་དང་ལྡིང་ཉི་ཤུ་རྩ་གཅིག་གི་ས་ཡིན་པ་དང་། དེའི་ནང་དོན་རྒྱ་ཆེ་ལ་འབྲི་བཀོད་བྱེད་སྟངས་ཞིབ་ཕྲ་ཞིང་གསོན་ཉམས་ལྡན་པ་ཞིག་ཡོད་དེ། གཅིག་ནི་གཞུང་རྒྱུགས་ཁྲལ་མི་དང་མི་རྩ་ཕོ་མོ་སྟེ་ཁྱིམ་བདག་དང་ཁྱིམ་མི་ཡོངས་དང་། དེ་བཞིན་ཁྱིམ་དེར་གནས་ཚང་གཡར་བའི་སྤུན་ཉེ་དང་མི་གཞན་པ་སོགས་ཕོ་མོ་དང་ནང་མི་ཕྲུ་གུ་དང་བཅས་པའི་མིང་དང་། ཁོ་ཚོ་ཕན་ཚུན་གྱི་འབྲེལ་བ་དང་ལོ་ཚོད་བཅས་བཀོད་ཡོད། གཉིས་ནི་ཁྲལ་མི་ཁྱིམ་ཚང་སོ་སོའི་འཁྲི་ཆར་གཏོགས་པའི་ཁྲལ་ཞིང་གི་རྒྱ་ཁྱོན་དང་རིགས་(དཔེར་ན་ནས་ཞིང་འབྲས་ཞིང་གྲོ་ཞིང་སོགས) མིང་དང་གྲངས་ཀ་ལུད་རྒྱུ་བཅས་བཀོད་ཡོད། གསུམ་ནི་མི་ཚང་རེའི་ཁྲལ་ཁང་གི་རྒྱ་ཁྱོན་དང་བཟོ་བཀོད། ཁང་མིག་སྒོའི་ཁ་ཕྱོགས། གྲུབ་ཆ།(རྡོ་དང་ཤིང་དང་པང་ལེབ་དང་སྙུག་མ་སོགས) ཐེམ་སྐས།(ཤིང་སྐས་སམ་རྡོ་སྐས་)སྐས་གྲངས། བཞི་ནི་མི་ཚང་རེའི་ཁྱིམ་བདག་གི་མིང་དང་། མི་ཚང་དེས་འགན་འཁྲི་ལེན་པའི་ཁྲལ་འབབ། ལྔ་ནི་མི་ཚང་དེ་ཚོ་དང་ལྡིང་གི་གྲོང་སྡེ་གང་དུ་གཏོགས་པའི་ཁུངས་དང་དེའི་འབྲོག་ས། དྲུག་ནི་ཚོ་དང་ལྡིང་གི་གྲོང་པ་སོ་སོའི་ས་མཚམས་དང་མཚམས་རྟགས། དེ་བཞིན་ལྷ་ཁང་དང་རི་ཁྲོད་ཆུ་འཁོར་མ་ཎི་དང་རླུང་འཁོར་མ་ཎི་སོགས་སྤྱི་པའི་ཡུལ་བཀོད་དང་དངོས་རྫས་ཀྱི་རྒྱ་ཁྱོན་དང་གནས་ཡུལ་མིང་བཅས་གསལ་པོ་བཀོད་ཡོད།
           ཁ། གཞུང་དངོས་ཀྱི་ནང་དོན་གོ་རིམ་སྒྲིག་སྟངས།ཞིབ་གཞུང་དངོས་ཀྱི་ནང་དུ་ཁྲལ་མི་ཐེམ་དུད་ཀྱི་གོ་རིམ་ནི་ཚོ་དང་ལྡིང་། དེ་བཞིན་ཚོ་ལྡིང་གི་མངའ་ཁོངས་སུ་ཡོད་པའི་གྲོང་སྡེའི་ཚན་པ་དབྱེ་ནས་ཚན་པ་རང་རང་གི་ཁོངས་སུ་གཏོགས་པའི་ཁྱིམ་ཚང་མི་རྩ་བདག་པོའི་མིང་ནས་འགོ་ཚུགས་ཏེ་བསྒྲིགས་ཡོད་པ་དང་། དེ་ནས་རིམ་བཞིན་དུ་ཁྲལ་ཞིང་གི་རྒྱ་ཁྱོན་དང་ཁང་པའི་རྒྱ་ཁྱོན། ཁང་པའི་གནས་བབ།(ཤོད་དང་ཐོག་ཁང་གི་ཁང་མིག་དང་ཁང་པའི་གྲུབ་ཆ་དང་རྒྱ་ཁྱོན། ཁང་སྒོའི་ཁ་ཕྱོགས། རྡོ་སྐས་སམ་ཤིང་སྐས་དང་སྐས་གྲངས) མི་རྩ་སྟེ་མི་ཚང་དེའི་ཁྱིམ་མི་ཡོངས་ཀྱི་མིང་།(བཟའ་ཕའམ་བཟའ་མ། བུའམ་བུ་མོ་སྤུན་ཆེ་ཆུང་དང་གཞན་མི་སུ་ཡོད་པ་ཚང་མ་རེ་རེ་བཞིན་བཀོད་པ) ལོ་གྲངས།(ཆེ་ཆུང་གི་གོ་རིམ་བཞིན་བསྒྲིགས་པ) ཁྲལ་ཞིང་སྟེ་ཞིང་ཁའི་ས་ཁྱོན།(ཞིང་ཁའི་གྲངས་ཀ་དང་རིགས་དང་སོན་འདེབས་ཀྱི་མང་ཉུང་གི་གོ་རིམ་བཞིན་དུ་བསྒྲིགས་པ) ལུད་རྒྱུའི་རིགས་དང་དེ་བཞིན་མི་ཚང་སོ་སོར་བདག་པའི་ཤིང་ནགས་དང་སྤང་ས་སོགས་ཀྱི་གོ་རིམ་བསྒྲིགས་ནས་བྲིས་ཡོད། ཚོ་རེ་དང་ལྡིང་རེ། གྲོང་སྡེ་རེའི་མི་ཚང་བཀོད་ཚར་དུས་དེའི་མུར་ཚོ་དང་ཚོ། ལྡིང་དང་ལྡིང་། གྲོང་སྡེ་དང་གྲོང་སྡེ་སོགས་ཕན་ཚུན་འབྲེལ་བའི་ས་ཁོངས་སོ་སོའི་དབར་གྱི་བར་ཐག་དང་ས་ཐིག་དང་ཐིག་རྟགས་སོགས་རབས་དང་རིམ་པའི་སྒོ་ནས་ཁ་གསལ་པོར་བཀོད་ཡོད་པས་བལྟས་པ་ཙམ་གྱིས་ངེས་ཐུབ་པ་ཞིག་ཡོད། ཞིབ་གཞུང་གཞུང་དངོས་ཀྱི་ནང་དུ་བཀོད་པའི་མི་མིང་དང་ས་མིང་། ཚོ་པའི་མིང་། ས་རྟགས་ཀྱི་མིང་སོགས་ཤིན་ཏུ་མང་བས། ཀློག་པ་པོར་དེའི་ཐོ་འགོད་སྟངས་དང་གོ་རིམ་སྒྲིག་སྟངས་སྤྱིའི་ཆ་ནས་ངོ་འཕྲོད་པའི་ཆེད་དུ་འདིར་མི་ཚང་གཅིག་གི་གནས་ཚུལ་ཚིག་ཚོགས་ཐུང་ཐུང་གཅིག་བདམས་ནས་ངོ་བཤུས་སུ་བཀོད་པ་གཤམ་གསལ།
           “༈ ཡུལ་པོ་གཞུང་རྒྱུགས་ཁོངས་དུད་ཆུང་ལྷ་མོ་སྒྲོལ་མའི་སྡོད་ཁང་ཤོད་སྒོ་ཤར་བལྟ་ལྕམ་གང་། རྡོ་སྐས་བསིའུ་5སྟེང་སྒོ་བྱང་བལྟ་ལྕམ་གང་དང་། སྦམ་ཆང་། ཐབ་ཚང་སྒོ་ཤར་བལྟ་ལྕམ་གང་། སྐས་གདང་བུ་15སྟེང་པང་ཐོག མི་རྩའི་གྲས། བཟའ་ཕ་སངས་ནོར་བུ་རང་ལོ་61 བུ་གྲགས་པ་རང་ལོ་27 དམན་ལྷ་མོ་སྒྲོལ་མ་རང་ལོ་12སྤུན་ངུར་མོ་རང་ལོ་20 ས་རྟེན་གྲས། གནས་མོ་མཁར་ཞིང་ཁེར་1སོན་ཡུལ་བྲེ་གང་། བླ་མ་ལེང་ཁེར་1སོན་བྲེ་གང་། ལུད་རྒྱུ་སྤར་རྨང་གསར་པོ་གླིང་བཅས།”⒅
མཇུག་གི་གཏམ།
           བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་དགའ་ལྡན་ཕོ་བྲང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཆུ་ལུག་ཞིབ་གཞུང་ཞེས་པ་དེ་ནི་ཆེས་རྩ་ཆེ་བའི་ཡིག་ཚགས་ཤོག་སྒྲིལ་སྣ་རིང་ཅན་ཞིག་ཡིན་པ་དང་། དེའི་རྣམ་པའི་ཐོག་ནས་བལྟས་ན་ཤོག་བུ་དང་སྣག་ཚ། ཡིག་གཟུགས། དེ་བཞིན་འབྲི་བཀོད་བྱས་པའི་རྩོམ་གྱི་སྒྲིག་གཞི་དང་རིང་ཐུང་བཅས་ཕྱོགས་ནས་བལྟས་ཀྱང་དམིགས་བསལ་གྱི་ཁྱད་ཆོས་མངོན་གསལ་དོད་ལ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཞན་དང་མི་འདྲ་བའི་ཐུན་མིན་གྱི་ཁྱད་ཡོན་མངའ་བ་དང་། ཤོག་བུའི་སྣ་རིང་ཐུང་གཅིག་པུའི་ཐོག་ནས་བཤད་ནའང་ད་ཡོད་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྣ་རིང་ཀུན་གྱི་རྩེར་སོན་ཅིང་། དེ་དང་རིགས་འདྲ་བའི་འཛམ་བུ་གླིང་གི་ཡིག་ཚགས་སྣ་རིང་ཅན་ཀུན་ལས་ཀྱང་རྒྱལ་བར་ཕལ་ཆེར་གཏན་འཁེལ་ཆོག་པའི་ཚོད་རེད།
           ཞིབ་གཞུང་དེའི་ནང་དོན་གྱི་ངོས་ནས་བལྟས་ན། སྔོན་འགྲོར་བོད་ཀྱི་མོན་ཡུལ་གྱི་ས་མཚམས་སྐོར་གྱི་གྱོད་དོན་འབྱུང་བའི་ཕྱི་ནང་གི་རྒྱུ་རྐྱེན་དང་ཞིབ་གཞུང་འདི་བཟོ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་བཅས་བཀོད་ཡོད་ལ། ནང་དོན་དེའི་ཚིག་སྦྱོར་སྤྱིའི་ཆ་ནས་ཁ་སྐད་ཤས་ཆེ་ལ་གོ་བདེ་བ་དང་། ཚིག་དོན་གནད་ལ་འཁེལ་ཞིང་ཚིག་གི་སྦྱོར་བ་སྟབས་བདེ་པོ་གོ་རིམ་ཁ་གསལ་པོ་བཅས་ཀྱི་སྒོ་ནས་མོན་ཡུལ་ས་མཚམས་ཕྱོགས་སུ་བྱུང་བའི་དོན་རྐྱེན་ཆེ་ཕྲ་དང་རྙོག་ཟིང་། འགལ་ཟླ། གྱོད་དོན་སོགས་གསལ་པོ་བཀོད་པ་དང་ཆབས་ཅིག ཞིབ་གཞུང་བཟོ་བ་པོའི་ལངས་ཕྱོགས་དང་ལྟ་ཚུལ། སྲིད་ཇུས་དང་བྱ་ཐབས་སོགས་གསལ་པོར་བསྟན་ཡོད་པ་དེས། མོན་ཡུལ་ས་མཚམས་སུ་བྱུང་བའི་ཕྱི་ནང་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་ཕྱི་དྲན་དང་ཕྱོགས་བསྡོམས་བྱས་པ་དང་། མོན་གྱི་ལོ་རྒྱུས་དང་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་སྤྱིའི་རྣམ་པ་ཇི་ལྟར་ཡིན་པ་ང་ཚོའི་མིག་ལམ་དུ་གསལ་པོར་བཤམས་ཡོད། གཞུང་དངོས་ཀྱི་ནང་དོན་གྱིས་མོན་གྱི་ས་མཚམས་ཕྱོགས་ཀྱི་ཡུལ་གྲུ་ཤར་ཉི་མ་ཚོ་གསུམ་དང་། དྭགས་པ་ཚོ་བརྒྱད། སྦྲང་ནང་ཆུ་བརྒྱུད།རོང་ནང་སྟོད་སྨད། རྒྱ་མཚམས་ཤེར་དང་བསྟུགས་སྤན་བཅས་སོགས་ཀྱི་ཚོ་དང་ལྡིང་ཉི་ཤུ་རྩ་གཅིག་གི་ས་ཞིང་དང་ཁྲལ་ཁང་མི་རྩ་ཕོ་མོ་སོགས་ཀྱི་གནས་ཚུལ་ཞིབ་གསལ་བཀོད་ཡོད་ལ། ཚོ་དང་ཚོ་དབར་གྱི་ས་རྟགས་དང་ས་གནས་བདག་ཐོབ་སྐོར་གྱི་ཞིབ་བཤེར་ནི་ཆེས་ཞིབ་ཆ་ལྡན་ལ་ཡིག་ལམ་དུའང་ཞིབ་ཕྲ་བཀོད་ཡོད་པས་ད་བར་དུ་རང་རེས་མཐོང་མྱོང་བའི་བོད་ཀྱི་མོན་ཡུལ་སྐོར་གྱི་མི་གྲངས་དང་། ས་ཞིང་ཁྲལ་འབབ་བཅས་ཐད་ཀྱི་གནས་ཚུལ་བཀོད་པ་ཆེས་གསལ་ཆ་ལྡན་པའི་ལོ་རྒྱུས་ཀྱི་ཡིག་ཆ་གལ་ཆེན་ཞིག་རེད།
           དེར་བརྟེན་ཆུ་ལུག་ཞིབ་གཞུང་ནི་མོན་ཡུལ་གྱི་བདག་དབང་བདག་ཐོབ་སྐོར་གྱི་དཔང་རྟགས་ཡིག་ཆ་ངོ་མ་འགངས་ཆེ་ཤོས་དེ་ཡིན་པ་དང་། འདི་ནི་བོད་ཡིག་ཡིག་གཟུགས་དང་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཚགས་ཀྱི་རྣམ་པའི་ཁྱད་ཆོས་དང་གཞུང་ཡིག་ཡིག་ཚགས་ཀྱི་ལྟེབ་ཕྱོགས། དཔྱད་མཚམས་ཀྱི་འགོ་གཤམ་གྱི་བརྗོད་བྱ། དེ་བཞིན་ཞིབ་གཞུང་དང་སྙན་ཞུའི་འབྲི་བཀོད་བྱེད་ཚུལ་གྱི་ཐད་སོགས་ཞིབ་འཇུག་བྱ་བར་རིན་ཐང་ཆེ་ལ། རྒྱལ་ཁབ་ཕྱི་ནང་གིས་མོན་ཡུལ་སྐོར་གྱི་ལོ་རྒྱུས་འགྱུར་འཕེལ་དང་། ས་ཁམས་ཐོན་རྫས། ཡུལ་གྲོང་ས་མཚམས། མི་འབོར་སྒྲིག་གཞི། ཡུལ་སྲོལ་དད་མོས།མི་རིགས་ཀྱི་འབྲེལ་བ། ས་ཞིང་ཁྲལ་འབབ། མོན་ཡུལ་གྱི་ས་མིང་སོགས་ཀྱི་ཞིབ་འཇུག་དང་། ཕྱི་འབྲེལ་དང་དམག་དོན་བཅས་ཀྱི་ཐད་ལའང་དོན་སྙིང་ཆེས་ཆེར་ལྡན་པར་འདོད་དོ།།
མཆན་འགྲེལ།
           ①ཤར་ཉི་མ་ཚོ་གསུམ་ལ་མོན་ཚོ་གསུམ་ཡང་ཟེར་ལ་འདི་ཚོ་གསུམ་ནི་ཤར་ཚོ་དང་ལྷའུ་ཚོ། བསེ་རུ་ཚོ་བཅས་ཡིན།
           ② དྭགས་པ་ཚོ་བརྒྱད་ནི་མུ་ཁོབ་ཤག་གསུམ་ཚོ། བཟང་ལུང་ཚོ། ཁ་བོང་ཚོ། ཁྲི་ལམ་ཚོ། མཐོང་ལེན་ཚོ། པདྨ་མཁར་ཚོ། འུང་ལ་ཚོ། སག་བཀྲས་ཚོ་བཅས་ཡིན།
           ③སྦྲང་ནང་ཆུ་རྒྱུད་ཞེས་པ་སྦྲང་ནང་ཚོ་དྲུག་ཡོད་པ་ནི་སེང་གཉུག་ཚོ། རླི་ཚོ། ཕྱུག་ཚོ། ནམ་གཞི་ཐེན་སྤང་ཚོ། སངས་རྡི་ཚོ། རྡི་རང་ཚོ་རྣམས་ཡིན།
           ④ རོང་ནང་ཞེས་ཚོ་བཞི་ཡོད་པ་སྟེ། རོང་ནང་སྟོད་ཚོ་(དེའི་ཁོངས་མུར་ཤིང་། དོམ་ཁོག ཁུ་དུང་སོགས་ཡུལ་གྲོང་རྣམས་འཚུད) རོང་ནང་སྨད་ཚོ་(དེའི་ཁོངས་སྦོ་ཁང་དང་།ཤར་ཕོང་། རྩིང་ཀི་སོགས་ཡུལ་གྲོང་འཚུད) ཤེར་གཏག་སྤན་ཚོ། ར་ཁུང་ཁུལ་དམ་ཚོ་རྣམས་ཡིན།
           ⑤ཤེར་དང་བསྟུགས་སྤན་ནི་རྟ་དབང་བླ་གཉེར་མངའ་འོག་ཏུ་གཏོགས་པའི་ཚོ་པ་སོ་གཉིས་ཡོད་པའི་ནང་ལས་རོང་ནང་ཚོ་བཞིའི་ཁོངས་སུ་ཡོད།
           ⑥ཆུ་ལུག་ཞིབ་གཞུང་གི་མ་ཡིག་ལས་བཤུས།
           ⑦སྔར་རྩེ་པོ་ཏ་ལའི་གཟིམ་ཆུང་འགག་ནས་ཏྰ་ལའི་བླ་མའི་བཀའ་རྣམས་བརྒྱུད་བསྒྲགས་དང་གཤམ་འོག་གི་སྙན་སེང་ཞུ་འབུལ་བྱེད་མཁན་ལས་ཁུངས་ཤིག དེར་མཁན་ཆུང་མི་གཅིག་དང་རྩེ་མགྲོན་ལས་ཚན་པ་མི་བཅུ་དྲུག་གཟིམས་འགག་མི་བཞི་བཅས་ཡོད།
           ⑧2012ལོའི་《བོད་ལྗོངས་ཡིག་ཚགས་》དུས་དེབ་དང་པོའི་ཤོག་གྲངས་38ལ་གསལ།
           ⑨ བོད་རང་སྐྱོངས་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་ཡིག་ཚགས་མ་ཡིག་ལས་བཤུས།
           ⑩བོད་རང་སྐྱོངས་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་ཡིག་ཚགས་མ་ཡིག་ལས་བཤུས།
           ⑾⑿2012ལོའི་《བོད་ལྗོངས་ཡིག་ཚགས་》དུས་དེབ་དང་པོའི་ཤོག་ངོས་52ལ་གསལ།
           ⒀ཆུ་ལུག་ཞིབ་གཞུང་གི་མ་ཡིག་ལས་བཤུས།
           ⒁《ལྡེའུ་ཆོས་འབྱུང་》ཤོག་གྲངས་264ལས། “འགོས་ཁྲི་གཉན་འོད་མ་ནས་ལྷོ་མོན་དང་རྒྱ་དཀར་དབར་གྱི་འགག་སྒོ་སྲུང་”ཞེས་བཀོད་འདུག
           ⒂ཆུ་ལུག་ཞིབ་གཞུང་གི་མ་ཡིག་ལས་བཤུས།
           ⒃ཆུ་ལུག་ཞིབ་གཞུང་གི་མ་ཡིག་ལས་བཤུས།
           ⒄《门巴族社会历史调查》(一),《中国少数民族社会历史调查资料丛刊》编辑,民族出版社,2009年出版。
           ⒅ ཆུ་ལུག་ཞིབ་གཞུང་གི་མ་ཡིག་ལས་བཤུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1