དཔལ་སྡེ་དགེ་ལྷུན་འགྲུབ་སྟེང་གི་བོད་སྨན་རྩིས་ཁང་ཚུགས་ནས་བགྲང་བྱ་དྲུག་ཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕུལ་བའི་ཚིགས་སུ་བཅད་པ་བདུད་རྩིའི་ཐིགས་ཕྲེང་།
ཁྲོཾ་ཐར་འཇམ་བློ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
ཨོཾ་ཨ་ཐཱ།
སྔོན་ཚེ་སྨོན་ལམ་བཅུ་གཉིས་བཏབ་པའི་ངོ་མཚར་རྨད་བྱུང་བདེན་ཚིག་གིས། །
འགྲོ་བའི་དུག་གསུམ་ནད་རིགས་འཇོམས་ལ་བདེ་གཤེགས་གཞན་ལས་ཁྱད་འཕགས་པའི། །
བཅོམ་ལྡན་བླ་མ་སྨན་པའི་རྒྱལ་པོས་བརྩེ་ཆེན་ཐུགས་རྗེའི་ལྕགས་ཀྱུ་ཡིས། །
ཉམ་ཐག་འགྲོ་རྣམས་སྡུག་བསྔལ་གསུམ་གྱི་མཚོ་ལས་འདྲེན་པའི་བྱིན་རླབས་སྩོལ། །
སྡེ་བཞི་དགེ་བཅུའི་དཔལ་གྱིས་ཕྱུག་པའི་ལྷུན་འགྲུབ་སྟེང་ཞེས་གྲགས་དཀར་གྱིས། །
ཡངས་པའི་ས་ཆེན་ཁྱབ་པའི་གནས་འདིར་སྔོན་ནས་ད་ལྟའི་བར་དག་ཏུ། །
གངས་ལྗོངས་ཆོས་དང་རིག་གནས་སྤེལ་བའི་ལོ་རྒྱུས་ཡི་གེ་མ་ཉམས་ཤིང་། །
ཁྱད་པར་དཔལ་ལྡན་གསོ་བ་རིག་པའི་བསྟན་པའི་བ་དན་མཁའ་ལ་བསྒྲེང་། །
གཡུ་ཐོག་གསར་རྙིང་དགོངས་དོན་མ་ཉམས་དཔལ་ལྡན་རྒྱུད་བཞིའི་བཤད་བཀའ་དང་། །
ཁྱད་པར་ཟུར་ལུགས་བརྒྱུད་པ་འཛིན་པའི་མཁས་པ་གསེར་རིའི་ཕྲེང་བ་ལྟར། །
ཚར་དུ་དངར་བས་བསྟན་འགྲོའི་དོན་ཆེན་བླ་ན་མེད་པ་བསྐྱང་བའི་ཚུལ། །
དུས་ཀྱི་མཐའ་འདིར་མ་ཉམས་གསལ་བ་ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །
ཨོ་རྒྱན་པདྨའི་འཕྲིན་ལས་བྱེད་པོ་གྲུབ་པ་མཆོག་བརྙེས་ཐང་སྟོང་པས། །
ཚེ་སྒྲུབ་མཛད་ཅིང་ཚེ་ཆུ་གཏེར་བཞེས་འགྲོ་བའི་ཚེ་ཡི་བར་ཆད་བསལ། །
གདན་ས་མཛད་ཅིང་ཆོས་གྲྭ་བཏབ་པས་ཐུབ་བསྟན་སྲོག་གི་ཀ་བ་བཙུགས། །
སྨན་མཆོག་གསར་བཟོས་ཉམ་ཐག་འགྲོ་བའི་འདུ་བ་རྣམ་བཞིའི་འཁྲུགས་པ་བསལ། །
ཀུན་མཁྱེན་མཚན་གྱི་སྙན་པ་དཔྱང་པའི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། །
འཇིག་རྟེན་མིག་གཅིག་ཚུལ་ཁྲིམས་རིན་ཆེན་ངེས་པ་དོན་ལྡན་པཎྜི་ཏ། །
མི་ཕམ་རྗེ་དང་དཔལ་དགེ་སྤྲུལ་སྐུ་དྲུང་འཚོ་གུ་རུ་འཕེལ་ལ་སོགས། །
ཚེ་ཡི་རིག་བྱེད་ཕྱོགས་མཐར་སྤེལ་བའི་མཁས་པའི་དཔུང་ཚོགས་འདི་ནས་ངོམ། །
བཀའ་བབ་བདུན་ལྡན་འཇམ་པའི་དབྱངས་དངོས་པདྨ་མདོ་སྔགས་གླིང་པའི་ཞབས། །
མཛོད་ལྔའི་ཤིང་རྟའི་ལམ་སྲོལ་གཏོད་མཛད་ངག་དབང་ཡོན་ཏན་རྒྱ་མཚོའི་སྡེ། །
ཟབ་གཏེར་སྒོ་འབྱེད་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་སྟེ། །
རྣམ་གསུམ་འཛོམས་པས་བསྟན་འགྲོའི་རྒུད་པ་གནས་མཆོག་འདི་ནས་གསོས་པ་རྨད། །
ས་སྐྱོང་རྒྱལ་པོ་རིམ་པར་བྱོན་པའི་བླ་སྨན་མཁས་པའི་ཚོགས་རྣམས་ཀྱིས། །
རིག་གནས་སྤྱི་དང་ཚེ་ཡི་རིག་བྱེད་བསྟན་པ་ཕྱོགས་མཐར་སྤེལ་བ་དང་། །
ཉམ་ཐག་འགྲོ་བ་ཉེས་གསུམ་དུཿཁའི་འཇིགས་ལས་བསྐྱབས་པའི་རྣམ་པར་ཐར། །
ཕྱོགས་འདིར་བསྐྱངས་པའི་མཛད་རྗེས་མི་ཉམས་རྡོ་ལ་བརྐོས་པའི་རི་མོ་བཞིན། །
ཁྱད་པར་སྡེ་དགེ་བོད་སྨན་ཁང་ཞེས་རྒྱལ་ཁབ་ཀུན་ན་གྲགས་པ་ཅན། །
འདི་ཉིད་ཚུགས་ནས་ད་ལྟའི་བར་དུ་གསོ་རིག་བསྟན་པ་སྤེལ་བ་དང་། །
མི་སྣ་གསོ་སྐྱོང་མི་རིགས་མཐུན་སྒྲིལ་ནད་པའི་མགོན་སྐྱབས་བྱེད་པ་སོགས། །
རླབས་ཆེན་དཔག་ཡས་མཛད་འཕྲིན་བསྐྱང་ལ་ཤེས་ལྡན་སུ་ཞིག་ཅིས་མི་བསྔགས། །
དེ་བས་དེང་འདིར་དྲུག་ཅུའི་འཁྲུངས་ལོ་དགའ་དང་སྤྲོ་བ་འབུམ་གྱིས་བསུ། །
སླད་མའི་ཆར་ཡང་སྔར་ལས་ལྷག་པའི་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ། །
འཕྲིན་ལས་གསེར་ལྡན་སྒེག་མོའི་བཞུར་རྒྱུན་དུས་རབས་གསར་པའི་འགྲོས་དང་བསྟུན། །
གནའ་དེང་རིག་པ་ཟུང་འབྲེལ་ལམ་ནས་འགྲོ་བའི་ནད་ཀྱི་གཉེན་པོར་ཤོག །
བཀྲ་ཤིས་གངས་ཞིག་སྨན་གྱི་བླ་མའི་ཐུགས་བསྐྱེད་དུས་ལས་ཡོར་བ་མེད། །
བཀྲ་ཤིས་གང་ཞིག་ཆོས་རྒྱལ་བླ་སྨན་རིམ་བྱོན་སྨོན་ལམ་ཡོངས་སུ་འགྲུབ། །
བཀྲ་ཤིས་གང་ཞིག་དམ་ཅན་སྡེ་དགུའི་གློག་ལྟར་མྱུར་བའི་ཕྲིན་ལས་ཀྱིས། །
བཀྲ་ཤིས་གང་ཞིག་བོད་སྨན་ཁང་འདི་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །
སྡེ་དགེ་བོད་སྨན་ཞེས་མཚན་ཡོངས་སུ་གྲགས་པ་གང་དེ་ལེགས་པར་ཚུགས་ནས་ལོ་གྲངས་དྲུག་ཅུ་འཁོར་བའི་རིང་ལ་བྱས་རྗེས་བླ་ན་མེད་པ་བཞག་ཡོད་པ་དང་། ཁྱད་པར་དེང་སྐབས་ལས་ཐོག་པ་བྱང་དགའ་ལགས་ཀྱིས་སྨན་ཁང་རྒྱ་བསྐྱེད་དང་། སློབ་མ་གསོ་སྐྱོང་། ཡོ་ཆས་ཇེ་ལེགས། གནའ་དེང་ཟུང་འབྲེལ་སོགས་མཛད་རྗེས་བླ་ན་མེད་པ་བསྐྱངས་དང་སྐྱོང་བཞིན་པ་ལ་དགའ་དད་སྤྲོ་བ་དང་བཅས་ཁྲོཾ་ཐར་འཇམ་བློར་འབོད་པས་ཕལ་བའི་ངག་ལམ་ནས་ཉུང་ཙམ་སུག་ལས་སུ་བྱས་པ་དགེ །