༄༅།། གསར་འགྱུར་ཡིག་སྒྱུར་གྱི་གོ་རིམ་སྐོར་ཅུང་ཙམ་དཔྱད་པ།

ཚེ་རིང་དབང་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-15



ཚེ་རིང་དབང་མོ།
གཅིག གསར་འགྱུར་མ་ཡིག་ལ་གོ་བ་ལེན་པ།
        གསར་འགྱུར་མ་ཡིག་ལ་གོ་བ་ལེན་པ་ནི་གསར་འགྱུར་སྒྱུར་རིམ་ཁྲོད་ཀྱི་ཆེས་གལ་ཆེ་བའི་གོ་རིམ་ཞིག་ཡིན། ང་ཚོས་ནང་དོན་ཅི་ཞིག་བསྒྱུར་བའམ་ཡང་ན་གསར་འགྱུར་རྩོམ་ལུས་གང་རུང་གི་གསར་འགྱུར་ཅིག་བསྒྱུར་ན། ཐོག་མར་མ་ཡིག་ཞིབ་ཅིང་ནན་གྱིས་བཀླགས་ནས་མ་ཡིག་གི་བསམ་བློའི་ནང་དོན་ཁོང་དུ་ཆུད་དགོས་པ་མ་ཟད། མ་ཡིག་གི་ཚིག་གི་བརྗོད་སྟངས་དང་རྩོམ་ཉམས་སོགས་ཡང་དག་པར་ཁོང་དུ་ཆུད་དགོས། མ་ཡིག་གི་ནང་དོན་སྒྱུར་མཁན་གྱིས་ཆ་ཚང་དང་ཡང་དག་པར་གོ་བ་ལོན་པའི་རྨང་གཞིའི་སྟེང་། ད་གཟོད་སྐད་རིགས་གཞན་པ་ཞིག་གིས་མཚོན་ན་ཡང་དག་པ་འཁྱོངས་ཐུབ། དེ་ལས་ལྡོག་སྟེ་མ་ཡིག་གི་ནང་དོན་ལ་གོ་བ་ཞིབ་མོ་མ་བླངས་པར། མ་ཡིག་ཅིག་ལག་ཏུ་འབྱོར་བ་ན་དེ་མ་ཐག་ཡིག་སྒྱུར་གྱི་མགོ་བརྩམས་ནས་བསྒྱུར་ན་མ་ཡིག་གི་བསམ་བློའི་ནང་དོན་དང་འགལ་བའི་ནོར་འཁྲུལ་མང་པོ་ཞིག་འབྱུང་སྲིད། དེས་ན་གསར་འགྱུར་མ་ཡིག་གི་ནང་དོན་ལ་གོ་བ་ཡང་དག་པ་ལེན་ན་གཤམ་གྱི་ཕྱོགས་འགའ་ལ་མཉམ་འཇོག་བྱེད་དགོས།

1.མིང་ཚིག་ལ་གོ་བ་ལེན་པ།
        མིང་ཚིག་ནི་སྐད་ཡིག་ཁྲོད་ཀྱི་ཆེས་ཆུང་བའི་གྲུབ་ཆ་ཞིག་ཡིན་ལ། ང་ཚོས་ཡིག་སྒྱུར་བྱེད་པའི་གསར་འགྱུར་ཚང་མ་མིང་ནས་ཚིག་དང་ཚིག་ནས་བརྗོད་པ། བརྗོད་པ་ནས་དུམ་མཚམས་བཅས་རིམ་བཞིན་གྲུབ་པ་ཞིག་ཡིན་པས། གསར་འགྱུར་ཡིག་སྒྱུར་སྐབས་སུ་གསར་བྱུང་གི་མིང་ཚིག་དང་བརྡ་ཆད་སོགས་མིང་ཚིག་འདྲ་མིན་སྣ་ཚོགས་ལ་འཕྲད་སྲིད། དོན་ཆིག་རྐྱང་སྟོན་པའི་མིང་ཚིག་ཡིན་ན་གོ་བ་ལེན་སླ་མོད། མིང་གཅིག་དོན་མང་གི་མིང་ཚིག་ཡིན་ན་ངེས་པར་དུ་དེའི་ཚིག་གི་གྲུབ་ཆ་ལ་གཞིགས་ནས་གོ་བ་ལེན་དགོས། ལྷག་པར་དུ་ཆེད་ལས་ཀྱི་བརྡ་ཆད་སོགས་ལ་འཕྲད་ན་ངེས་པར་དུ་དེའི་ཕྱོགས་ཀྱི་ཆེད་མཁས་དག་ལ་འབྲེལ་བ་བྱས་ནས་གོ་བ་ལེན་པ་དང་མིང་གི་བྱུང་ཚུལ་སོགས་རྒྱུས་བླངས་ན་དོན་ཡང་དག་པར་བསྒྱུར་བར་ཕན་ཐོགས་ཆེན་པོ་ཡོད།

2.བརྡ་སྤྲོད་ལ་གོ་བ་ལེན་པ།
        མིང་ཚིག་ལ་གོ་བ་ལོན་རུང་། བརྡ་སྤྲོད་ཀྱི་འབྲེལ་བར་གོ་བ་མ་ལོན་ན། མིང་དང་མིང་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་གསལ་པོར་མི་ཤེས་ལ། མིང་དེས་ཚིག་འདི་དང་བརྗོད་པ་འདི། ཡང་ན་དུམ་མཚམས་འདི། ཡང་ན་རྩོམ་ཡིག་ཡོངས་ཀྱིས་མཚོན་པའི་བསམ་བློའི་ནང་དོན་ལ་ནུས་པ་ཅི་ཞིག་འདོན་བཞིན་པ་གསལ་པོར་མི་ཤེས། དེ་ལྟར་གོ་བ་ཡང་དག་པར་ཞིག་ལོན་མེད་པས། མ་ཡིག་གི་ནང་དོན་ཡང་དག་པར་མཚོན་མི་ཐུབ་ལ། འགྱུར་ཡིག་བཟང་པོ་ཞིག་ཏུ་འགྱུར་མི་སྲིད། མ་ཡིག་གི་བརྡ་སྤྲོད་ཁྱད་ཆོས་དང་འགྱུར་ཡིག་གི་བརྡ་སྤྲོད་ཁྱད་ཆོས་འདི་གཉིས་མཉམ་འཇོག་ཟབ་མོ་དང་། དེ་གཉིས་ཀྱི་བརྡ་སྤྲོད་ཁྱད་ཆོས་ཡང་དག་པར་ཁོང་དུ་ཆུད་དགོས།

3.རིག་ལམ་གྱི་འབྲེལ་བ་ཡང་དག་པར་གོ་བ་ལེན་པ།
        གསར་འགྱུར་འགྱུར་ཡིག་བཟང་པོ་ཞིག་ཡིན་ན། ཀློག་པ་པོ་རྣམས་ཀྱིས་བལྟས་མ་ཐག ཁ་གསལ་ཞིང་གོ་བ་ལེན་བདེ་བ་ཞིག་ཡིན་དགོས། དེས་ན་ཁྱོད་ཀྱིས་གསར་འགྱུར་མ་ཡིག་གི་མིང་ཚིག་གི་དོན་དང་བརྡ་སྤྲོད་འབྲེལ་བ་ཡང་དག་པར་གོ་བ་ལོན་རུང་། ཀློག་བདེ་ལ་ཡང་དག་པར་མཚོན་པའི་ངེས་པ་མེད། ད་དུང་གསར་འགྱུར་མ་ཡིག་གི་སྔ་གཞུག་གི་རིག་ལམ་འབྲེལ་བ་གསལ་པོར་གོ་བ་ལེན་དགོས། རིག་ལམ་འབྲེལ་བ་འདི་ལ་གོ་བ་ཡང་དག་པ་ལོན་ན། མ་ཡིག་གི་བརྡ་སྤྲོད་འབྲེལ་བའི་ཁྲོད་གོ་བ་ལེན་མི་ཐུབ་པའི་གནད་དོན་གསལ་པོར་རྟོགས་པར་ཕན་པ་ཆེ།

4.ཆེད་ལས་ཤེས་བྱ་དང་རྒྱབ་ལྗོངས་ཤེས་བྱར་གོ་བ་ཡང་དག་པར་ལེན་དགོས།
        གསར་འགྱུར་ནི་ལས་རིགས་ཀུན་ལ་འབྲེལ་བ་དམ་པོ་ཡོད་དེ། གསར་འགྱུར་ལས་རིགས་སོ་སོའི་གསར་བྱུང་གི་ཐོན་རྫས། གྲུབ་འབྲས། གནས་ཚུལ་གསར་པ་སོགས་མི་ཀུན་གྱི་ཤེས་ན་འདོད་ཅིང་ཉན་ན་སྤྲོ་བའི་དོན་དག་གསར་པ་དང་། གནས་ཚུལ་གསར་པ་སྒྲོག་བཞིན་ཡོད་པས། གསར་འགྱུར་མ་ཡིག་དེར་འབྲེལ་བའི་ཚན་རྩལ་དང་དཔལ་འབྱོར། ཞིང་ལས་སོགས་ཀྱི་ཆེད་ལས་ཤེས་བྱ་དང་རྒྱབ་ལྗོངས་ཤེས་བྱ་སོགས་མཐིལ་རྟོགས་བྱས་ན། གསར་འགྱུར་མ་ཡིག་དེ་ཆ་ཚང་ཞིང་ཡང་དག་པར་ཀློག་པ་པོ་རྣམས་ལ་དྲིལ་བསྒྲགས་བྱེད་ཐུབ།

གཉིས། གསར་འགྱུར་མ་ཡིག་གི་ནང་དོན་མཚོན་པ།
        སྤྱིར་བཏང་གི་གནས་ཚུལ་འོག གོ་བ་ཡང་དག་པ་ལོན་ན། མཚོན་པའང་ཕལ་ཆེར་ཡང་དག་པ་ཞིག་ཡིན། ཡིན་ནའང་དེ་ནི་གོ་བ་ལེན་པ་དང་མཚོན་པ་གཉིས་ཀྱི་གོ་རིམ་དུ་གཅིག་གྱུར་གྱི་རྩ་དོན་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་བཤད་པ་ཡིན། གལ་ཏེ་ང་ཚོས་གཅིག་གྱུར་གྱི་རྩ་དོན་འདི་རྒྱུན་འཁྱོངས་བྱེད་མ་ཐུབ་ན། གོ་བ་ཡང་དག་པར་བླངས་རུང་། མཚོན་པའང་ཡང་དག་པ་ཡིན་པའི་ངེས་པ་མེད། གོ་བ་ལེན་པ་ནི་ངོས་འཛིན་གྱི་གོ་རིམ་ཞིག་ཡིན་ལ། འདི་གཉིས་ཀྱི་རྩ་དོན་ནི་ངེས་པར་དུ་གཅིག་འདྲ་ཡིན་དགོས། ནང་དོན་གྱི་ཆ་དང་མཚོན་པའི་ཆ། ཉམས་ཀྱི་ཆ་བཅས་ཀྱི་བླང་བྱ་ནན་མོ་འདོན་པ་དེ་ཡིན་ལ། ཞིབ་མོར་བཤད་ན། གོང་དུ་བཤད་པ་ལྟར། གསར་འགྱུར་མ་ཡིག་གི་མིང་ཚིག་གི་གོ་དོན་དང་བརྡ་སྤྲོད་ཀྱི་འབྲེལ་བ། རིག་ལམ་གྱི་འབྲེལ་བ། ཚིག་རྒྱན་གྱི་ཁྱད་ཆོས་སོགས་ཡིན། གོང་དུ་བཤད་པ་ནི་གོ་བ་ལེན་པ། འདིར་གོ་བ་བླངས་པའི་དོན་དེ་ཡང་དག་པར་བསྐྱར་དུ་མཚོན་པ་ཞིག་ཡིན། མིང་ཚིག་གི་དོན་དང་བརྡ་སྤྲོད། རིག་ལམ་གྱི་འབྲེལ་བ། ཚིག་རྒྱན་གྱི་ཁྱད་ཆོས་བཅས་སྐད་རིགས་གཞན་པ་དེའི་མིང་དང་བརྡ་སྤྲོད། ཚིག་རྒྱན་བཅས་ཀྱིས་ཡང་དག་པར་མཚོན་དགོས། ངེས་པར་དུ་མ་ཡིག་གི་མིང་ཚིག་གི་དོན་དང་བརྡ་སྤྲོད་ཀྱི་འབྲེལ་བ། རིག་ལམ་གྱི་འབྲེལ་བ། སྙན་ཞིང་འཇེབས་པའི་ཚིག་རྒྱན་གྱི་ཁྱད་ཆོས་བཅས་སྲུང་འཛིན་བྱེད་དགོས།

གསུམ། གསར་འགྱུར་འགྱུར་ཡིག་ལ་དག་བཅོས་བྱེད་པ།
        འགྱུར་ཡིག་དག་བཅོས་ནི་མ་ཡིག་དང་བསྡུར་ནས་འགྱུར་ཡིག་ལ་དག་བཅོས་བྱེད་པའི་གོ་རིམ་ཡོངས་ལ་ཟེར། གོ་བ་ལེན་པ་དང་མཚོན་པ་གཉིས་གཏིང་ཟབ་མོར་གཏོང་བ་དང་། འགྱུར་ཡིག་ཆ་ཚང་དང་ཚད་ལྡན། གསོན་ཉམས་ལྡན་པར་མེད་དུ་མི་རུང་བའི་རིམ་པ་ཞིག་ཀྱང་ཡིན།
        ང་ཚོས་རྩོམ་ཡིག་འབྲི་ན་ངེས་པར་དུ་ཡང་ནས་ཡང་དུ་དག་བཅོས་བྱེད་དགོས་པ་ཀུན་གྱིས་ཤེས་གསལ་ལྟར། ཡིག་སྒྱུར་བྱེད་ནའང་དེ་དང་འདྲ་བར་ངེས་པར་དུ་ཡང་ནས་ཡང་དུ་དག་བཅོས་བྱེད་དགོས། དེ་ནི་རྩོམ་པ་པོ་དང་ཡིག་སྒྱུར་བ་རྣམས་ཀྱིས་གསར་རྩོམ་དང་ཡིག་སྒྱུར་གྱི་ལག་ལེན་ཁྲོད་ཕྱོགས་སྡོམ་བྱས་པའི་ཉམས་མྱོང་བཟང་པོ་ཞིག་རེད། ང་ཚོས་སྔོན་རབས་པའི་མཁས་པ་རྣམས་ཀྱི་ཉམས་མྱོང་འདི་རྒྱུན་འཁྱོངས་དང་དར་སྤེལ་བྱེད་དགོས། ཡིན་ནའང་གསར་འགྱུར་ཡིག་སྒྱུར་ལ་དུས་ཚོད་ཀྱི་ཚད་བཀག་ངེས་ཅན་ཞིག་ཡོད་དེ། དཔེར་ན། དེ་རིང་གི་དུས་ཚོད་ག་གེ་མོའི་ཐོག་ལ་བསྒྱུར་ཚར་དགོས་པའི་གསར་འགྱུར་ཅིག་ཡིན་ན། ངེས་པར་དུ་དུས་ཐོག་ཏུ་འགྲུབ་དགོས། གལ་ཏེ་མ་འགྲུབ་ན་གསར་འགྱུར་གྱི་རིན་ཐང་ཤོར་ནས་འགྱུར་བ་ཇི་འདྲ་ལེགས་རུང་དོན་སྙིང་ཅི་ཡང་མེད། དེས་ན་གསར་འགྱུར་མ་ཡིག་གིས་ཁྱོད་ལ་དུས་ཚོད་ཀྱི་ཁོམ་པོ་སྟེར་ན་གཤམ་གྱི་གོ་རིམ་གསུམ་པོ་ངེས་པར་དུ་འཁྱོངས་དགོས།
        གོ་རིམ་དང་པོ་ནི། གསར་འགྱུར་མ་ཡིག་དང་བསྡུར་ནས་ནན་ཏན་གྱིས་འགྱུར་ཡིག་ལ་ཞུ་དག་དང་དག་བཅོས་བྱེད་དགོས། འདིའི་སྐབས་སུ་གཙོ་བོ་ཤོག་ངོས་སམ་ཡང་ན་དུམ་མཚམས། ཚིག་ཕྲེང་། མིང་ཚིག་སོགས་ལྷག་ལུས་བྱུང་ཡོད་མེད་ལ་ལྟ་བ་དང་། མིང་ཚིག་དང་བརྡ་སྤྲོད་བསྒྱུར་བ་ཡང་དག་པ་ཡིན་མིན། མ་ཡིག་གི་བསམ་བློའི་ནང་དོན་ལ་བསྟུན་མིན་ལ་ལྟ་དགོས། གོང་དུ་བརྗོད་པ་ལྟར་ནོར་འཁྲུལ་ཡོད་ན་ངེས་པར་དུ་དུས་ཐོག་ཏུ་བཅོས་དགོས། མ་ཡིག་གི་བསམ་བློའི་ནང་དོན་དེ་ཡིག་སྒྱུར་ཚད་གཞིའི་ནང་དོན་གྱི་ཆ་ཡང་དག་པ་ཡིན་པའི་བླང་བྱ་དང་བསྟུན་པ་རེད།
        རིམ་པ་གཉིས་པ་ནི། གསར་འགྱུར་མ་ཡིག་དང་བྲལ་ནས་འགྱུར་ཡིག་གི་ཚིག་བརྗོད་བདེ་མིན་དང་རིག་ལམ་ལ་གོ་རིམ་ལྡན་མིན་ལ་ནན་ཏན་གྱིས་གཞིགས་དགོས། གལ་ཏེ་བརྡ་སྤྲོད་འོས་ཤིང་འཚམས་ལ། རིག་ལམ་གསལ་ཞིང་གོ་རིམ་ལྡན་པ་ཞིག་ཡིན་ན། འགྱུར་ཡིག་གི་ཚད་གཞི་གཉིས་པ་དོན་མཚོན་པ་དང་བསྟུན་སོང་བ་རེད།
        གོ་རིམ་གསུམ་པ་ནི། གསར་འགྱུར་འགྱུར་ཡིག་ཐད་ཀྱི་ཚིག་རྒྱན་སྤྱོད་སྟངས་དང་རྩོམ་གཤིས། ཚིག་ཉམས་སོགས་ཀྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པོར་དེ་ཡིན་མོད། བསྡུས་འཕྲིན་ཡིན་ན་དེའི་ཐད་ཀྱི་བླང་བྱ་ནན་པོ་མེད་པས་འདིའི་ཕྱོགས་ཀྱི་དག་བཅོས་ལ་ཉམས་འཇོག་མ་བྱས་ན་ཆོག འོན་ཀྱང་རྒྱས་འཕྲིན་ནམ་ཡང་ན་སྙན་ཞུའི་རྩོམ་རིག་སོགས་ཡིན་ན་ཚིག་རྒྱན་གྱི་སྤྱོད་སྟངས་དང་རྩོམ་གཤིས། ཚིག་ཉམས་བཅས་མ་ཡིག་ལྟར་འཁྱོངས་དགོས། དེ་འདྲ་བྱུང་ན་ད་གཟོད་ཡིག་འགྱུར་གྱི་ཚད་གཞི་ཉམས་ཀྱི་ཆའི་བླང་བྱ་དང་འཚམས་པ་རེད།
        མདོར་ན། གསར་འགྱུར་འགྱུར་ཡིག་བཟང་པོ་ཞིག་ཡིན་ན། གསར་འགྱུར་མ་ཡིག་ལ་གོ་བ་ཡང་དག་པ་ལོན་པར་མ་ཟད། མ་ཡིག་གི་ནང་དོན་ཡང་ཆ་ཚང་ཞིང་ཡང་དག་པར་མཚོན་ཐུབ་དགོས་ལ། མ་ཡིག་གི་ཉམས་ཀྱི་ཆའང་འགྱུར་ཡིག་ཏུ་ཐོན་ཡོད་ན་ཕུལ་དུ་བྱུང་བའི་གསར་འགྱུར་འགྱུར་ཡིག་ཅིག་ཡིན། དེར་བརྟེན། ང་ཚོ་གསར་འགྱུར་ལས་སྒྲུབ་པ་རྣམས་ཀྱིས་གསར་འགྱུར་ཡིག་སྒྱུར་བྱེད་སྐབས། གོང་དུ་བརྗོད་པའི་གསར་འགྱུར་ཡིག་སྒྱུར་གྱི་གོ་རིམ་དེ་དག་ལ་མཉམ་འཇོག་ནན་པོ་བྱས་ན། འགྱུར་ཡིག་བཟང་པོ་ཞིག་ཏུ་འཁྱོངས་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་དོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1