སྡེ་དགེའི་བོད་ཀྱི་གསོ་རིག་ལ་ཕྱིར་མིག་བལྟས་པའི་མྱོང་ཚོར།
ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
གདོང་དམར་བོད་བརྒྱུད་མདོ་ཁམས་ལྗོངས་སུ་མཆེད། །
གསོ་རིག་བསྟན་པ་སྲིད་ཀྱིས་བླ་ན་བཏེགས། །
མངའ་འོག་འབངས་ལ་ཚེ་ཡི་བཅུད་ལེན་བསྩལ། །
སྨན་པའི་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག །
ཞང་བོད་མཁས་པ་སྟོང་གི་ཞལ་རྒྱུན་བསྡུས། །
མན་ངག་ཕྱག་ལེན་ཐམས་ཅད་གཅིག་ཏུ་བསྒྲིལ། །
ཟུར་ལུགས་བསྟན་པའི་སྙིང་པོ་ལྗོངས་འདིར་སྤེལ། །
གསོ་རིག་བསྟན་པའི་སྣང་བྱེད་ཆོས་འབྱུང་རྗེ། །
འགྲོ་ཀུན་ནད་ཀྱི་ཟུག་རྔུལ་བཅོམ་པའི་གཉེན། །
མན་ངག་ཕྱག་ལེན་འབུམ་གྱི་ཡིག་ཚང་རྣམས། །
གཅིག་ལས་དུ་མ་འཕྲོ་བའི་འཕྲུལ་གྱི་སྤར། །
གསོ་རིག་གདམས་ངག་གཏེར་མཛོད་སྡེ་དགེའི་ཡུལ། །
བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་ལ། །
རོ་ནུས་སྦྱོར་ཐབས་སྨན་སྦྱོར་བདུད་རྩིའི་གཏེར། །
གངས་རིའི་ལྗོངས་འདིར་བྲིན་པའི་ཕྱག་ལེན་གཞུང་། །
མན་ངག་ཨེ་ཝཾ་འབྱུང་གནས་སྡེ་དགེའི་ཡུལ། །
ཆོས་འབྱུང་ཡབ་སྲས་མཁྱེན་ཀོང་ལ་སོགས་པས། །
མཁས་མཆོག་སྟོང་ལས་བརྒྱུད་པའི་མེས་པོའི་ནོར། །
རིན་ཆེན་དངུལ་ཆུ་སྦྱོར་བའི་ཕྱག་ལེན་རྣམས། །
མི་ནུབ་རྒྱལ་མཚན་བསྒྲེངས་པ་སྡེ་དགེའི་ཡུལ། །
ལྗོངས་འདིར་མཁས་གྲུབ་སྟོང་གིས་རྟོགས་དཀའ་བའི། །
ཟབ་མོའི་རྒྱུད་ལས་བྱུང་བའི་དཀའ་གནད་རྣམས། །
བདེ་བླག་རྟོག་པའི་ངག་གིས་འགྲེལ་མཁས་པ། །
གླིང་སྨན་བཀྲ་འབུམ་གསུངས་རྣམས་སྡེ་དགེའི་བརྒྱན། །
གནམ་ས་བླ་འོག་བསྒྱུར་བའི་དུས་འགྱུར་ནང་། །
དམ་པའི་ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པས། །
མདོ་ཁམས་ཀུན་ལ་དཀོན་པའི་སྲོལ་རྒྱུན་གྱི། །
གསོ་རིག་སྨན་ཁང་སྡེ་དགེའི་སྤར་ཁང་བརྒྱན། །
བསིལ་དྲོད་སྨན་རྫས་རང་བྱུང་མཛོད་དུ་གྲུབ། །
ལྕགས་ཁམས་རྫས་བརྒྱད་ས་གཞིའི་བཅུད་དུ་འཛིན། །
རྩི་སྨན་སྣ་ཚོགས་རོང་འབྲོག་ཡུལ་ཀུན་ཁྱབ། །
བདུད་རྩི་སྨན་གྱི་གཏེར་མཛོད་སྡེ་དགེའི་ཡུལ། །
བཅོས་བསྒྱུར་སྒོ་འབྱེད་དབྱར་རྔ་མཁའ་ལ་ལྡིར། །
ཤེས་རིག་ཉམས་གསོའི་སྦྲང་ཆར་ས་གཞིར་འབེབ། །
དངུལ་ཆུ་བཙོ་བཀྲུའི་ཕྱག་ལེན་སླར་གསོའི་གཞི། །
མདོ་ཁམས་ཡུལ་ན་ཐོག་མར་སྡེ་དགེར་དར། །
ས་གཞི་རིལ་པོ་འགྲན་ཟླའི་རྩོད་རར་གྱུར། །
འགྲན་ཟླའི་ཁྲོད་ན་རང་ཡུལ་ཡར་རྒྱས་རྙེད། །
མཁས་མཛངས་དཔོན་པོའི་བློ་རིག་གློག་ལྟར་མྱུར། །
ཟུར་ལུགས་གསོ་རིག་བདག་དབང་སྡེ་དགེར་ཐོབ། །
ལུས་ཁམས་བདེ་ཐང་སྟེར་བའི་སྨན་ཁང་དང་། །
གསོ་རིག་རྒྱུན་འཛིན་བསྐྱང་བའི་སློབ་སྡེ་སོགས། །
དེང་རབས་འཕྲོད་བསྟེན་ལས་ལ་གང་དགོས་པའི། །
གསོ་རིག་བསྟན་པ་སྡེ་དགེའི་ཡུལ་ན་དར། །
ཞེས་པ་ཤར་དཔལ་སྤུངས་པའི་སྙན་ངག་སྨྲ་བ་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་ལྷོ་ནུབ་མི་རིགས་སློབ་ཆེན་མོའི་རང་ཤག་ནས་སྤྲིངས་སོ། །