སྡེ་དགེའི་ཟུར་ལུགས་བོད་སྨན་དར་ཚུལ་ཅུང་ཟད་བརྗོད་པ་དྲང་སྲོང་དགྱེས་པའི་འཛུམ་ཟེར།

བདུད་འདུལ། ལྷོ་ནུབ་མི་རིགས་སློབ་ཆེན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


གངས་ཅན་གསོ་རིག་ཀུན་གསལ་ཡངས་པའི་ངོས། །བརྒྱུད་པའི་འོད་སྣང་འབུམ་གྱིས་རབ་འཁྱུད་པའི། །བྱང་ཟུར་བཀའ་སྲོལ་ཉི་ཟླ་རྣམ་གཉིས་ཟུང་། །ནོར་འཛིན་དགའ་མའི་རྒྱན་དུ་རྣམ་པར་བཀྲ །གཞུང་ལུགས་རྣམ་པར་དཔྱོད་ལ་བྱང་པ་མཁས། །མན་ངག་ལག་ལེན་སྤེལ་ལ་ཟུར་ལུགས་ཞེས། །སྔོན་གྱི་མཁས་མང་ཁྲོད་ན་རླུང་ལྟར་གྲགས། །དེ་ལས་ཟུར་ལུགས་སྤྱི་བྱེར་ཅུང་ཞིག་གླེང་། །དེ་ལ་འདིར་ཟུར་ལུགས་བོད་སྨན་བྱུང་ཚུལ་དང་། ཟུར་ལུགས་བོད་སྨན་གྱི་ཁྱད་ཆོས། ཟུར་ལུགས་བོད་སྨན་གྱི་རྒྱུད་འཛིན་པ་བཅས་སྡེ་ཚན་རྣམ་པ་གསུམ་གྱི་སྒོ་ནས་མདོ་ཁམས་སྡེ་དགེར་དར་བའི་ཟུར་ལུགས་ཁྱད་ཆོས་ལ་དམིགས་སུ་འཛིན་ནས་ཅུང་ཟད་བཀོད་པ་ལ།

གཅིག ཟུར་ལུགས་བོད་སྨན་བྱུང་ཚུལ།

སྡེ་དགེའི་བོད་སྨན་ནི་བོད་ཀྱི་གསོ་རིག་སྤྱི་དང་ཁྱད་པར་ཟུར་ལུགས་མཐོང་བརྒྱུད་མན་ངག་ཞལ་ཤེས་རྣམས་འཛིན་སྐྱོང་སྤེལ་བའི་རྒྱུན་སྲོལ་ལེགས་པར་འཛིན་པ་ཞིག་སྟེ། དེ་ཡང་ཐོག་མར་དུས་རབས་བཅུ་གཅིག་པར་བྱོན་པའི་དྭགས་པོ་ལྷ་རྗེས་ལྷ་རྗེ་རྣམ་གསུམ་ལ་བསྟེན་ནས་སྨན་གཞུང་པོད་གསུམ་ལོངས་པའི་དྭགས་པོའི་འཐོར་འབུམ་དང་། སྨན་སྦྱོར་དྭགས་པོའི་སྨན་ནག་གམ་བཅོ་ལྔ་དྲག་སྦྱོར་སོགས་གསར་དུ་སྤེལ། དེ་ནས་རིམ་བཞིན་སྐུ་ཉིད་ཀྱི་སློབ་མའི་ཐུ་བོ་ཕག་གྲུ་རྡོ་རྗེ་རྒྱལ་པོ་དང་ཞང་སྨན་ནག་པར་བརྒྱུད། དེ་རྗེས་རིན་ཆེན་དངུལ་ཆུ་སྦྱོར་བའི་ཞལ་ཤེས་ཟབ་ཁྱད་ཅན་རྩལ་དུ་བཏོན་མཁན་མཁས་གྲུབ་ཨོ་རྒྱན་རིན་ཆེན་དཔལ། དེའི་སློབ་མ་རྒྱལ་དབང་ཀརྨ་པ་རང་བྱུང་རྡོ་རྗེས་སྨན་སྣ་བརྒྱད་བརྒྱ་ལྷག་གི་ནུས་པ་གསལ་བཤད་གནང་བའི་སྨན་མིང་རྒྱ་མཚོ་སོགས་ལ་བསྟེན་ནས་ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཡབ་ཆེན་རིན་ཆེན་ཕུན་ཚོགས་བར་བརྒྱུད་པའི་ཟམ་མ་ཆད་པར་བྱུང་ནས་ཟུར་ལུགས་འབྱུང་གཞིའི་རྩ་བ་བརྟན་པོར་ཚུགས། སྤྱི་ལོའི་དུས་རབས་བཅོ་ལྔ་པ་སྟེ་1439ལོར་ཀོང་པོ་སྣང་རྫོང་དུ་འཁྲུངས་པའི་ཟུར་མཁར་མཉམ་ཉིད་རྡོ་རྗེས་ཟུར་ལུགས་ཀྱི་རྒྱུན་སྲོལ་དངོས་སུ་གསར་གཏོད་གནང་། ཁོང་སྐུ་ན་གཞོན་པ་དགུང་གྲངས་སོ་བདུན་ལས་མ་བཞུགས་ན་ཡང་། ཆུང་དུས་ནས་རིག་པ་རྣོ་བ་དང་སྤྱོད་པ་བཟང་བ་སོགས་ཀྱི་ངོ་མཚར་བའི་རྟགས་དུ་མ་ལྷན་སྐྱེས་སུ་མངའ་བས། ཡུལ་མིས་བྱིས་པ་འདི་ཆོས་ཀྱི་རྗེ་བོར་ཡོང་རྒྱུར་གདོན་མི་ཟ་ཞེས་ཨ་བོ་ཆོས་རྗེ་ཞེས་པའི་མཚན་གསོལ། དགུང་གྲངས་བཅུ་བཞི་བཞེས་སྐབས་ཤེས་རབ་ཀྱི་རྣམ་དཔྱོད་ཡངས་པོས་བྱང་པ་མིའི་ཉི་མ་མཐོང་བ་དོན་ལྡན་ལ་དཔལ་ལྡན་རྒྱུད་བཞིའི་དཀའ་གནད་སྐོར་གྱི་དྲི་བ་དང་བགྲོ་གླེང་གནང་། དགུང་གྲངས་བཅུ་དྲུག་སྐབས་མ་ཡུམ་གཉན་རིམས་ནད་ཀྱིས་གཙེས་པ་གསོ་བཅོས་ལེགས་པར་གནང་ནས་ལེ་ཚན་བཞི་བརྒྱ་ལྷག་འདུས་པའི་མན་ངག་བྱེ་བ་རིང་བསྲེལ་རྩོམ་པའི་དབུ་ཚུགས། ད་དུང་སྔ་རྗེས་སུ་སྨན་རྫས་རིག་པའི་བསྟན་བཅོས་སྨན་ངོ་གསལ་བྱེད་སོགས་མང་དུ་བརྩམས། མཐར་ཕྱིན་གྱི་སློབ་མ་བཞི་སོགས་མཁས་པའི་མངའ་བརྙེས་པའི་སློབ་མ་གྲངས་མང་གསོ་སྐྱོང་གནང་ནས་གསོ་རིག་བསྟན་པ་ཉིན་མོ་བཞིན་གསལ་བར་མཛད།

སྡེ་དགེའི་ཟུར་ལུགས་བོད་སྨན་ནི་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ནས་དབུ་བརྙེས་པ་སྟེ། རྗེ་འདིས་ཟུར་ལུགས་བརྒྱུད་པའི་ཁུངས་བཙུན་ལ་མཁས་པར་གྲགས་ཤིང་གྲུབ་པའི་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་བླ་སྨན་པ་སྒར་འོག་པ་ཀརྨ་བསྟན་འཕེལ་དང་། འབྲི་གུང་ཚེ་དབང་བརྟན་པའི་སློབ་མ་དཔོན་ཚང་ཡེ་ཤེས། སྔགས་གྲྭ་ཨེམ་ཆི་ཀརྨ་བསམ་འགྲུབ་བམ་ངར་ཕུག་ཨེམ་ཆི་སོགས་གསོ་རིག་ཡོངས་འཛིན་དུ་བསྟེན་ནས་གཞུང་ལུགས་ལག་ལེན་གང་ལ་ཡང་མི་འཇིགས་པའི་མཁས་པ་ཆེན་པོའི་མངའ་བརྙེས་པས་སྨན་པའི་རྒྱལ་པོ་སངས་རྒྱས་སྨན་གྱི་བླ་མ་དང་དབྱེར་མ་མཆིས་པའི་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཅེས་པའི་མཚན་གྱི་ཅོད་པན་བཞེས། གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་སྨན་པའི་འཛིན་གྲྭ་བཙུགས་ནས་གསོ་རིག་འཆད་ཉན་གྱི་རྒྱུན་བསྐྱངས། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོར་དཔལ་ལྡན་རྒྱུད་བཞི་དང་མན་ངག་བྱེ་བ་རིང་བསྲེལ་སོགས་གསོ་རིག་སྐོར་གྱི་ཤིང་པར་གྲངས་མང་བཞེངས་པར་ཞུས་ཆེན་མཛད། རྒྱ་དཀར་ནག་བལ་པོ་བཅས་སུ་ཐེངས་མང་ཕེབས་པ་དང་། བྱང་ཟུར་སོ་སོའི་ལུགས་ལ་མཁས་པའི་སྨན་པ་རྣམས་ལ་གཏུགས་ནས་སྨན་རྫས་ངོས་འཛིན་ལ་དག་ཐེར་དང་གཏན་འབེབས་ཚད་ལྡན་གནང་། གང་གི་ཐུགས་ཀྱི་ཟགས་མེད་ཡེ་ཤེས་ཀློང་ནས་འཁྲུངས་པའི་གསུང་གི་བདུད་རྩི་དག་སྐལ་ལྡན་སློབ་ཚོགས་ལ་རྗེས་སུ་བསྩལ་ཚུལ་ཡང་། དཔལ་ལྡན་རྒྱུད་བཞིའི་དཀའ་འགྲེལ་སྐོར་གླིང་སྨན་བཀྲ་འབུམ་པས་ཡི་གེར་ཕབ། སྨན་ངོ་ངོས་འཛིན་དང་མན་ངག་ཞལ་ཤེས། ལོ་རྒྱུས་ཕྲན་ཚེགས་སྐོར་འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་ཟིན་བྲིས་སུ་བཏབ། སྨན་སྦྱོར་ཞལ་ཤེས་སྐོར་སྟོང་ནག་བསྟན་འཛིན་རབ་རྒྱས་སམ་འབྲོང་སྨན་ཀརྨ་རིན་རྒྱལ་ལ་གནང་། རིན་ཆེན་དངུལ་ཆུ་བཙོ་ཐལ་དང་ལྕགས་ཁམས་ཐལ་བཟོའི་རིགས་རྣམས་སྡེ་དགེའི་དྲུང་ཡིག་གུ་རུ་འཕེལ་གྱིས་ཟིན་བྲིས་སུ་བཀོད། མགོ་བོའི་རྨ་བཅོས་སོགས་དཔྱད་ཀྱི་ལག་ལེན་དམར་ཁྲིད་སྐོར་རྗེ་དབོན་བསམ་གཏན་ལ་གདམས། གཞུང་ལུགས་གདམས་ངག་སྐོར་རྗེ་དབོན་ངེས་ལེགས་ཀྱིས་རྗེས་སུ་འཛིན། སི་ཏུ་རང་ཉིད་ཀྱིས་རིན་ཆེན་རིགས་ཀྱི་སྦྱོར་བའི་ཟིན་བྲིས་དང་བོད་སྨན་དུ་མ་འདུས་པའི་རྒྱ་ནག་ལུགས་ཀྱི་རྩ་དཔྱད་དང་འབྲུམ་བཅོས་སོགས་གསར་བརྩམས་གནང་བས་ཕྱོགས་གཅིག་ཙམ་མ་ཡིན་པར་ཁྱོན་ཡོངས་སུ་ལུགས་འདིའི་སྒོ་འཕར་ཡངས་པོར་ཕྱེས།

གཉིས། ཟུར་ལུགས་བོད་སྨན་གྱི་ཁྱད་ཆོས།

དེ་ལ་སྤྱིར་ནང་གསེས་ཁྱད་པར་གྱི་དབྱེ་བ་གང་འདྲ་ཡོད་པ་དང་བྱེ་བྲག་སྡེ་དགེའི་ཟུར་ལུགས་ཀྱི་ཁྱད་ཆོས་གཉིས་སུ་བགོས་ཏེ་བཀོད་པར་བྱ་བ་ལ།

1.བྱང་ཟུར་གྱི་ཁྱད་པར་ནི་གསོ་རིག་གཞུང་ལུགས་ཀུན་གྱི་རྒྱལ་པོ་ལྟ་བུར་གྱུར་པའི་དཔལ་ལྡན་རྒྱུད་བཞིའི་འགྲེལ་སྟངས་དང་སྨན་རྫས་ཀྱི་ངོས་འཛིན། སྨན་སྦྱོར་གྱི་མན་ངག་ཞལ་ཤེས། དཔྱད་བཅོས་ཀྱི་ལག་ལེན་སོགས་ལ་སོ་སོའི་སློབ་དཔོན་ནས་སྙན་ནས་སྙན་ཁུང་དུ་བརྒྱུད་པའི་ཐུན་མིན་གྱི་བཞེད་སྲོལ་ཡོད་པ་ལ་བརྟེན་ནས་བྱུང་བའམ་གྱེས་པ་ཞིག་རེད། སྤྱིར་ཟུར་ལུགས་ཀྱི་སྲོལ་རྒྱུན་ནི་རྒྱལ་བ་ལྔ་པའི་བླ་སྨན་པ་དར་མོ་བློ་བཟང་ཆོས་གྲགས་ཀྱི་བརྒྱུད་པ་གཙོ་བོ་ཟུར་ལུགས་ཡིན་པ་དང་། དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཀྱང་བྱང་ཟུར་དགོངས་བསྒྲིལ་དུ་གནང་ནས་མ་ཁྱབ་ས་མེད་པ་ལྟ་བུར་གྱུར་ན་ཡང་། དམིགས་བསལ་ཟུར་ལུགས་རྐྱང་པའི་བརྒྱུད་པའི་བཀའ་སྲོལ་ཅུང་ཟད་མི་འདྲ་བ་དུ་མ་རུ་གྱེས་པ་ནི། ཟུར་མཁར་བ་ཕྱི་མ་བློ་གྲོས་རྒྱལ་པོས་ཟུར་མཁར་སྔ་མའི་རྒྱུན་སྲོལ་རྐང་འཛིན་གྱི་ཁྱད་ཆོས་འབུར་ཐོན་ཡོད་པ་དང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་ལག་ལེན་མཐར་ཕྱིན་སློབ་མ་ཚེ་འབུམ་རྡོ་རྗེའི་སློབ་མ་ལྷོ་ཁའི་བྱར་ཡུལ་འཁྲུངས་པའི་བྱར་པོ་པཎ་ཆེན་ལས་བརྒྱུད་པའི་ལྷོ་ལུགས། འཕྲིན་ལས་མཐར་ཕྱིན་གྱི་སློབ་མ་འཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱི་སློབ་མ་ཀོང་པོའི་སྟོད་ཀྱི་ཆར་གཏོགས་རྐྱེན་པའམ་སྐྱེམ་ཡུལ་དུ་འཁྲུངས་པའི་སྐྱེམ་པ་ཚེ་དབང་གི་ལུགས། འཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱི་ཡང་སློབ་ཀོང་སྨན་དཀོན་མཆོག་རྒྱལ་མཚན་གྱི་སློབ་མ་འབྲི་གུང་ཆོས་ཀྱི་གྲགས་པ་ལས་འབྲི་ལུགས། འབྲི་གུང་དཔོ་ཚང་ཡེ་ཤེས་སོགས་ལས་བརྒྱུད་པའི་སི་ཏུ་ཆོས་འབྱུང་སློབ་ཚོགས་དང་བཅས་པ་ལས་ཁམས་ཀྱི་ཟུར་ལུགས་སམ་སྡེ་དགེའི་ཟུར་ལུགས་རྣམས་ཡོད།

2.སྡེ་དགེའི་ཟུར་ལུགས་བོད་སྨན་གྱི་ཁྱད་ཆོས། གཅིག་ནི་གསོ་རིག་གཞུང་ལུགས་ཆེན་མོ་དཔལ་ལྡན་རྒྱུད་བཞི་ཉིད་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པར་བཞེད་པ་དང་དེའི་དཀའ་གནད་སྐོར་གྱི་འགྲེལ་ཚུལ་ལ་ཡང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། གཉིས་ནི་བོད་སྨན་པ་ཀུན་གྱི་ཁོག་པའི་སྙིང་ངམ་དཔྲལ་བའི་མིག་ལྟར་གྱུར་པ་ནམ་རྒྱུན་སྨན་དཔྱད་ལག་ལེན་ལ་ཡོད་ན་དེས་ཆོག་མེད་ན་ཐབས་ཆག་ཏུ་གྱུར་པའི་ཀོང་སྤྲུལ་ཟིན་ཏིག་མ་ཡིག་བུ་ཡིག་ཡང་ཡིག་བཅས་པ་དང་། ད་རུང་སྦྱོར་ཚད་ཀྱི་ཞལ་གསལ་ཞིང་ནད་ཐོག་ལ་ཕན་ནུས་ཡག་པོ་ཡོད་པའི་གཅེས་བསྡུས་འཆི་མེད་ནོར་ཕྲེང་མ་བུ་དང་། གཞན་ཡང་དབོན་ཀརྨ་ངེས་ལེགས་ཀྱི་སྨན་བསྡུས་ཨེ་ཝམ། གླིང་སྨན་བཀྲ་འབུམ་གྱི་ཉམས་ཡིག་ཞལ་ཤེས་སོགས་ཉམས་ཡིག་གཅེས་བསྡུས་རྩ་ཆེན་སྐོར་མང་དུ་ཡོད། གསུམ་ནི་སྨན་སྦྱོར་ཀུན་གྱི་རྒྱལ་པོ་ལྟར་གྱུར་པའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་ལྕགས་ཁམས་ཐལ་བཟོའི་ལག་ལེན་ཁག་རྒྱུན་ཆད་ལ་ཁད་དུ་གྱུར་པའི་སྐབས། འཆི་ཁ་མའི་སྲོག་མཐུད་པ་ཇི་བཞིན་དུ་ཡང་བསྐྱར་དེའི་རྒྱུན་ཁ་རྣམ་པར་དག་པ་བསྐྱངས་ཡོད་པ་སྟེ། རབ་བྱུང་བཅུ་གསུམ་པའི་མེ་ཕག་སྤྱི་ལོ་1747ལོར་ཀུན་མཁྱེན་ཆོས་འབྱུང་གིས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྦྱིན་པའི་བདག་པོ་ལ་བརྟེན་ནས་སྡེ་དགེ་ཛམ་ཐོག་སྟེ་དེང་གི་འཇོ་མདའ་ཀམ་ཐོག་ལ་དངུལ་ཆུ་བཙོ་བཀྲུ་དང་ལྕགས་ཁམས་ཐལ་བཟོ། རིན་ཆེན་རིགས་ཀྱི་སྦྱོར་བའི་སྐོར་རྣམས་ཕྱག་ལེན་རྒྱ་ཆེར་བསྟར་བ་དང་། རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་སྤྱི་ལོ་1872ལོར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་སྐབས་དེའི་བོད་ཀྱི་བཀའ་བློན་ཀྱི་གདན་ཞུས་ལྟར་ཉག་ཤོད་རི་རྒྱལ་དགའ་ལྡན་ཀུན་ཁྱབ་རྫོང་སྟེ་དེང་གི་ཉག་རོང་རྫོང་གྲོང་དུ་དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་རིགས་ཀྱི་སྦྱོར་བའི་རྣམ་གྲངས་གྲངས་མང་སྤེལ། བཞི་ནི་སྨན་རྫས་ངོས་འཛིན་ཐད་ལ་སྔོ་སྨན་བྱ་ཕོ་ཙི་ཙི་ལྟ་བུ་ལ་ཆ་མཚོན་ན་བྱང་ལུགས་ཀྱིས་སྲད་དམར་དར་གྱི་རྒྱལ་མཚན་འདྲ་ཞེས་པ་དེ་དང་། ཟུར་ལུགས་ཀྱིས་མེ་ཏོག་དམར་པོ་སྤང་རྒྱན་འདྲ་བ་ཤིང་མ་ལྡུམ་བྱིས་སྤེན་པ་ཟེར་བ་དེར་ངོས་འཛིན་པ། སྡེ་སྲིད་ཀྱི་བེེ་སྔོན་དུ་ཨའུ་རྩི་ཞེས་ཨ་བྷི་ཁའི་རིགས་ལ་མཛད་པ་དང་། དཔལ་སྤུངས་ཕྱོགས་ཀྱི་གསོ་འཛིན་སློབ་དཔོན་གྱི་ཁྲིད་རྒྱུན་ནམ་ཕྱག་བཞེས་ལ་རྩི་ཤིང་རྐང་སྡོང་བོངས་ཐུང་ལ་མེ་ཏོག་དམར་པོ་འཆར་བ་གླང་སྣ་དམར་པོ་དང་ཕྱོགས་འདྲ་བ་ཞིག་ལ་ངོས་འཛིན་བྱེད་པ་དང་། དེ་བཞིན་ཏིག་ཏའི་རིགས་ཀུན་ལས་ལྕགས་ཏིག་རྭ་མགོ་ལ་ཆོས་འབྱུང་ཏིག་ཏ་ཞེས་ནུས་པ་བཟང་གྲས་སུ་བརྩི་བ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་དུ་བདོག །ལྔ་ནི་དཔྱད་ཀྱི་ལག་ལེན་སྐོར་གྱི་གཏར་རྩའི་སྐབས་སུ་ཡོངས་གྲགས་ལ་ཕྱི་རྒྱུད་ཀྱི་གཏར་རྩ་དོན་བདུན་ཡོད་པ་དང་། གླིང་སྨན་བཀྲ་འབུམ་གྱིས་དེའི་ཁར་མན་རྒྱུད་ཀྱི་གཏར་རྩ་ཐོད་པའི་དཔྲལ་རྩ་དང་། མཚུལ་པའི་འགྲམ་གྱི་མཚུལ་རྩ་ནག་པོ་གཉིས། པུས་མོའི་ནང་ལོགས་ནས་གྱེན་དུ་གཞལ་བའི་བརླའི་རྩ་བོ་ཆེ་གཉིས། རྐང་པའི་མཐེ་བོང་ལྟག་གི་དྲེག་རྩ་གཉིས་བཅས་བསྣན་པས་ལག་ཏུ་ལེན་པའི་གཏར་རྩ་བརྒྱད་ཅུ་བཞི་ཞེས་དེ་དག་གི་གཏར་གནས་དང་ཕན་ནུས་བཅས་གསལ་པོར་གསུངས་པ་སོགས་སྨན་དཔྱད་གང་གི་ཐད་ནས་ཀྱང་མི་འདྲ་སའི་དགེ་མཚན་མང་།

གསུམ། ཟུར་ལུགས་བོད་སྨན་གྱི་རྒྱུད་འཛིན་པ།

ཁམས་ཕྱོགས་ཀྱི་ཟུར་ལུགས་ཕྱག་བཞེས་སྲོལ་གཏོད་པ་པོ་ནི་སི་ཏུ་པཎ་ཆེན་ནམ་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཉིད་ཡིན་ལ། དེ་ལས་མཆེད་པའི་རྒྱུན་སྲོལ་དར་སྤེལ་གཏོང་མཁན་གྱི་རྒྱུད་འཛིན་པ་ལ་ཡང་བོད་སྨན་མཁས་པ་མི་དགུའི་གྲངས་འདྲེན་བྱ་ཆོག་སྟེ། དེ་དག་ཕེབས་པའི་དུས་ཚོད་དུས་རབས་བཅོ་བརྒྱད་ནས་བཅུ་དགུ་བར་གྱི་དུས་སྟོད་སྨད་བར་གསུམ་དང་བསྟུན་ནས་བཀོད་ན། སྟོད་ཀྱི་མཁས་པ་གསུམ་ནི་རྗེ་དབོན་བསམ་གཏན་དང་། ཀརྨ་ངེས་ལེགས། འབེ་ལོ་ཚེ་དབང་ཀུན་ཁྱབ་གསུམ་མོ། བར་གྱི་མཁས་པ་གསུམ་ནི་གླིང་སྨན་བཀྲ་ཤིས། སྟོང་ནགས་བསྟན་འཛིན་རབ་རྒྱས། ཀརྨ་ངེས་དོན་བསྟན་འཛིན་གསུམ་མོ། སྨད་ཀྱི་མཁས་པ་གསུམ་ནི་འཇམ་མགོན་བློ་གྲོས་མཐའ་ཡས། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་གསུམ་མོ། དེ་ལས་དང་པོ་དབོན་ཀརྨ་ངེས་ལེགས་རབ་བྱུང་བཅུ་གཉིས་པའི་ཤིང་བྱ་སྤྱི་ལོ་1705ལོར་སྐུ་འཁྲུངས། ནད་བརྟག་ཐབས་དང་སྨན་སྦྱོར་བྱ་ཐབས་ཀྱི་སྨན་བསྡུས་ཨེ་ཝམ་པོད་ཆེན་གཉིས་དང་རྩིས་གཞུང་ཉེར་མཁོ་བུམ་བཟང་བཅས་བརྩམས། སྨན་རྩིས་བསྟན་པ་གོང་དུ་སྤེལ་བར་མཛད་རྗེས་བསྒྲུན་དུ་མེད་པར་འཇོག དགུང་གྲངས་ང་ལྔ་པར་དགོངས་པ་གཤེགས། གཉིས་པ་རྗེ་དབོན་བསམ་གཏན་རབ་བྱུང་བཅུ་གཉིས་པའི་ས་བྱི་སྤྱི་ལོ་1078ལོར་སྐུ་འཁྲུངས། དོན་སྣོད་ནང་སྐྲན་ལ་ཐུར་མ་འཕེན་པ། མིག་དབྱེ་བ། མགོ་ཆག་གསོ་བ་སོགས་ཀྱི་སྨན་དཔྱད་ལ་ཤིན་ཏུ་མཁས། སློབ་མའི་གཙོ་བོ་ལ་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་དང་། སྡེ་དགེ་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་བྱུང་། དགུང་གྲངས་དོན་བཞི་བཞེས་པའི་ལོ་དེར་འདས། གསུམ་པ་འབེ་ལོ་ཚེ་དབང་ཀུན་ཁྱབ་རབ་བྱུང་བཅུ་གཉིས་པའི་ས་ཁྱི་སྤྱི་ལོ་1718ལོར་སྐུ་འཁྲུངས། བོད་ཀྱི་གསོ་རིག་ལོ་རྒྱུས་ཙམ་མ་ཟད་རྒྱ་དཀར་ནག་གི་གསོ་རིག་ལོ་རྒྱུས་འདུས་པའི་གསོ་བ་རིག་པ་ཁོག་འབུབ་ཀུན་གྱི་བུ་ཡིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་དང་ལས་ལྔའི་རྣམ་བཤད་ཉི་འོད་རབ་གསལ། སྨན་ངོ་ངོས་འཛིན་སོགས་ཀྱི་ཟིན་བྲིས་བཀོད། དགུང་གྲངས་བདུན་ཅུ་སྐོར་བཞུགས། བཞི་པ་གླིང་སྨན་བཀྲ་འབུམ་རབ་བྱུང་བཅུ་གཉིས་པའི་མེ་རྟ་སྤྱི་ལོ་1726ལོར་སྐུ་འཁྲུངས། རྒྱུད་བཞིའི་དཀའ་འགྲེལ་དང་གཅེས་བཏུས་བདུད་རྩིའི་བུམ་བཟང་ཞལ་ཤེས་དང་བཅས་པ་མང་དུ་མཛད། དགུང་གྲངས་དགུ་བཅུ་སྐོར་བཞུགས། སློབ་མའི་ཐུ་བོ་ལ་གུ་རུ་ཚེ་དབང་དང་། དེའི་སློབ་མའི་གཙོ་བོ་ནི་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསོ་རིག་གསན་ཡུལ་གྱི་སློབ་དཔོན་མཁས་དབང་ཀརྨ་ཚེ་དཔལ་ལགས་ཡིན། ལྔ་པ་སྟོང་ནགས་བསྟན་འཛིན་རབ་རྒྱས་སམ་འབྲོང་སྨན་ཀརྨ་རིན་ཆེན་དབང་རྒྱལ་རབ་བྱུང་བཅུ་གསུམ་པའི་ས་འབྲུག་སྤྱི་ལོ་1748ལོར་འཁྲུངས། འབྲོང་སྨན་སྙིང་ཐིག་མ་བུ་བཅུ་གསུམ་དང་། ཞལ་ཤེས་གསང་སྨན་བཅུ་གསུམ་སོགས་ཤོག་དྲིལ་མ་བུ་བཅུ་གསུམ་སྐོར་གྱི་མན་ངག་ཞལ་ཤེས་མང་། གཉན་རིམས་སྨན་རྣམ་རྒྱལ་ཐང་ནག་ཅེས་པ་དེ་སི་ཏུ་ཆོས་འབྱུང་གིས་འདི་ཉིད་ལ་གནང་བའི་གདམས་ངག་རྩ་ཆེན་ཞིག་ཏུ་བརྩི། དྲུག་པ་ཀརྨ་ངེས་དོན་བསྟན་འཛིན་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་སྤྱི་ལོ་1770ལོར་སྐུ་འཁྲུངས། དགུང་ལོ་ཉི་ཤུ་པ་སྟེ་ས་མོ་བྱ་ལོར་ཐུན་མིན་གསང་བའི་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་གཅེས་བསྡུས་འཆི་མེད་ནོར་བུའི་ཕྲེང་བ་ཞེས་པ་དང་རིམ་པས་དེའི་བུ་ཡིག་གི་ཚུལ་དུ་བཀོད་པའི་ལྷན་ཐབས་སྙིང་གི་ནོར་བུ་བཅས་བརྩམས། མདོ་དབུས་སྨན་པ་ཀུན་གྱིས་སྨན་སྦྱོར་དཔེ་ཆ་ཚད་མར་འཛིན། བདུན་པ་འཇམ་མགོན་བློ་གྲོས་མཐའ་ཡས་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་1813ལོར་སྐུ་འཁྲུངས། ཟིན་ཏིག་གཅེས་བསྡུས་བདུད་རྩིའི་ཐིགས་པ་བརྩམས། སློབ་བརྒྱུད་ཀྱིས་བུ་ཡིག་ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད་དང་ཡང་ཏིག་སྨན་སྦྱོར་འཆི་མེད་བདུད་རྩིའི་བཅུད་ལེན་སོགས་མཛད། སློབ་མ་ལ་གནས་གསར་བཀྲ་འཕེལ་སོགས་མང་། དགུང་གྲངས་གྱ་བདུན་པར་དགོངས་པ་རྫོགས། བརྒྱད་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྤྱི་ལོ་1820ལོར་སྐུ་འཁྲུངས། སྡེ་དགེའི་བླ་སྨན་ཆོས་གྲགས་རྒྱ་མཚོ་སོགས་ལས་གསོ་རིག་མཁས་པའི་མངའ་བརྙེས༌། གསོ་རིག་རྒྱུད་བཞིའི་བསྡུས་དོན་སྙིང་པོ། སྨན་སྦྱོར་ཉེར་མཁོ་སྣ་ཚོགས་སོགས་སྨན་དཔྱད་ལེ་ཚན་གྲངས་མང་བརྩམས། དགུང་གྲངས་དོན་གསུམ་པར་སྐུའི་བཀོད་པ་བསྡུས། དགུ་པ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ་1846ལོར་སྐུ་བལྟམས། གསོ་བ་རིག་པའི་མན་ངག་གཅེས་བཏུས་ཕན་བདེའི་བང་མཛོད་དང༌། སྨན་སྦྱོར་བདུད་རྩིའི་ཐིག་ལེ། རྒྱུད་བཞིའི་དཀའ་མཆན། བྱང་ཁོག་ཡུལ་ཐིག །ཕྱི་རྒྱུད་རྩ་ཆུའི་འགྲེལ་པ། ལུས་ལ་ཉེར་མཁོ་སྐབས་བརྒྱད་པ་སོགས་མང་དུ་བརྩམས། དགུང་ལོ་རེ་བདུན་པར་དགོངས་པ་གཤེགས།

གཞན་ཡང་འདི་དག་གི་སློབ་མར་གྱུར་པའི་སྡེ་དགེ་རྒྱལ་རབས་རིམ་བྱོན་གྱི་བླ་སྨན་གུ་རུ་འཕེལ་དང་། ཆོས་གྲགས་རྒྱ་མཚོ། རིན་ཆེན་འོད་ཟེར་སོགས་གསོ་རིག་ལ་མཁས་པ་མང་དུ་བྱུང་བ་ནི་ལོགས་སུ་ཤེས་པར་བྱ་བ་ལས་འདིར་མ་བཀོད།

མདོ་ཁམས་སྡེ་དགེའི་ས་ཡི་ཐིག་ལེ་འདི། །ཐོག་མར་གླིང་ཡུལ་རིམ་གྱིས་སྡེ་བཞི་དང་། །དགེ་བཅུའི་མཚན་མས་ལེགས་འཛིན་མིང་དུ་ཐོགས། །ཐ་མར་རིག་གནས་འབྱུང་ཡུལ་གཙོ་བོར་ཆགས། །ཟུར་ལུགས་བརྒྱུད་པའི་ལོ་རྒྱུས་དོན་གྱི་བཞིན། །མ་རྟོགས་ལོག་རྟོག་སྐྱོན་གྱི་ནག་ནོག་དྲི། །ལུང་རིགས་ཁུངས་ཀྱིས་ཕྱི་བདར་ལེགས་བགྱིས་པའི། གནས་ལུགས་དྭངས་གཙང་མེ་ལོང་འདི་རུ་མཆིས། །

དེ་ལྟའི་ཟུར་ལུགས་བརྒྱུད་པའི་ལོ་རྒྱུས་དང་ཐུན་མིན་གྱི་ཁྱད་ཆོས་སྐོར་གནད་བསྡུས་སུ་བཀོད་པ་འདི་ནི་སྐུལ་ངོར་མ་ལྡོག་ཙམ་དུ་གསོ་རིག་ལ་ཐོས་བསམ་དང་འདྲིས་གོམས་ཅུང་ཟད་མངའ་བའི་དགེ་མིང་འཛིན་པ་བདུད་འདུལ་གྱིས་བྲིས་པས་དགེ་ཞིང་ཤིས་པར་གྱུར་ཅིག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1