ད་ལྟའི་སྡེ་དགེ་སྨན་རྩིས་ཁང་གི་འགོ་གཙོ་བྱང་དགའ།
现任藏医院院长雄呷
སྡེ་དགེ་རྫོང་ཨུའི་ཧྲུའུ་ཅི་དང་དཀར་མཛེས་འཕྲོད་བསྟེན་སློབ་གྲྭའི་སློབ་སྤྱི། སྡེ་དགེ་རྫོང་སློབ་གསོ་ཅུས་ཀྱི་དབུ་ཁྲིད་སོགས་སྡེ་དགེ་རྫོང་སྨན་རྩིས་ཁང་གི་འགན་འཛིན་བྱང་དགའ་ཡི་ཕེབས་རོགས་འོག་སྡེ་དགེ་རྫོང་བོད་སྨན་སློབ་གྲྭར་རྟོག་ཞིབ་ཏུ་ཕེབས་པ།
雄呷院长的陪同、德格县委书记、甘孜卫学校长、德格县教育局等有关领导到藏医院人才培训学校考察
མཐོ་སྒང་གི་དབྱར་ཟླ་དང་པོ་ནི་སྒེག་ཉམས་འབུམ་གྱིས་ཕྱུག་ཅིང་། རི་ཀླུང་ཐང་གསུམ་གྱི་སྐྱེ་དངོས་མཐའ་དག་ལ་གསོན་ཤུགས་རྒྱས་ཏེ་ལྟ་བས་མིག་གིས་མི་བཟོད་པར་སྣང་། ཉིན་གཅིག་ལ་རླངས་འཁོར་བསྡད་ནས་ལེ་དབར་སྟོང་ལ་ཉེ་བ་སྐྱོད་དགོས་ཀྱང་ཕྱི་རོལ་ཡུལ་གྱི་མཛེས་སྡུག་གིས་མྱོས་ནས་ངལ་དུབ་ཀྱི་ཚོར་བར་རྦད་དེ་ཡལ་སོང་། ས་སྲོད་ཙམ་ལ་སྡེ་དགེ་རྫོང་མཁར་དུ་འབྱོར་ཞིང་། ཕྱི་ཉིན་ཉི་མའི་འོད་ཟེར་ལྷུན་པོའི་དབུ་རྩེ་རུ་འཕྲོད་པ་དང་ལྷན་དུ་བཅར་འདྲིར་བྱ་ཡུལ་དུ་བསྐྱོད། སྡེ་དགེ་ལྷུན་གྲུབ་སྟེང་དུ་མདུན་ནས་ཟིལ་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་ཞིང་། རྒྱབ་ཏུ་སྡེ་དགེའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་བོད་ཁང་གིས་ཕྲ་རྒྱན་སྤྲས་པའི་དབུས་སུ་སྡེ་དགེ་རྫོང་སྨན་རྩིས་ཁང་དེ་ཉིད་སྐར་ཚོགས་ཀྱི་ཁྲོད་ན་ཆུ་ཤེལ་དབང་པོས་འཛུམ་ཟེར་ངོམ་པ་དང་ཟླ་བོ་འཁུམས་ཤིང་། ཁོ་ར་ཁོར་ཡུག་མཛེས་ཤིང་ཉམས་དགའ་ལ་བག་ཕེབས་པ། རི་སྐྱེས་སྨན་རྩྭ་དང་བཟང་དྲུག་གི་དྲི་ངད་ཀུན་ཏུ་འཐུལ་བཞིན་འདུག །ང་ཚོ་བཅར་འདྲི་ཚོ་ཆུང་གནས་དེར་སླེབས་མ་ཐག་གཟུགས་སྟོབས་ཆེ་ཞིང་། དཔྲལ་བའི་དབྱེས་ནི་ཉ་གང་ཟླ་བ་འདྲ་བ། གནག་སྣུམ་གྱི་སྨིན་མ་སྟུག་ཅིང་སྣ་ཡི་གཟེངས་མཐོ་བ། ངག་སྒོ་ཡངས་ཤིང་འཛུམ་མདངས་ཆེ་བའི་མིང་དོན་མཚུངས་པའི་ཁམས་པའི་ཕོ་རྒོད་ཅིག་གིས་སྣེ་ལེན་བྱས་བྱུང་། ཁོང་ནི་སྡེ་དགེ་རྫོང་སྨན་རྩིས་ཁང་གི་ད་ལྟའི་འགན་འཛིན་པ་བྱང་དགའ་ཡིན་པ་ཚོར་བས། དྲུང་དུ་བཅར་ནས་རྒྱུས་ལོན་གཏིང་ཟབ་ཞིག་བྱ་རྒྱུའི་འདུན་པ་ཇེ་དྲག་ཏུ་ཕྱིན། དེ་ནས་སྡེ་དགེ་རྫོང་སྨན་རྩིས་ཁང་གི་ཕྱི་ནང་གསང་གསུམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ་སོགས་ལ་རྒྱུས་ལོན་ཞིབ་ཕྲ་བྱེད་ཞོར། ལྷ་རྗེ་བྱང་དགའི་དྲུང་དུ་བཅར་ནས་ཁོང་གི་མི་ཚེའི་རྒྱུད་རིམ་ལ་རྒྱུས་ལོན་བྱ་རྒྱུ་ནི་ངའི་དམིགས་འབེན་དུ་གྱུར་ཡོད་པས། གཞུག་ཏུ་ཁོང་དང་སྡེ་དགེ་སྨན་རྩིས་ཁང་གི་ལས་གྲོགས་ཚོ། དེ་མིན་ཁོང་ལ་རྒྱུས་མངའ་ཆེ་བའི་མི་དག་གིས་བཤད་པའི་ཁོང་གི་མཛད་ཕྲིན་གྱི་ཆ་ཤས་ཙམ་མུ་ཏིག་སྟར་ལ་བརྒྱུས་པ་བཞིན་བཀོད་རྒྱུ་ཡིན།
མེས་པོའི་སྲོལ་བཟང་རྒྱུད་ལ་བཅངས།
རིག་པའི་གནས་ལ་བརྩོན་གྱིས་འཇུག
2004ལོར། ཡུན་ནན་བདེ་ཆེན་ནས་བསྡུས་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་གྲོས་ཚོགས་ལ་ཞུགས་པ།
2004年参加云南迪庆召开的全国藏医会议
བོད་ཀྱི་གསོ་རིག་མཁས་དབང་ཨ་ཁུ་བསྟན་ཁོ་དང་ལྷན་དུ།
和藏医学家旦考
དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཆོས་རྨད་སྡེ་དགེ་སྨན་རྩིས་ཁང་ལ་རྟོག་ཞིབ་དུ་ཕེབས་བཞིན་པ།
陪同甘孜州卫健委曲梅主任视察藏医院基础设施建设
ལངས་བྱམས་དྲུང་འཚོའི་སྨན་རབས་བདུན་པ། ལྷ་རྗེ་བྱང་དགའམ་དངོས་མིང་བྱང་ཆུབ་ཆོས་འཕེལ་ནི་1965ལོར་མདོ་ཁམས་སྡེ་དགེ་སྟེ་ད་ལྟ་སྡེ་དགེ་རྫོང་ལྕང་ར་ཡུལ་ཚོ་ཚེ་ས་ཧྱམ་མདའ་གྲོང་ཞེས་པ་སྨན་རྒྱུད་ཀྱི་བར་མ་ཆད་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་1971ལོར་ཧྱམ་མདའ་སློབ་ཆུང་དུ་ཞུགས་ཤིང་ཟུར་དུ་ཡབ་ཀྱི་དྲུང་ནས་བོད་ཀྱི་སྐད་ཡིག་གི་རྨང་གཞི་དང་དཔལ་ལྡན་གསོ་རིག་རྒྱུད་བཞི་བློ་འཛིན་སོགས་བྱས་པ་དང་། 1976ལོ་ནས་1978ལོའི་བར་ཧྱམ་མདའ་རུ་ཆེན་གྱི་མཉམ་འབྲེལ་སྨན་ཁང་དུ་རྐང་རྗེན་སྨན་པ་མཛད་ནས་དྲུང་འཚོའི་སྨན་རབས་ལྔ་པ་མེས་པོ་ལྷ་རྗེ་སྐལ་བཟང་ཚེ་རིང་དང་ཡབ་ལྷ་རྗེ་བཟོད་པའི་མདུན་ནས་གསོ་རིག་རྒྱུད་བཞི་དང་། ཀོང་སྤྲུལ་ཟིན་ཏིག །ཤེལ་གོང་ཤེལ་ཕྲེང་བཅས་ཀྱི་ཁྲིད་ལུང་དང་། སྨན་རྩ་ངོས་འཛིན། འདུལ་སྦྱོང་ལག་ལེན། གྲྭ་མང་ལྷ་རྗེའི་ནད་སྨན་སྤྲད་པའི་ཉམས་མྱོང་སོགས་བོད་ཀྱི་གསོ་བ་རིག་པའི་རྨང་གཞིའི་ཤེས་བྱ་ལ་སྒོ་ཀུན་ནས་འབད། ཞོར་དུ་སྤྲུལ་སྐུ་ཉི་མ་རྒྱལ་མཚན་མདུན་ནས་ཁྱུང་བྲིས་སྐོར་དང་སྡེ་བྲིས་ཚུགས་ཐུང་ལ་ཐོག་མར་བསླབས། དེ་ནས་1978ལོ་ནས་1980ལོའི་བར་སྡེ་དགེ་ལྷུན་འགྲུབ་སྟེང་དུ་ཕྱིན་ནས་སྡེ་དགེའི་རྒན་རབས་ཀྱི་མཁས་དབང་རྣམ་པའི་མདུན་ནས་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱེད་འགོ་བརྩམས་ཤིང་། སྤྲུལ་པའི་ལྷ་བཟོ་སྤྲུལ་སྐུ་ཐུབ་བསྟན་ཚེ་རིང་དྲུང་ནས་བྲིས་འབུར་ལྷ་ཡི་ཐིག་ཚད་དང་རི་མོའི་སྐོར་བསླབས་པ་དང་མཆོག་སྤྲུལ་ཚ་ཚ་སྒྲུབ་རྒན་དང་ཉི་མ་རྒྱལ་མཚན་རྣམ་གཉིས། སྐུ་ཞབས་པདྨ་བདུད་འདུལ་དང་བརྩོན་འགྲུས་རྡོ་རྗེ། ཀེ་སྲུབ་འུ་ལུ་སོགས་ཀྱི་མདུན་ནས་སྡེ་བྲིས་ཀྱི་བྲིས་རྒྱུན་ཆ་ཚང་བསླབས།
1981ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད་ནས་ཐོག་མར་དཔལ་སྤུངས་བཟོ་རིག་འཛིན་གྲྭར་བཟོ་རྒྱལ་ཐང་ལྷ་ཚེ་དབང་མདུན་ནས་སྐུ་གཟུགས་ཐིག་རྩའི་གཞུང་ལུགས་རི་མོ་བཅས་པ་ཆ་ཚང་དང་། ནག་རྩིས་དང་སུམ་རྟགས་ལན་ཝར་སྐོར་དང་སྡེ་བྲིས་གསར་མའི་བྲིས་རྒྱུན་བཅས་ཆ་ཚང་སྦྱངས། 1982ལོར་ཕྱིར་རྫོགས་ཆེན་དུ་གསོ་རིག་འཛིན་གྲྭར་ཞུགས་ནས་དཔལ་ལྡན་གསོ་རིག་རྒྱུད་བཞི་སོགས་སྨན་རྩིས་སྐོར་གྱི་ཆེད་གཉེར་དང་། ཐུན་མོང་རིག་གནས་སྤྱི་དང་བྱེ་བྲག་སུམ་རྟགས་དག་གསུམ་དང་ལོ་རྒྱུས། ཡིག་གཟུགས་སྣ་ཚོགས་བཅས་ལ་སློབ་གཉེར་གྱི་གོ་སྐབས་ལེགས་པོ་ཐོབ་པར་མ་ཟད། རིས་མེད་སྐྱེས་ཆེན་རྣམས་ཀྱིས་གཞུང་བཀའ་པོད་ལྔ་སོགས་ཀྱི་དགོངས་འགྲེལ་བསྟན་བཅོས་དང་སྔགས་རྒྱུད་སྡེ་བཞི་སོགས་ཀྱི་དབང་ལུང་ཁྲིད་དང་བཅས་པ་ཐོབ། 1982ལོའི་དབྱར་དུས་ཀྱི་གུང་གསེང་སྐབས་སྡེ་དགེ་པར་ཁང་ཆེན་མོས་མཁན་ཆེན་ཁྲོ་རུ་ཚེ་རྣམ་གདན་ཞུས་ལྟར་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་གྲངས་སྦྱོར་ཆེན་མོ་སོགས་རིན་ཆེན་ཁག་བསྡུ་སྦྱོར་དང་། སྡེ་དགེ་བོད་སྨན་ཁང་དུ་དཔལ་ལྡན་གསོ་རིག་རྒྱུད་བཞིའི་ཁྲིད་ལུང་། གཞན་ཡང་རིགས་ལྡན་སྙིང་ཐིག་རི་མོ་བཅས་ཀྱི་མན་ངག་ཟབ་ཁྲིད་ལག་ལེན་དང་བཅས་པ་ཆ་ཚང་བར་ཐོབ།
ཤེས་བྱའི་གནས་ལ་བློ་བསྐྱེད་འཕེལ།
མཛད་ཕྲིན་ཡར་ངོའི་ཟླ་ལ་འགྲན།
1986ལོར་སློབ་མཐར་ཕྱིན་རྗེས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་གསོ་རིག་དང་བཟོ་རིག་བྲིས་གཟུགས་བཅས་ཀྱི་དགེ་རྒན་དང་སློབ་གྲྭའི་སྨན་ཁང་གི་སྨན་པ་མཛད་ནས་མི་ལོ་དྲུག་གི་རིང་ལ་སློབ་མ་གསོ་སྐྱོང་དང་ཉམས་ཐག་ནད་པ་ལ་སྨན་བཅོས་བྱས། 1991ལོའི་ལོ་འགོར་སྡེ་དགེ་པར་ཁང་དུ་ལས་གནས་སྤོས་ཏེ་པར་ཁང་སྨན་ཁང་གི་འགན་ཁུར་ནས་སྨན་བཅོས་ལག་ལེན་སྡེབ་སྦྱོར་བཅས་བྱས་པ་དང་ཞོར་དུ་པར་ཁང་གི་དཀར་ཆག་རྩོམ་སྒྲིག་ཚོ་ཆུང་གི་འགན་ཁུར་པ་དང་རྩོམ་སྒྲིག་པའི་འགན་ཁུར་བ་དང་། གཞན་ཡང་ཤིང་པར་གསར་དུ་བརྐོས་པའི་རིན་ཆེན་གཏེར་མཛོད་སོགས་ཞུ་དག་དང་པར་རྩ་ལེགས་བཅོས་སོགས་གནང་། 1992ལོར་པར་ཁང་གི་ལས་དོན་སྒྲུབ་ཞོར་དུ་སྡེ་དགེ་རྫོང་སྲིད་གཞུང་དང་སྡེ་དགེ་རྫོང་སྨན་རྩིས་ཁང་། ཨ་དཀོན་རོགས་སྐྱོར་ཚོགས་པ་བཅས་ཀྱིས་རྫོང་སྨན་རྩིས་ཁང་དུ་སློབ་གྲྭ་བཙུགས་པར་བྲིས་དང་གསོ་རིག་སྐོར་སོགས་ཁྲིད་ནས་དགེ་རྒན་གྱི་འགན་བཞེས། 2000ལོར་སྡེ་དགེ་པར་ཁང་གི་པར་དཔོན་གཞོན་པའི་འགན་བཞེས་ནས་དཀར་ཆག་རྩོམ་སྒྲིག་དང་། ཨ་དཀོན་རོགས་སྐྱོར་ཚོགས་པ་དང་མཉམ་དུ་སྔར་ཤིང་པར་དུ་མ་འཁོད་པའི་བཀའ་བརྒྱུད་པའི་དཔེ་དཀོན་ཁག་ཅིག་སྟེ། ཀརྨ་པ་མི་སྐྱོད་རྡོ་རྗེ་དང་ཕག་མོ་གྲུབ་པ། སི་ཏུ་པདྨ་ཉིན་བྱེད་སོགས་ཀྱི་གསུང་འབུམ་པར་དུ་བརྐོས་ཏེ་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བ་གང་ནུས་བསྒྲུབས། 2003ལོར་སྡེ་དགེ་རྫོང་སྨན་རྩིས་ཁང་དུ་འགོ་གཙོ་གཞོན་པ་བརྐོ་བཞག་ལྟར་ལོ་ཕྱི་ནང་གཉིས་ཀྱི་རིང་རྫོང་སྨན་རྩིས་ཁང་གི་དངུལ་བཙོ་ཆེན་མོ་ཐེངས་གསུམ་པ་དང་རིན་ཆེན་ཁག་བསྡུ་སྦྱོར་སོགས་མདོར་ན་སྡེ་དགེའི་སྨན་རྩིས་ཀྱི་བསྟན་པ་ལ་གཞལ་དུ་མེད་པའི་མཛད་རྗེས་བཞག །2004ལོར་དཀར་མཛེས་ཁུལ་རིག་གནས་ཅུས་ཀྱིས་སྡེ་བྲིས་ཀྱི་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པའི་མཚན་སྙན་བསྩལ། 2005ལོར་སྡེ་དགེ་རྫོང་བོད་སྨན་མཐུན་ཚོགས་ཀྱི་བྱ་བ་བསྒྲུབས་ཤིང་། ལོ་དེར་ཡབ་དང་མཉམ་དུ་སྡེ་དགེ་ཐང་རྒྱལ་བོད་སྨན་ཁང་བཙུགས་ཏེ། དངུལ་བཙོ་ཆེན་མོ་དང་རིན་ཆེན་ཁག་སོགས་སྨན་སྣ་བརྒྱ་ལྷག་བསྡུ་སྒྲུབ་མཛད་པ་དང་། རིས་མེད་ཉམས་ཐག་ནད་པ་ལ་སྨན་བཅོས་ཀྱི་བྱ་བ་གང་མང་བསྒྲུབས། 2008ལོར་སི་ཁྲོན་ཞིང་ཆེན་རིག་གནས་སྡེ་ཁག་གིས་སྡེ་བྲིས་ཀྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པའི་མཚན་གསོལ།
དེ་ནས་སྡེ་དགེ་རྫོང་སྨན་རྩིས་ཁང་གི་འགན་འཛིན་པ་དང་། སྡེ་དགེ་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གི་འགོ་འཛིན། སྡེ་དགེ་བོད་སྨན་མཐུན་ཚོགས་ཀྱི་ཚོགས་གཙོ། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་དང་ཁུལ་དམངས་ཆེན་གྱི་འཐུས་མི། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་རྒྱལ་བའི་བཀའ་འགྱུར་ཆེན་མོ་ཤིང་པར་དུ་བསྐྲུན་པའི་ཞུ་དག་ཆེད་མཁས་པ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས། ད་བར་སྡེ་དགེ་རྫོང་སྨན་རྩིས་ཁང་དུ་ལས་གཉེར་མཛད་པ་དང་། ཕྱི་ནང་གི་འཛུགས་སྐྲུན་ལ་སྲོལ་རྒྱུན་གྱི་ཉམས་དོད་ཅིང་། ཕུལ་བྱུང་གི་གནའ་སྲོལ་མ་ཉམས་པ་གོང་སྤེལ་དང་ཉམས་པ་སོར་ཆུད་ཀྱི་སྟེང་དུ་དེང་རབས་ཀྱི་རྒྱན་སྤྲས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་ཕྱིའི་འཛུགས་བསྐྲུན་ཏེ། སྐབས་བཅོས་ཁང་བརྩེགས་དང་ནད་སྡོད་ཁང་། སྡེབ་སྦྱོར་ལྟེ་གནས། བོད་སྨན་གཤམས་སྟོན་ཁང་། གནའ་དེང་དཔེ་མཛོད་ཁང་དང་སྨན་རྫས་བཟོ་བསྐྲུན་ཁང་། སྨན་ལུམས་ཁང་། བོད་ལུགས་གསོ་ཐབས་ཁྱད་ཆོས་ཁང་། བོད་ལུགས་གསོ་རིག་ཞིབ་འཇུག་ཁང་དང་དངུལ་བཙོ་ཆེན་མོ་བསྡུ་སྒྲུབ་ཁང་། ལྕགས་ཁམས་ཐལ་བཟོ་ཁང་བཅས་དང་། གཡུ་ཐོག་གི་སྐུ་དང་མཆོད་རྟེན་ཆ་བརྒྱད་སོགས་བསྐྲུན་ཞིང་། ནང་དུ་སྨན་རྩིས་ཆེད་སྦྱོང་གི་རབ་འབྱམས་སློབ་མ་སོགས་མི་སྣ་གསོ་སྐྱོང་དང་། སྨན་རྩིས་དང་འབྲེལ་བའི་གནའ་དཔེ་གང་མང་བསྡུ་སྒྲིག་མཛད་དེ་པར་དུ་བསྐྲུན། ཟངས་གསེར་ལས་གྲུབ་པའི་སྨན་བླའི་སྐུ་དང་། ཀརྨ་སྒར་བྲིས་ཀྱི་ལུགས་ལྟར་སྨན་ཐང་བརྒྱད་ཅུ་གསར་དུ་བཞེངས། དབང་ལུང་མན་ངག་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་གང་མང་གདན་འདྲེན་ཞུས་ཏེ་ཤེས་ལྡན་མི་སྣ་གསོ་སྐྱོང་གནང་བ་སོགས་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་འཛིན་སྐྱོང་སྤེལ་གསུམ་དང་དེང་རབས་ཀྱི་རིག་གནས་ལ་སྙིགས་དོར་བཅུད་ལེན་གྱི་ཚུལ་དུ་སྨན་རྩིས་ཁང་དེ་ཉིད་རྒྱལ་ཁབ་རིམ་པའི་སྨན་རྩིས་ཁང་ཞིག་ཏུ་སྐྲུན་རྒྱུའི་འདུན་པ་བཅངས་ནས། དཀའ་སྤྱད་འབད་བརྩོན་དང་གཉིད་ཆག་ཟས་བརྗེད་ཀྱིས་ཡབ་མེས་གོང་མ་རྣམས་ཀྱི་མཛད་བཟང་རྒྱུན་སྐྱོང་བྱས་ཏེ་མིང་དོན་མཚུངས་པའི་སྨན་རྩིས་ཁང་ཞིག་ཏུ་བསྐྲུན་དང་སྐྲུན་བཞིན་པའོ། །
རྗེས་རབས་སྦྲང་བུ་དགྱེས་པའི་གསོས། །
ཕྲིན་ལས་ཟེ་འབྲུ་ཐང་མར་བརྡལ། །
ཁོང་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་རྒྱུས་མངའ་ཆེ་ཞིང་། ལྷག་པར་དུ་བཟོ་དང་གསོ་བ་རིག་པ། བྲིས་གཟུགས་སོགས་ལ་སྦྱོང་པ་ལོ་མང་བགྱིས་ཤིང་བློ་བསྐྱེད་ཆེ་ལ། ཐུན་མིན་གྱི་ཁྱད་ཆོས་ལྡན་པས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་སྲོག་རྩ་འཛིན་པའི་སྤྱོད་ཡོན་ཟུང་ལྡན་གྱི་མི་སྣ་ཞིག་ཡིན། ཁོང་ལ་སྔ་རྗེས་སུ་རྫོང་རིམ་པ་ནས་རྒྱལ་ཁབ་རིམ་པའི་བར་གྱི་འབྲེལ་ཡོད་སྡེ་ཁག་གིས་གདེང་འཇོག་དང་གཟེངས་བསྟོད་གྱ་ནོམ་པ་བསྩལ་ཡོད་དེ། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྡེ་དགེ་བོད་ཡིག་ཡིག་གཟུགས་ལེགས་བྲིས་ཚབ་མཚོན་རང་བཞིན་གྱི་རྒྱུད་འཛིན་པ། སི་ཁྲོན་ཞིང་ཆེན་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སྡེ་དགེ་བོད་ཡིག་ཡིག་གཟུགས་ལེགས་བྲིས་ཀྱི་རྒྱུད་འཛིན་པ། འཛམ་གླིང་ཀྲུང་འབྲེལ་བོད་ཀྱི་གསོ་རིག་སྨན་སྦྱོར་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་སྐབས་དང་པོའི་རྒྱུན་ལས་ལས་འཛིན་པ། སི་ཁྲོན་མི་རིགས་སློབ་གླིང་གི་གདན་ཞུའི་སློབ་དཔོན། དཀར་མཛེས་ཁུལ་བོད་ཀྱི་གསོ་རིག་སྨན་སྦྱོར་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན། བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་སྨན་རྩིས་ཁང་གི་ནད་ཐོག་སློབ་ཁྲིད་ཀྱི་སློབ་དཔོན། ཀྲུང་གོའི་མི་རིགས་གསོ་རིག་སྨན་སྦྱོར་མཐུན་ཚོགས་ཀྱི་ཆེད་མཁས་པ་དང་རིག་མཛོད་ཆེད་མཁས་པ། 2014ལོའི་དཀར་མཛེས་ཁུལ་ཁམས་པའི་འཇོན་མི་ཁྲི་སྟོང་གསོ་སྐྱོང་ལས་གཞིའི་གཞི་རིམ་རྨང་གཞི་ཕུལ་བྱུང་ཅན་གྱི་འཇོན་མི། དཀར་མཛེས་ཁུལ་བོད་ཀྱི་ཡིག་གཟུགས་ལེགས་བྲིས་མཐུན་ཚོགས་ཀྱི་རྒྱུན་གནས་ཡིག་གཟུགས་ལེགས་བྲིས་གསར་རྩོམ་མི་སྣ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་རྒྱུན་སྡོད་ཆེད་མཁས་པ། དཀར་མཛེས་འཕྲོད་བསྟེན་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ལུགས་གསོ་རིག་འཛིན་གྲྭའི་སློབ་དཔོན། དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་སྡེ་དགེ་རྫོང་སྨན་རྩིས་ཁང་གཉིས་ཀྱིས་མཉམ་སྒྲུབ་སློབ་གྲྭ་སྟེ། སྡེ་དགེ་ཟུར་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་སློབ་གྲྭའི་སློབ་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད་དོ། །