སྡེ་དགེའི་ཟུར་ལུགས་སྨན་ཁང་།
སྨན་སྒང་མདའ་སྨྱོན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
ཀུན་མཁྱེན་སྨན་བླའི་བྱིན་རླབས་ཕོག །
ཡོན་ཏན་མགོན་པོའི་ཕྲིན་ལས་གྲོལ། །
ཟུར་ལུགས་སྨན་རྒྱལ་ཕོ་བྲང་ཆེ། །
སྨན་རྒྱུན་འདི་ཡི་རྒྱུད་པ་བཟང་། །
ངན་ཐབས་ནད་ཀྱི་གཉེན་པོ་རུ། །
སྨན་སྦྱོར་ཟླ་བའི་གཟི་བྱིན་རྒྱས། །
རྩ་ཆུ་བརྟག་པའི་རིག་འཕྲུལ་གྱིས། །
ནད་ཀྱི་རྩ་བ་ལྷང་ལ་སྟོན། །
ཡང་དག་བདེ་བའི་ཟིལ་མངར་གྱིས། །
འགྲོ་རྣམས་ཕན་བདེའི་སར་འདྲེན་ཞིང་། །
དགའ་བཞིའི་དཔལ་ཀུན་གཡང་དུ་ལེན། །
སྡེ་དགེའི་བོད་སྨན་ཡང་དག་རྒྱལ། །
གཞན་ཕན་སྐྲུན་པའི་ཟིལ་མངར་ལྡན། །
རིག་གནས་འཛིན་པའི་སློབ་ཚོགས་ཡོད། །
གོང་མའི་རྣམ་ཐར་ལེགས་སྐྱོང་བའི། །
ཟུར་ལུགས་སྨན་ཁང་སྲིད་པར་ཁྱབ། །
ལྷག་བསམ་འོ་མའི་ཆུ་གཏེར་ལས། །
དངོས་བྱུང་ནོར་གྱི་ཆུན་ཐག་འབབ། །
དེ་ནི་འདོད་པའི་རེ་སྐོང་སྟེ། །
ཡིད་བཞིན་དབང་རྒྱལ་ལས་ཀྱང་ལྷག །
སེམས་བསྐྱེད་རྒྱ་ཡིས་ལེགས་བཅིངས་ལ། །
སྙིང་རྗེའི་རྩིས་ཀྱང་སྣུམ་པར་བསྒྱུར། །
ཤེས་རབ་གྲལ་ཐག་རྒྱས་གྱུར་པའི། །
མཁས་མང་རྒྱུ་སྐར་ཚོགས་ལ་འགྲན། །
སྡེ་བཞིའི་དཔལ་གྱིས་ཉེར་འཚོ་ཞིང་། །
དགེ་ལེགས་ཆུ་འཛིན་ཡངས་པར་འཕྱོ། །
བོད་ཁམས་ཀུན་ལ་གྲགས་འབར་བའི། །
སྨན་གཞིས་ཆེན་མོ་ངོ་མཚར་གནས། །
གནས་འདིར་སྙན་གྲགས་དབྱར་སྐྱེས་རྔ། །
དབུ་ཁྱུད་བྲིས་པའི་ལེགས་ཚོགས་ནོར། །
བགྲང་བྱ་དྲུག་ཅུ་འཁོར་བ་ལ། །
དགའ་སྟོན་རྟེན་འབྲེལ་སྙིང་གིས་བསུ། །
བཀྲ་ཤིས་གནས་མཆོག་ཁྱད་འཕགས་ཡུལ། །
བཀྲ་ཤིས་མི་ཡིས་རྒྱལ་ཐབས་བཟུང་། །
བཀྲ་ཤིས་གཞན་ཕན་ཉེ་བའི་ལམ། །
བཀྲ་ཤིས་རི་མོས་མངོན་ཁྱབ་ཤོག །
བདེ་ལེགས་ལུགས་གཉིས་འཕེལ་བའི་གཉེན། །
བདེ་ལེགས་གཤིས་ཀྱི་འོད་ལྔས་ཁྱབ། །
བདེ་ལེགས་བྱམས་བརྩེའི་སྨན་སྟོབས་ཀྱིས། །
བདེ་ལེགས་འགྲོ་ཀུན་རྟག་ཁྱབ་ཤོག །
ཞེས་སྡེ་དགེ་རྫོང་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་སྨན་སྒང་མདའ་སྨྱོན་གྱིས་ཕུལ་བ་ལགས་སོ། །