རྟེན་འབྲེལ་ཞུ་ཚིག་བཀྲ་ཤིས་ལྷ་དར་དཀར་པོ།

དགའ་བའི་རྡོ་རྗེ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25



གངས་ཅན་མདོ་ཁམས་ས་ཡི་ཐིག་ལེ་རུ། །

ཁམས་ཁུལ་ཆབ་དཔལ་རིག་པའི་ལྟེ་གནས་དངོས། །

སྡེ་བཞི་དགེ་བཅུ་འཛོམས་པའི་ཡུལ་གྱི་དབུས། །

ཡང་དར་བསྟན་པའི་མེ་སོན་ཉག་གཅིག་པུ། །

པར་ཁང་ཆོས་མཛོད་ཆེན་མོའི་ཉེ་ཞོལ་དུ། །

སྡེ་དགེ་སྨན་རྩིས་ཁང་ཉིད་དབུ་བརྙེས་ནས། །

རབ་བྱུང་གཅིག་གི་འཁོར་ལོ་ཉེར་འཁོར་བར། །

སྙིང་དབུས་མི་ཤིགས་ཐིག་ལེའི་གུར་ཁང་ནས། །

སྨོན་ཚིག་དར་དཀར་རིང་མོ་རྒྱང་དུ་བསྲིང་། །

ཕག་གྲུ་དམ་པ་བདེ་གཤེགས་ཐུགས་སྐྱེད་དང་། །

དགོན་ཆེན་གྲྭ་མང་སྨན་ཁང་རྨང་གཞིའི་སྟེང་། །

སི་ཏུ་གཅེན་གཅུང་མཁྱེན་ཀོང་མི་ཕམ་པ། །

བསྟན་པ་ཚེ་རིང་ལ་སོགས་ཆོས་རྒྱལ་དང་། །

བླ་སྨན་རིམ་བྱོན་བཅས་པའི་བཀའ་དྲིན་ལས། །

མདོ་ཁམས་གསོ་རིག་བསྟན་པ་དགུང་དུ་བཏེགས །

དམ་པ་གསེར་རིའི་ཕྲེང་བའི་དགོངས་བཅུད་རྣམས། །

མ་ཉམས་བསྟན་པ་ཡང་དར་སྐྱ་རེངས་སྐབས། །

ཁམས་ཁུལ་གསོ་རིག་བསྟན་པའི་སྤྱི་དཔལ་དུ། །

སྡེ་དགེ་སྨན་རྩིས་ཁང་གི་མཚན་བཟང་བཞད། །

སྨན་རྒྱལ་གཡུ་ཐོག་དགོངས་བཅུད་མ་ནོར་བ། །

ཟུར་མཁར་བརྒྱུད་པའི་ཕྱག་སྲོལ་གཙོར་བཟུང་བའི། །

སློབ་གསོ་སྨན་བཅོས་སྨན་སྦྱོར་ཁྱད་དུ་འཕགས། །

རྨད་བྱུང་མཚུར་ལུགས་རྩིས་ཀྱིས་གཙོར་བྱས་པའི། །

སྨན་རྩིས་ཟུང་འབྲེལ་འཛིན་སྐྱོང་སྤེལ་བྱས་པས། །

གྲགས་པའི་བ་དན་གངས་ལྗོངས་མཁའ་དབྱིངས་གཡོས། །

ཉམ་ཐག་ནད་པའི་སྲོག་གི་ཆད་མཐུད་གྱུར། །

མ་འོངས་དུས་རབས་གསར་པའི་འཕེལ་འགྱུར་ཁྲོད། །

རང་ལུགས་སྲོལ་རྒྱུན་གཙང་མའི་རྨང་གཞིའི་སྟེང་། །

དུས་དང་བསྟུན་པའི་ཉེར་མཁོས་ལེགས་བརྒྱན་ཏེ། །

ཉམ་ཐག་ནད་པའི་དཔུང་གཉེན་དམ་པ་རུ། །

སྨན་རྩིས་ཁང་ཉིད་སྔར་ལས་རྒྱས་གྱུར་ནས། །

སྨན་རྩིས་རིག་པའི་བསྟན་པ་རྒྱས་གྱུར་ཅིག །

ཞེས་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་དགེ་མིང་འཛིན་པ་དགའ་བའི་རྡོ་རྗེས་ཕུལ་བ་ལགས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1