ཉེ་བའི་ལོ་ཤས་རིང་། གསེར་ཐར་རྫོང་གིས “གསོ་སྐྱོང་ལས་གྲྭ”ལག་བསྟར་བྱེད་པ་གཙོ་གནད་དུ་བཟུང་ནས་ཐབས་ལམ་སྣ་མང་དང་རྣམ་པ་འདྲ་མིན་བརྒྱུད་དེ་མང་ཚོགས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ནང་གནས་སྒུལ་ཤུགས་སློང་བར་བྱས། དངོས་པོ་དང་བསམ་བློ་གཉིས་ཀྱི་ཆ་ནས་དབུལ་ཐར་ཡོང་བའི་གོམ་སྟབས་བསྒྱུར་ཏེ་མངའ་ཁོངས་ཀྱི་ཤིན་ཏུ་ཡིན་པའི་ཡུལ་གྲོང་དག་གི་དབུལ་ཐར་ལས་ཀར་རྨང་གཞི་བརྟན་པོ་བཏིང་བ་རེད།
དུས་ཡུན་མི་རིང་བའི་སྔོན་ལ་གསེར་ཐར་རྫོང་སྙི་སྟོད་གྲོང་རྡལ་གྱི་འགོ་གཙོ་དགའ་ཐར་གྱིས་རླངས་འཁོར་ཞིག་བསྐོར་ཏེ་ལམ་འགྲམ་གྱི་མཛེས་ལྗོངས་ལ་ལྟ་ཞོར་སྙི་སྟོད་གྲོང་རྡལ་དབུལ་སྐྱོར་གནས་སྤོའི་གཅིག་བསྡུས་ས་ཚུགས་སུ་དཀའ་ངལ་ཆེ་བའི་མགོན་པོ་ཚང་སར་སོང་བ་རེད། སྐབས་དེར་མགོན་པོས་མདུན་ཅོག་ནར་དབྱིབས་ཤིག་གི་སྟེང་དུ་ཁེ་གྲིས་གོས་ཆེན་དམར་པོ་ཞིག་འབྲེག་བཞིན་ཡོད་པས་འདི་ནི་ཁྱིམ་མཚེས་ཚང་ལ་བོད་ལྭ་དྲུབ་རོགས་བྱེད་བཞིན་པའི་སྒང་ཡིན་ཞིང་། ཁོས་འགོ་གཙོ་དགའ་ཐར་མཐོང་དུས་སེམས་པ་དགའ་ནས་ནང་དུ་བསུས་ཏེ་ཁ་བརྡ་ལབ། དབྱར་ཁ་ནི་བོད་ལྭ་བཟོ་བའི་དུས་ཚིགས་ཡག་ཤོས་ཡིན་ཏེ་ངས་གོ་སྐབས་འདི་དམ་འཛིན་བྱས་ནས་ཡོང་འབབ་མང་ཙམ་འཚོལ་རྒྱུ་ཡིན་ཞེས་བཤད།
མགོན་པོས་སྒོར་སྐར་གང་ཡང་སྟེར་མ་དགོས་པར་འདི་འདྲའི་ཁང་པ་ལེགས་པོའི་ནང་སྡོད་ཐུབ་པ་ནི་སྔོན་ཆད་ཡིད་ལའང་ཤར་མ་མྱོང་། སྡོད་ཁང་གི་སྤུས་ཀ་ལེགས་པ་དང་འཚོ་བར་བདེ་སྐྱིད་ལྡན་པ། སྔར་གྱི་རི་ཁུག་ལྕི་ཁང་དང་བསྡུར་ཚེ་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་ཡོད་པས་ཡོད་ཚད་རྨི་ལམ་ལྟ་བུར་སྣང་། འདི་ནི་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཡིན་ཞིང་། གལ་སྲིད་འདི་འདྲའི་སྲིད་ཇུས་བཟང་པོ་ཞིག་མེད་ཚེ་ང་ཚོ་མང་ཚོགས་དབུལ་ཕོངས་ཚོའི་དེ་རིང་གི་བདེ་སྐྱིད་གང་ན་ཡོད་ཅེས་བཤད།
དགའ་ཐར་གྱིས་ཁྱོན་ཡོངས་ནས་མང་ཚོགས་དཀའ་ངལ་ཅན་དག་ལ་རང་རྟོགས་ཀྱི་འདུ་ཤེས་དང་ནང་གནས་སྒུལ་ཤུགས་ཡོང་བར་བྱ་དགོས་ཤིང་། རང་སྐྱོང་ཁུལ་ནས “གསོ་སྐྱོང་ལས་གྲྭ”ལག་བསྟར་བྱས་པ་ནས་བཟུང་རང་རྫོང་གིས་ལས་ཁུངས་སོ་སོས“ཏང་དྲིན་དྲན་པ་དང་མེས་རྒྱལ་ལ་གཅེས་པ། ཁྲིམས་ལུགས་སྲུང་བ། འབྱོར་འབྲིང་སྐྲུན་པ”ཞེས་པའི་ཁ་བྱང་དང་ཟུང་འབྲེལ་བྱས་ཏེ་དྲང་ཕྱོགས་ཀྱི་དྲིལ་སྒྲོག་སློབ་གསོ་དང་གསོ་སྐྱོང་རང་བཞིན་གྱི་སྣེ་ཁྲིད་ལམ་སྟོན་གཙོ་བོར་བཟུང་ནས། རིག་གནས་གསོ་སྐྱོང་དང་། ཤེས་རིག་གི་སྣེ་ཁྲིད། ཁྲིམས་ལུགས་དྲིལ་སྒྲོག དཔེ་མཚོན་དཔེ་སྟོན་བཅས “བྱེད་སྒོ་ཆེན་མོ་ལྔ”ལག་བསྟར་བྱས་ཏེ་རྫོང་ཡོངས་ཀྱི“གསོ་སྐྱོང་སློབ་གསོའི”ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།
ད་ལོ་ལོ་ན52ལ་སོན་པའི་མགོན་པོས་ཁྱིམ་མི་དྲུག་པོར་སྣེ་ཁྲིད་དེ་དཀའ་ངལ་ལས་བརྒལ་ཐུབ་པར་བྱུང་། བྱིས་པ་གསུམ་པོ་སློབ་འབྲིང་དུ་ཡོད་ཅིང་། དམའ་སྲུང་དང་དམིགས་བསལ་རོགས་དངུལ། རྩྭ་ཐང་སྲུང་སྐྱོབ་ཀྱི་རོགས་དངུལ་སོགས་ནི་ཁྱིམ་ཚང་འདིའི་ཡོང་སྒོ་གཙོ་བོ་ཡིན་ལ། མགོན་པོ་ཚང་ནི་རེས་གསར་བའི་དབུལ་ཐར་འགག་སྒྲོལ་ཁྲོད་ཡིག་ཚགས་དང་བྱང་བུ་ཅན་གྱི་ཁྱིམ་ཚང་གི་གྲས་སུ་ཚུད་པ་དང་། སྡེ་བའི་ཏང་ཀྲི་པུའུ་ཡི་དཔུང་སྡེ་ཡིས་ཁོང་ཚང་ལ་ལྟ་སྐྱོང་གནང་བ་དང་། ཐེངས་དུ་མར་ཁོ་ཚང་སར་ཡོང་ནས་གནས་ཚུལ་རྒྱུས་ལོན་དང་ཕྱུག་འགྱུར་གྱི་ལམ་བུ་གསར་བ་འཚོལ་སྙེག་གནང་ཡོད།
འགོ་གཙོ་དགའ་ཐར་ལགས་ཀྱང་ཐེངས་དུ་མར་སྙི་སྟོད་གྲོང་དབུལ་སྐྱོར་གནས་སྤོ་ས་ཚུགས་ཀྱི་དཀའ་ངལ་ཅན་གྱི་ཁྱིམ་དུ་ཡོང་ནས་ཁོང་ཚོར་དབུལ་ཐར་འགག་སྒྲོལ་གྱི་གཟི་བརྗིད་དང་རྒྱལ་ཁབ་ཀྱི་གནས་ལུགས་ངོ་སྤྲོད་གནང་ཞིང་། རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་སྤེལ་བའི་གསེར་ཐར་གྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་དེ་གོང་རིམ་གྱི་རྒྱལ་ཁབ་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་དང་དབུལ་ཐར་དཔེ་སྟོན་གཏམ་རྒྱུད་འོས་སྦྱོར་གནང་། དགའ་ཐར་གྱིས་མི་རེར་བོད་རྒྱ་སྐད་གཉིས་ཀྱི་སྐད་འཕྲིན་སྤྱི་སྟེགས་སྣོན་དུ་བཅུག་ཡོད་ཅིང་། མགོན་པོས་སྐད་འཕྲིན་སྤྱི་སྟེགས་འདིར་དོ་ཁུར་གནང་རྗེས། རང་ཉིད་ཀྱིས་བཟོ་ལས་ལག་རྩལ་ལ་བརྟེན་ནས་ཁྱིམ་ཚང་ཕྱུག་འགྱུར་ཡོང་བའི་ཕུགས་འདུན་གསལ་བཤད་གནང་། དགའ་ཐར་གྱིས་ཁོང་གི་བསམ་ཚུལ་ལ་བསྟོད་བསྔགས་ཕུལ་བར་མ་ཟད། རྒྱབ་སྐྱོར་གང་ཐུབ་བགྱིས་ནས་དེང་སང་མགོན་པོ་ཚང་གི་ཁྱིམ་གྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཡོང་གིན་ཡོད་པ་རེད།
སྙི་སྟོད་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་དགེ་ལེགས་ཀྱིས“གསོ་སྐྱོང་ལས་གྲྭ”ལག་བསྟར་བྱེད་པའི་དམིགས་ཡུལ་ནི་མང་ཚོགས་དཀའ་ངལ་ཅན་གྱི་བསམ་བློར་འགྱུར་ལྡོག་འགྲོ་བ་དང་། རང་རྟོགས་ཀྱི་དབུལ་ཐར་ཡོང་བའི་འདུ་ཤེས་ཇེ་ལེགས་དང་ཕྱུག་འགྱུར་གྱི་འདུན་པ་ཇེ་ཆེར་སོང་བ། ཁྲིམས་སྐྱོང་གི་འདུ་ཤེས་མངོན་གསལ་ཇེ་མཐོ་དང་བསམ་པའི་འཁྱེར་སོ་མངོན་གསལ་འགྱུར་བ། འཕེལ་རྒྱས་ཀྱི་ནུས་པ་མངོན་གསལ་ཇེ་ལེགས་འགྲོ་བ། འཚོ་བའི་སྤུས་ཚད་མངོན་གསལ་ལེགས་བཅོས་བྱས་པས་མ་ཚད་རང་འདུན་ཞབས་ཞུ་བ་ཚོ་ཆུང་རྩ་འཛུགས་བྱས་ཏེ། “དཔལ་ཡོན་གླེང་བ། སྲོལ་ངན་འདོར་བ། སྲོལ་བཟང་སྤེལ་བ”བཅས་ཀྱི་བྱེད་སྒོ་ལག་བསྟར་བྱས་ཏེ། བདེ་ཐང་འཕྲོད་བསྟེན་གྱི་འདུ་ཤེས་ཁྱིམ་དུ་སྐྱེལ་བ། གོམས་གཤིས་ལེགས་པོ་ཆགས་པ་དང་སྲོལ་ལུགས་ལེགས་པོ་ཆགས་པར་སྣེ་ཁྲིད་ལམ་སྟོན་གནང་བ། ཧུར་ཐག་གིས་དབུལ་ཕོངས་མང་ཚོགས་ལ་ཚེགས་ཡང་བརྩོན་ལྡན་དང་གཙང་སྦྲ་འཕྲོད་བསྟེན། དཔལ་ཡོན་བདེ་ཐང་གི་གོམས་སྲོལ་ཆགས་པར་སྣེ་ཁྲིད་གནང་བ། ཚན་རིག་ལ་སློབ་སྦྱོང་དང་ཁྲིམས་སྲུང་སྒྲིག་བརྩི། འགྲོགས་བདེ་གཤིབ་བདེ་བྱེད་པའི་སྤྱི་ཚོགས་སྲོལ་ལུགས་ཆགས་པར་བྱས་པ་ཞིག་ཡིན་ཞེས་ཟེར།
མིག་སྔའི་བར་དུ། གསེར་ཐར་རྫོང་སྔོན་ཐོན་དཔེ་སྟོན་གྱི་དྲིལ་སྒྲོག་བྱེད་སྒོ40ལྷག་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོགས་མིའི་ཐེངས་གྲངས་ཁྲི6.5ལྷག་ལ་ཁེབས་པར་བྱས།“ཏང་དྲིན་དྲན། མེས་རྒྱལ་གཅེས། ཁྲིམས་ལུགས་སྲུང་། འབྱོར་འབྲིང་སྐྲུན”དང“འཆམ་མཐུན་ཡུལ་གྲོང་དུ་བསྐྱོད་པའི”གཙོ་བྱང་བྱེད་སྒོ720ལྷག་སྤེལ་བ་དང་། “ལྔ་བཟང་དཔལ་ཡོན་ཁྱིམ་ཚང”19འདེམས་ཐོན་བྱུང་། ད་ལྟར་གསེར་ཐར་ཞིང་འབྲོག་ས་ཁུལ་དུ་ཡ་རབས་སྤྱོད་བཟང་གི་མཁའ་དབུགས་གསར་བ་ཆགས་པ་དང་། དབུལ་ཐར་འགག་སྒྲོལ་བྱུང་བ་ནི་གཟི་བརྗིད་ཅིག་ཡིན་པའི་གོ་རྟོགས་ཕྱོགས་ཀུན་ནས་སད་བཞིན་མཆིས།།