འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི། མདོ་ཁམས་སྡེ་དགེའི་མངའ་ཁུལ་ཡུལ་དགེ་བ་གཏེར་ཀླུང་དིལ་འགོ་ཞེས་པའི་ཁྱིམ་དུ་རབ་བྱུང་14པའི་ལྕགས་ཕོ་འབྲུག་(སྤྱི་ལོ་1820) ལོའི་ཆུ་སྟོད་ཟླ་བའི་ཚེས་6ལ་སྐུ་འཁྲུངས། དགུང་ལོ་བརྒྱད་ལོ་ནས་ཤེས་བྱ་རིག་པའི་གནས་མཐའ་དག་ལ་སྦྱངས་པའི་འགོ་བཙུགས། ཞེ་ཆེན་མ་ཧཱ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ་དང་། འཚོ་བྱེད་ཚེ་དབང་། སྡེ་དགེའི་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་ལས་རིག་གནས་སྤྱི་དང་བྱེ་བྲག་གསོ་རིག་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་གངས་ལྗོངས་སུ་གྲགས་ཆེ་བའི་གསོ་དཔྱད་ཕལ་ཆེ་བ་གསན་སྦྱངས་དང་ལག་ལེན་མཐའ་དག་ཞིབ་ཏུ་ཁྲིད་པ་དང་། ལྷག་པར་དུ་རིན་པོ་ཆེ་དང་དངུལ་ཆུ་བཙོ་བཀྲུའི་སྦྱོར་བ་སོགས་སྨན་གྱི་ཕྱག་ལེན་ཟབ་ཁྱད་ཅན་རྒྱ་ཆེར་མཛད་ནས་འགྲོ་བ་མང་པོ་རྒྱུ་དང་འབྲས་བུའི་ནད་ཀྱི་ཟུར་རྒྱུ་ལས་བསྐྱབས་ཤིང་ཕན་དང་བདེ་བའི་གནས་ལ་སྦྱོར་བ་དང་། གསོ་རིག་མན་ངག་ལག་ལེན་གྱི་སྐོར་དང་སྨན་གྱི་ངོས་འཛིན་སོགས་ཡིག་ཆ་ལེ་ཚན་30ལྷག་ཙམ་བརྩམས་པ་(མཁྱེན་བརྩེའི་བཀའ་འབུམ་)དང་། སྡེ་དགེའི་རྒྱལ་ས་དང་། རྫོང་སར་བཅས་སུ་གསོ་རིག་སློབ་གྲྭ་བཙུགས་ནས་གསོ་བ་རིག་པའི་རྒྱུན་མི་ཉམས་ཡུན་གནས་དར་ཞིང་རྒྱས་པའི་ཕྲིན་ལས་མཛད། གངས་ཅན་ལྗོངས་སུ་རིས་མེད་པའི་བསྟན་པ་སྤྱི་དང་། བྱེ་བྲག་གསོ་བ་རིག་པའི་སྐོར་ལ་རྩོད་བྲལ་གྱི་སློབ་དཔོན་ཆེན་པོར་གྱུར་ནས་སྙན་གྲགས་གངས་ཅན་ལྗོངས་ཡོངས་སུ་ཁྱབ། བརྒྱུད་འཛིན་སློབ་མའི་གཙོ་བོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། འཇམ་དབྱངས་བློ་གཏེར་དབང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྤྱི་གཙུག་ཤིན་ཏུ་མང་པོ་བྱོན་པ་རྣམས་ལས་རིག་གནས་སྤྱི་དང་། བྱེ་བྲག་གསོ་རིག་དར་རྒྱས་ཀྱི་ཕྲིན་ལས་མཛད། སྐུ་དངོས་ཀྱི་ཕྲིན་ལས་མཐར་ཕྱིན་ནས་དགུང་ལོ་73ལོན་པ་རབ་བྱུང་15པའི་ཆུ་ཕོ་འབྲུག་(སྤྱི་ལོ་1892)ལོའི་ཟླ་1ཚེས་25ཉིན་གཟུགས་སྐུའི་བཀོད་པ་བསྡུས་པ་ཡིན་ནོ། །
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་1813ལོར་མདོ་སྟོད་འབྲི་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ་ཡབ་ཁྱུང་རྒྱལ་བསྟན་འཛིན་གཡུང་དྲུང་དང༌། ཡུམ་བཀྲ་ཤིས་མཚོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་མཛད་སྤྱོད་ངོ་མཚར་ཆེ་བ་ཞིག་ཡོད་པ་དང༌། བཟོ་དང་གསོ་བ་རིག་པ་སོགས་ཐེངས་རེ་གསན་གཟིགས་བྱུང་བ་ཙམ་གྱིས་མཁྱེན་ཞིང་ཐུགས་རྒྱུད་དྲང་ལ། སྤྱོད་ལམ་ཞི་ཞིང་དུལ་བ། གང་བརྩམས་མཛད་པ་མཐར་འདོན་པ་ལ་ཞུམ་པ་མེད་པ་སོགས་སྐྱེ་བོ་ཕལ་པ་ལས་ཁྱད་དུ་འཕགས་པའི་ཡོན་ཏན་དུ་མ་མངའ་བ་དང༌། ཞེ་ཆེན་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ། སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ལྔ་བཅུ་ལྷག་ཙམ་བསྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་བརྒྱུད་བོད་ཡུལ་དུ་ཡོད་པ་ཡོངས་རྫོགས་གསན་བཞེས་མཛད། ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལ་སློབ་གཉེར་མཛད་ཚུལ་ནི་ཁྱབ་བདག་བླ་མ་རྡོ་རྗེ་འཆང་ཆེན་པོ་ཏཱའི་སི་ཏུ་པདྨ་ཉིན་བྱེད་དབང་པོའི་ཞལ་སྔར་ནས་གཡུ་ཐོག་སྙིང་ཐིག་དང་བདུད་རྩི་བུམ་པའི་དབང་ལུང་དཔལ་ལྡན་རྒྱུད་བཞི་དང་སྨན་དཔྱད་ཟླ་བའི་རྒྱལ་པོ། སྙིང་པོ་བསྡུས་པ་གཡུ་ཐོག་ཆ་ལག་བཅོ་བརྒྱད་ཟིན་ཏིག་བསམ་འཕེལ་ནོར་བུ། གསེར་བྲེ་དངུལ་བྲེ། མན་ངག་བྱེ་བ་རིང་བསྲེལ་འབྲོང་རྩེའི་བེའུ་བུམ། ཉམས་ཡིག་བརྒྱ་རྩ། མན་ངག་བཀའ་བརྒྱ་མ། མན་ངག་ལྷན་ཐབས། ཨེ་ཝྃ་སོགས་ལུང་གསན་པ་མ་ཟད་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གི་འཚོ་བྱེད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ་མདུན་ནས་དཔལ་ལྡན་རྒྱུད་བཞི་ཞིབ་ཁྲིད་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོ། ལྕགས་ཁམས་ཐལ་བསྲེགས་སོགས་ལག་ལེན་དངོས་ཀྱི་ཞིབ་ཁྲིད་གསན་པར་མ་ཟད་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁོང་གིས་སྨན་སྦྱོར་ཟབ་ཁྱད་ཅན་གྱིས་བརྒྱུད་པ་མ་ཉམས་པར་དེང་གི་བར་དུ་ལག་ལེན་དུ་བསྟར་བཞིན་པ་ལགས་སོ།། ཁོང་གི་སློབ་མའི་གཙོ་བོ་ནི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་སོགས་སྣོད་ལྡན་གྱི་སློབ་མ་བརྒྱ་ཕྲག་ལྷག་ལ་དངུལ་ཆུ་བཙོ་བཀྲུ་དང་ལྕགས་ཁམས་ཐལ་བསྲེགས་སོགས་རྒྱུན་ཆད་ལ་ཉེ་བ་རྣམས་དམིགས་བསལ་གྱི་ལག་ལེན་དམར་ཁྲིད་དུ་མཛད་དེ་གསོ་བ་རིག་པའི་བསྟན་པ་ཉི་མ་བཞིན་གསལ་བར་མཛད་ཡོད། རྗེ་འདི་ཉིད་ཀྱིས་གང་གསན་པ་ཐམས་ཅད་ཉམས་ལེན་ལ་འཁྱོར་བར་གནང་ཞིང༌། སློབ་མ་རྣམས་ལ་རང་རང་གི་འདོད་མོས་དང་འཚམས་པའི་ཆོས་བཀའ་རྒྱ་ཆེར་སྤེལ། གསུང་རྩོམ་སྐོར་དཔར་ལ་འཁོད་པ་དང་། མ་འཁོད་པ་ཡོངས་རྫོགས་བསྡོམས་པའི་པོད་དགུ་བཅུ་ལྷག་ཙམ་ཡོད་པའི་ནང་ནས་གཙོ་ཆེ་བ་ནི་མཛོད་ཆེན་པོ་ལྔ་སྟེ། 《 ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད།》དང་《གདམས་ངག་རིན་ཆེན་མཛོད།》 《 རྒྱ་ཆེན་བཀའ་ཡི་མཛོད།》 《 བཀའ་བརྒྱུད་སྔགས་མཛོད།》《 རིན་ཆེན་གཏེར་མཛོད།》 བཅས་ཡིན། གཞན་ཡང་སྔ་འགྱུར་གྱི་གདམས་པ་མང་པོའི་གཏེར་བཞེས་པ་དང༌། སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་ཉམས་གསོ། དགེ་འདུན་གྱི་སྡེ་མང་པོར་བསྙེན་བཀུར་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས། དགུང་གྲངས་གྱ་བདུན་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་སྤྱི་ལོ་1894ལོར་ཐུགས་ཀྱི་དགོངས་པ་གཞན་དོན་དུ་གཤེགས་སོ། །
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི། མདོ་ཁམས་ས་སྐྱོང་སྡེ་དགེའི་མངའ་ཁུལ་ཆུ་བཞིར་གྲགས་པའི་ནང་གསེས་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ། ཡ་ཆུའི་དིང་ཆུང་ཞེས་པའི་གནས་སུ་རབ་བྱུང་14པའི་མེ་ཕོ་རྟ་(སྤྱི་ལོ་1846)ལོར་སྔ་ནས་སྨན་རྒྱུད་མ་ཆད་པའི་ཁྱིམ་དུ་ཡབ་སྨན་པ་འཇུ་མགོན་པོ་དར་རྒྱས་དང་། ཡུམ་སྲིང་ཆུང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཕུ་བོ་སྒྲུབ་མཆོག་པདྨ་དར་རྒྱས་ཀྱིས་མཚན་མི་ཕམ་རྒྱ་མཚོར་གསོལ། དགུང་ལོ་བདུན་བརྒྱད་སྐོར་ནས་འབྲི་ཀློག་མཐར་ཕྱིན། གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ། རྫ་དཔལ་སྤྲུལ་ཆོས་ཀྱི་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། མཁན་པོ་པདྨ་བཛྲ། ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྩལ་སོགས་མཁས་གྲུབ་མང་པོར་བསྟེན། བོད་ལ་ཡོངས་སུ་ གྲགས་པའི་རིག་གནས་སྤྱི་དང་། བྱེ་བྲག་གྲགས་སོ་ཅོག་གི་གསོ་དཔྱད་སྐོར་གྱི་རྒྱུད་གཞུང་ལག་ལེན་མན་ངག་དང་བཅས་པ་མྱོང་གོམས་ཐོན་ངེས་ཀྱི་གསན་སྦྱངས་མཐར་ཕྱིན་པ་གནང་། སྐུ་ཚེ་ཧྲིལ་པོར་གཞན་ཕན་ཁོ་ནར་བརྩོན། ལྷག་པར་དུ་ཀཿཐོག་རྡོ་རྗེ་གདན་དུ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པའི་བཤད་གྲྭའི་གཙོ་སྐྱོང་གནང་། རྒྱུད་འཛིན་གྱི་སློབ་མ་མཁས་ཆེན་ཞེ་ཆེན་རྒྱལ་ཚབ། རྗེ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། མཁན་ཆེན་ཀུན་གསལ་སོགས་མཁས་གྲུབ་སློབ་མ་ཤིན་ཏུ་མང་། ལྷག་པར་དུ་ཀཿཐོག་སི་ཏི་ཆོས་ཀྱི་རྒྱ་མཚོས་ཀཿཐོག་རྡོ་རྗེའི་གདན་དུ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པའི་བཤད་གྲྭའི་གཙོ་སྐྱོང་གནང་བ་མ་ཟད་དེའི་སྲོལ་རྒྱུན་གྱིས་སློབ་གྲྭ་འཕེལ་རྒྱས་བཏང་སྟེ། གསོ་རིག་གི་ཡིག་ཆ་ཁ་ཤས་བརྩམས། དགེ་རྩེ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་དེའི་རྒྱུན་བསྐྱངས་ནས་སྨན་དོན་གྱི་ཕྲིན་ལས་རྒྱ་ཆེར་མཛད། གསོ་རིག་རྒྱུད་བཞིའི་སྤྱི་དོན་པདྨ་རྭ་གའི་ལྡེ་མིག་སོགས་བསྟན་བཅོས་བརྩམས་ཏེ་སློབ་གྲྭ་དར་རྒྱས་བཏང་བ་ད་ལྟའི་བར་མ་ཉམས་གནས་པ་དང་། དེ་ལས་བྱུང་བའི་ཚེ་རིག་འཛིན་པ་འགའ་ཞིག་ད་ལྟའང་ཡོད་དོ། །གཞན་ཡང་གསོ་རིག་སྐོར་ལ་རྒྱུད་བཞིའི་བཀའ་མཆན་དང་། ཕྱི་རྒྱུད་རྩ་ཆུའི་འགྲེལ་པ། གཅེས་བསྡུས་ཕན་བདེའི་བང་མཛོད། ཤོག་དྲིལ་སྐོར་གསུམ་གྱི་མན་ངག་སྐོར། ནད་སྣ་ཚོགས་ཀྱི་འཁྱུད་དཔྱད། དངུལ་ཆུ་བཙོ་བཀྲུའི་རྟོགས་བརྗོད་སོགས་མདོ་སྔགས་རིག་གནས་སྤྱི་བྱེ་བྲག་གི་དགོངས་འགྲེལ་བསྟན་བཅོས་པོ་ཏི་32སྐོར་བརྩམས་པ་དག་ཟབ་ཁྱད་ལྡན་ཞིང་མཁས་ཀུན་དགའ་བའི་གཞུང་ཁོ་ནར་ངེས། དགུང་གྲངས་རེ་བདུན་པ་(སྤྱི་ལོ་1912)ལོར་སྐུ་གཤེགས་སོ། །
ཞྭ་ཆེན་ལྷ་རྗེ།
ཞྭ་ཆེན་ལྷ་རྗེའམ་སྡེ་དགེའི་སྨན་བླ་རིན་ཆེན་འོད་ཟེར་ཞེས་པ་འདི་རབ་བྱུང་15པའི་ཆུ་བྱ་( སྤྱི་ལོ་1873 )ལོར་མདོ་ཁམས་སྡེ་དགེ་ལྕང་ར་ཕོ་བྲང་གི་ཉེ་འདབས་ལྷ་དབང་ཐང་ཞེས་པའི་གྲོང་སྡེའི་ནང་ཞྭ་ཆེན་ཚང་དུ་སྐུ་འཁྲུངས། ཁོང་དགུང་ལོ་བཅུ་གསུམ་ཙམ་ནས་འཇམ་མགོན་བློ་གྲོས་མཐའ་ཡས། དཔལ་སྤུངས་མཁན་ཆེན་བཀྲ་ཤིས་འོད་ཟེར། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་སོགས་མཁས་གྲུབ་དམ་པ་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་ལ་གསན་བསམ་རྒྱ་ཆེར་གནང་ནས་མཁས་པར་གྱུར། ལྷག་པར་དུ་གསོ་རིག་གཞུང་ལུགས་ལག་ལེན་བཅས་ལ་མཁས་པའི་གྲགས་པ་ཐོབ། སྡེ་དགེའི་ཆོས་རྒྱལ་ཆེན་པོའི་བླའི་སྨན་པར་དབང་བསྐུར། མཁས་ལ་གཤིས་བཟང་བས་ཀུན་གྱིས་ཞྭ་ཆེན་བླ་སྨན་པ་ཞེས་བཀུར་བཟོས་ཆེ་ཞིང་སྙན་གྲགས་རྒྱས། རྩོམ་ཡིག་ཀྱང་གསོ་རིག་སྐོར་ལ། རྩ་རྒྱུད་འགྲེལ་པ་རབ་དྭངས་ཆུ་ཤེལ་མེ་ལོང་། བཤད་རྒྱུད་འགྲེལ་པ་དོན་གསལ་རབ་སྣང་། དེ་དག་གི་བསྡུས་དོན་བརྗེད་ངས་མུན་འཕྲོག ཕྱི་རྒྱུད་འགྲེལ་པ་ལག་ལེན་གསལ་བྱེད། གཅེས་བཏུས་བདུད་རྩིའི་གཏེར་མཛོད་དམ་མན་ངག་རོལ་མཚོ་ཞེས་པའི་ཟབ་པ་ལག་ལེན་སྐོར་གྱི་ཉམས་ཡིག་ཤིན་ཏུ་ལེགས་པ་བརྩམས་ཡོད། འདི་བོད་ལྗོངས་སྨན་རྩིས་ཁང་གི་སྨན་སྦྱོར་གྱི་ལག་ལེན་བྱེད་ས་གཙོ་བོའི་གྲས་ཤིག་ཡིན། གཞན་ཡང་སྙན་ངག་དཔེར་བརྗོད་སྐར་རྩིས་ཀྱི་ལག་ལེན་སོགས་བསྟན་བཅོས་འགའ་རེ་བརྩམས་པ་མཛད། སློབ་མའང་ཀེ་སྲིབ་བླ་མ་པ་སངས། ཀརྨ་དགའ་བའི་དབང་པོ། གནས་ར་ཀུན་དགའ་སེང་གེ་སོགས་གསོ་རིག་ལ་མཁས་པའི་སློབ་མ་ཁག་གཅིག་གསོ་སྐྱོང་བྱས་ཡོད། རབ་བྱུང་16པའི་ལྕགས་སྦྲུལ་(སྤྱི་ལོ1941 )ལ་སྐུ་འདས་པ་བཅས་སོ། །