བོད་ལུགས་གསོ་རིག་ལས་འཇམ་དཔྱད་བྱུག་པའི་ལག་ལེན་ལ་རགས་ཙམ་དཔྱད་པ།

ཚེ་རིང་ཕུན་ཚོགས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


དབང་སྔོན་ལྷུན་པོའི་མདངས་ལ་འཁུ་བའི་མཚན་དཔེའི་རྒྱན་གྱིས་སྤྲས་པའི་སྐུ། །

ལྷ་ཡི་རྔ་སྒྲའི་སྙེམས་པ་འཕྲོག་པའི་ཚངས་དབྱངས་དྲུག་ཅུ་མངའ་བའི་གསུང་། །

ཀུན་གསལ་མཐོངས་ཡངས་དོག་པོར་བྱེད་པའི་མཁྱེན་པའི་ཡེ་ཤེས་མངའ་བའི་ཐུགས། །

བཅོམ་ལྡན་བདེ་གཤེགས་སྨན་པའི་རྒྱལ་པོའི་གསང་བ་གསུམ་གྱི་དཔལ་ལ་འདུད། །

འཁོར་འདས་ཆོས་ཀྱི་གནས་ལུགས་གཟིགས་པའི་རྣལ་འབྱོར་ཉམས་ཀྱི་སྣང་བའི་ངོར། །

ལྟ་ན་སྡུག་པའི་ཞིང་ཁམས་ལ་སོགས་དག་པའི་སྣང་བ་འབྱམས་ཀླས་ཤིང་། །

དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་སྒོ་འཕར་ལྗོངས་འདིར་ཐོག་མར་ཕྱེ་བའི་མགོན། །

སངས་རྒྱས་གཉིས་པ་གུ་ཎ་ནཱ་ཐའི་བཀའ་དྲིན་འཛིན་མའི་ཚུལ་དུ་ལྕི། །

མཚུངས་མེད་མཁྱེན་བརྩེའི་དབང་པོས་རྟ་བདུན་འཁོར་ལོ་ཁ་ལོ་ལེགས་བསྒྱུར་ནས། །

བདག་སོགས་གདུལ་བྱའི་མི་ཤེས་རྨོངས་པའི་སྨག་མུན་ཉེར་བ་གཞོམས་མཛད་ལ། །

རྨད་བྱུང་གསོ་དཔྱད་བསྟན་པའི་ལུང་རིག་མན་ངག་པདྨོ་བློར་བཀྲལ་མཁས། །

བཤེས་གཉེན་དེད་དཔོན་ཚོགས་ཀྱི་བཀའ་དྲིན་བསྐལ་བརྒྱའི་བར་དུ་སྙིང་དབུས་བཀོད། །

ཞེས་ལྷག་པའི་ལྷ་དང་མེས་པོའི་ཚོགས་ལ་མཆོད་པའི་མེ་ཏོག་སྔོན་དུ་སྤྲོ་ནས། སྐབས་དོན་བརྗོད་བྱར་གྱུར་པ་བོད་ལུགས་གསོ་རིག་གི་འཇམ་དཔྱད་བྱུག་པ་ལ་ཅུང་ཟད་དཔྱད་པ་ལ། བོད་ལུགས་གསོ་རིག་གི་བྱུག་པའི་བྱུང་འཕེལ་ལོ་རྒྱུས། བྱུག་པའི་མཚན་ཉིད། བྱུག་པའི་སྨན་བཟོ་ཐབས། བྱུག་པ་བྱ་ཐབས། ཕན་པའི་རྒྱུ་མཚན་བཅས་ཞུ་བ་ལ།

ས་བཅད་དང་པོ། བོད་ལུགས་གསོ་རིག་གི་བྱུག་པའི་བྱུང་འཕེལ་ལོ་རྒྱུས།

བོད་ཀྱི་གསོ་བ་རིག་པ་ནི། གངས་ལྗོངས་ས་མཐོའི་སྟེང་གི་མི་ཡི་འགྲོ་བ་བྱུང་བ་ནས། མེས་པོ་རྣམས་ཀྱིས་རང་བྱུང་ཁམས་བསྒྱུར་བཅོས་དང་། ནད་རིགས་སྣ་ཚོགས་ལ་འཐབ་རྩོད་གྲངས་ལས་འདས་པ་བྱས་པའི་ནང་རིམ་བཞིན་གསར་གཏོད་བྱས་པའི་སྲོལ་རྒྱུན་གྱི་གྲགས་ཅན་གསོ་རིག་ཅིག་ཡིན། དེ་ནས་རིམས་པས་རྨ་བྱུང་བ་ལ་མར་ཁུ་ཚན་མོ་བྱུགས་ནས་ཁྲག་གཅོད་པ་དང་། བརྡབ་འགྲམས་བྱུང་ན་རྩ་སྨན་སོགས་བསྐུ་བ་དང་། ལུས་ངལ་བས་དུབ་པ་ལ་བརྡུང་འཕུར་བྱ་བའི་སྲོལ་དར་བ་ནི་བོད་ལུགས་གསོ་རིག་གི་བྱུག་པའི་དཔྱད་ཀྱི་མྱུ་གུ་འབུས་པ་དང་། །བོད་ལུགས་གསོ་བ་རིག་པ་དང་ཁྱད་པར་འཇམ་དཔྱད་བྱུག་པའི་རིགས་གཞུང་འདི་ཡིག་ཐོག་ཏུ་འཁོད་ནས་ལོ་3900ལྷག་གི་ལོ་རྒྱུས་ལྡན་པ་ནི་ལོ་རྒྱུས་ཀྱི་བདེན་དཔང་ཐུབ་པ་སྟེ། བོད་ཀྱི་གསོ་རིག་ཐོག་མ་འབྱུང་དུས་བོན་སྟོན་གཤེན་རབ་ཀྱི་སྔོན་དུས་སུ་བྱུང་བར་གྲགས་ཏེ། ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་དབུགས་ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བའང་མ་ངེས་ཏེ། བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ། བོན་པོ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་དང་དུས་མཚུངས་སུ་གཤེན་རབ་མི་བོ་ཆེ་ཞེས་བྱ་བ་པུ་རངས་སུ་བྱོན་པ་བཤད་པའི་ཕྱིར་རོ། །ཞེས་གསུངས་པ་དང་། སྟག་ཚང་ལོ་ཙཱ་བས་མཛད་པའི་གསོ་རིག་གི་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་ཅེས་པ་ལས། སྔ་རབ་པ་འགས་བྱས་པ་ཡི། །གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། །བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། །ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། །དེ་ནི་མ་བརྟག་གཏམ་ཡིན་ཏེ། །ཆོས་རྒྱལ་འདིའི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ཏེ། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མར་དབུ་བརྙེས་ལས། ། འདི་དུས་བོད་གྱི་གསོ་དཔྱད་དབུ། །བརྙེས་པར་བརྗོད་ན་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེ། །ཞང་ཞུང་འོལ་མོ་ལུང་རིང་བལྟམས། །དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །ཞེས་གསུངས་པ་ལྟར་དང་། རྗེ་གཡུ་ཐོག་རྙིང་མའི་རྣམ་ཐར་ལས། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུག་ལུམས་བྱུག་གསུམ་གྱི་རྒྱུད། བོད་ཀྱི་ལུགས་ལ་ནད་ཞི་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཡོད། ཅེས་གསུངས་པ་ལྟར་དང་། ཞང་བོད་ལོ་རྒྱུས་དག་ལས་ཡོངས་གྲགས་སུ་བོན་གྱི་སྟོན་པ་གཤེན་རབ་ནི་སྔ་བ་ལ་སྤྱི་ལོའི་སྔོན་གྱི་1917ལོར་འཁྲུངས་པར་བཤད་པས། དེ་ནས་བརྩིས་ན་ད་བར་ལོ་3936ཙམ་ཟིན་གྱི་ཡོད་པ་དང་། ཁ་ཤས་ཀྱིས་སྤྱི་ལོ་སྔོན་གྱི་ལོ566ལོར་འཁྲུངས་ཞེས་བཤད་པ་ལྟར་ན། དེ་ནས་རྩིས་པའི་ད་བར་ལོ་2585ཙམ་ཟིན་ཡོད་པས། བོད་ལུགས་གསོ་རིག་དང་དེ་ལས་བྱུག་པ་ཡང་ཡིག་ཐོག་ཏུ་འཁོད་ནས་ལོ་དེ་ཙམ་ཟིན་ཡོད་པ་ཚད་མས་གྲུབ། །དེ་ནས་རིམ་པས་བསྟན་པ་སྔ་ཕྱི་དར་གང་དུའང་བོད་ལུགས་གསོ་རིག་སྤྱི་དང་བྱེ་བྲག་བྱུག་པའི་སྐོར་སོགས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ནས་རིག་གཞུང་དང་ལག་ལེན་གང་ཐད་ནས་འཐུས་སྒོ་ཇེ་ཚང་དང་བེད་སྤྱོད་རྒྱ་ཆེར་ཕྱིན་པ་ནི་ཀུན་གྱིས་གསལ་པོ་རྟོགས་ཐུབ་པ་ཡིན་ཏེ། དེང་མཇལ་དུ་ཡོད་པའི་གསོ་དཔྱད་ཀྱི་གཞུང་དག་ལས་གསལ་བ་ལྟར་ཡིན། །

ས་བཅད་གཉིས་པ། བོད་ལུགས་གསོ་རིག་གི་བྱུག་པའི་མཚན་ཉིད།

བྱུག་པ་ནི་བོད་ལུགས་གསོ་བ་རིག་པའི་གསོ་ཐབས་ལག་ལེན་བཅོ་བརྒྱད་ནང་འཇམ་རྩུབ་དཔྱད་ལས་འཇམ་དཔྱད་ཀྱི་རིག་པ་སྟེ། དེ་ཡང་དཔྱད་ཅེས་པ་ནི། སྟོང་ཐུན་མཛེས་པའི་འཇའ་རིས་ལས། དཔྱད་ཀྱི་ངོ་བོ་ནི་ལུས་ཀྱི་ཕྱི་ནས་ནད་འབྱིན་ཅིང་ཞི་བར་བྱེད་པའོ། ། ངེས་ཚིག་ནི་འཇམ་རྩུབ་བྱེད་པའི་ཕྱིར་དཔྱད་དོ། ། ཅེས་དང་། བྲང་ཏིའི་ལག་ལེན་པོད་ཆུང་ལས། ལུས་ཀྱི་ཕྱི་ནས་དཔྱད་པ་ཡིས། །ནང་གི་ནད་ཀྱི་རྒྱུ་རྟོགས་ཤིང་། །ཟུག་རྔུ་ཞི་བར་བྱེད་པའི་ཐབས། །སྟོན་པ་གང་ཡིན་དེ་དཔྱད་ཡིན། །ཞེས་སོགས་གསུངས་པ་བཞིན། དཔྱད་ནི་ངོ་བོའི་སྒོ་ནས་བཏགས་པའི་ལུས་ཀྱི་ཕྱི་ནས་དཔྱད་ཐབས་ཀྱིས་ནང་གི་ནད་ཀྱི་རྒྱུ་ཤེས་པ་དང་དེ་ནས་ནད་དེ་ཉིད་རང་གནས་སུ་ཞི་བའམ་ལུས་ཕྱིར་དབྱུང་བའམ་འབྱིན་པའི་ཐབས་བསྟན་པའི་རིག་ཚན་ཏེ། དཔལ་ལྡན་རྒྱུད་བཞིའི་བཤད་པ་སྐུ་ཡི་རྒྱུད་ལས། ལུས་ཀྱི་ཕྱི་ནས་ནད་རྣམས་འབྱིན་པ་དང་། །ཞི་བར་བྱེད་པ་གང་ཡིན་དཔྱད་ཡིན་ཏེ། །དེ་ཡང་འཇམ་དང་རྩུབ་དང་དྲག་པོ་གསུམ། །འཇམ་པོའི་དཔྱད་ལ་དུགས་ལུམས་བྱུག་པ་གསུམ། ཅེས་གསུངས་པའི་བྱུག་པ་ནི་ཐོག་མར་སྲོག་ཆགས་ཀྱི་ཚིལ་བུ་དང་མར། སྐྱེ་དངོས་ཀྱི་སྣུམ་རིགས་དང་ལྡེ་གུ། སྨན་རྫས་གཞན་རིལ་བུ་དྲིལ་བ་སྐམ་ནས་ཆུ་བརྡར་བྱས་པ་སོགས་ཀྱིས་བྱུག་ཅིང་བསྐུ་བའམ་བྱུག་བཞིན་ཤ་ལྤགས་དང་གསང་མིག་སྟེང་དུ་སྨན་པས་འཕུར་མཉེ་གནོན་དང་བརྡུང་སྤྲུག་གང་རུང་བྱ་ལ། བྱུག་པའི་སྨན་སྐམ་རྗེས་རྩམ་པའམ་སྲན་ཕྱེ་ཡིས་ལུས་ཕྱི་བ་སྟེ། བསྐུ་མཉེ་ཕྱི་གསུམ་ནི་བྱུག་པ་ཀུན་ལ་ངེས་པར་དུ་བྱ་དགོས་པའི་བརྒྱུད་རིམ་ཡིན་པ་རྒྱུད་གཞུང་དག་ལས་གསུངས་པ་བཞིན་ལུས་ཀྱི་ཕྱི་ནས་དཔྱད་ཐབས་ཀྱིས་ནང་གི་ནད་གསོ་བའི་ཐབས་གང་ཞིག་བསྟན་པའི་དཔྱད་ལ་ཟེར། །

ས་བཅད་གསུམ་པ། བྱུག་བྱེད་སྣུམ་དང་ལྡེ་གུ་བཟོ་ཐབས།

བྱུག་པ་བྱ་བ་ལ་སྣུམ་སོགས་སྨན་བཟོ་དགོས་པ་ཡིན་ཏེ། རུས་པ་རྙིང་པའི་རིགས་དང་ཚིལ་གྱི་རིགས། འབྲུ་མར་དང་རྩི་མར་ཤིང་སྣུམ་སོགས་ཀྱིས་བྱུག་པ་བྱ་བ་ཡིན་ཏེ་སྣུམ་བཟོ་བ་ལ་རུས་པའི་སྣུམ་དང་ཤིང་རིགས་ཀྱི་སྣུམ་བཟོ་བ་འདྲ་མིན་དུ་མ་ཡོད་པ་ལས། ཟིན་ཏིག་གཅེས་བཏུས་བདུད་རྩིའི་ཐིགས་པ་ལས། ཙནྡན་མར་ཁུའམ་ཤུག་རག་ཏུ་གྲགས་པ་ནི། ཤུག་པ་སྤ་མ་སྡོང་པོ་ཐང་ཆུ་ཅན་གཞོག་པ་དེ་རྫ་མའི་ནང་དུ་གང་ངེས་བླུགས་ལ་དོང་བྲུས་པའི་ནང་དུ་སྣོད་ཅིག་ཁ་ཡར་ལ་གཟེད་པའི་སྟེང་རྡོ་ལེབ་ཁུང་བུ་བདུན་ཙམ་ཡོད་པས་བཀབ། དེ་སྟེང་ཤུག་པས་བཀང་བའི་རྫ་མ་ཁ་སྦུབས་ལ་ས་དོང་མཚམས་ནས་སྲུབ་མེད་པར་རྫ་མའི་ཕྱི་ངོས་འདག་ཞལ་བྱས་ནས་སྐམ་དུ་བཞུག །དེ་ནས་སོལ་མེ་བུས་ནས་ཉིན་གཅིག་ཙམ་བསྲེགས་པས་ཤུག་པའི་ཁུ་བ་རྡོ་ལེབ་བུ་ག་ནས་དོང་གི་སྣོད་དུ་འཁྱིལ་བ་དེས་ཆུ་སེར་སོགས་པགས་ནད་རིགས་ལ་ཆེས་ཟབ་པའོ། །འདི་ལའང་འོག་ཏུ་ཆུ་རླན་མེད་ན་མང་པོ་མི་བབས་རིམ་གྱིས་སྐམ་འགྲོ་བས། དོང་ནང་ཆུ་དོང་ལ་རྫ་མ་ནུབ་པ་བྱ། ལྟག་ནས་ཝ་བརྐོས་ནས་ཆུ་ཁྲིད། འོག་ནས་ཝ་ལ་ཆུ་ཕྱིར་འགྲོ་རྒྱུ་ཡོད་པ་བྱ་བ་དང་། ཤུག་པའི་ཤིང་ལའང་ཚིལ་ཞགས་ཅུང་ཟད་བརྒྱབ་ན་ལེགས་པ་ལག་བླང་ངོ་། །ཞེས་གསུངས་པ་ལྟར་ཙན་དན་མར་ཁུ་དང་བདུད་རྩི་མར་ཁུ། བཅུད་བསྡུས་མར་ཁུ་དང་དེ་བཞིན་མར་ཁུ་དགོས་རིགས་གང་ཡང་འདི་བཞིན་བཟོ་དགོས་ཏེ། །

ལྡེ་གུ་སྦྱར་ཐབས་ནི་སྨན་གང་ཡིན་པ་དག་ཞིབ་མོར་བཏགས་ཏེ། ཟིན་ཏིག་གཅེས་བཏུས་བདུད་རྩིའི་ཐིགས་པ་ལས། ཟངས་འཁར་མིན་པའི་ཁྲོ་ལྕགས་སྣོད་གཙང་མར་ཆུ་ཅུང་ཟད་བཅས་བླུག་ལ་བསྐོལ་བ། མར་ཁུ་མ་ཕྱེ་ཙམ་ནས་སྨན་ཕྱེ་བཏབ་ལ་དཀྲུགས་ཏེ་ཕོག་གྲངས་ནས་ཞེས་གསུངས་པ་ལྟར་ལྕགས་དང་རྡོ་ཡི་སྣོད་གཙང་མར་ཆུ་བླུགས་ལ་བསྐོལ་བ་འདྲེས་པར་དཀྲུགས་ལ་གར་སླ་ཞོ་གར་པོ་ཙམ་སོང་བ་དང་། ཚ་གྲང་རླུང་མཁྲིས་བད་ཀན་གྱི་སྨན་རྟ་རླུང་ཤས་ཆེ་བ་ལ་བུ་རམ་ལ་སྦྱོར་ན་བུ་རམ་དེ་ཆུར་གདུས་ཤིང་མར་གསར་བཞུས་པའི་ལྦུ་བ་དང་སྙིགས་མ་ཕྱིར་ཕྱུངས་བའི་དྭངས་མ་དང་བསྲེ་བ་དང་། མཁྲིས་ཤས་ཆེ་ན་སྦྲང་རྩི་དང་ཀ་ར་གང་རུང་མར་དང་མ་མཉམ་པ་དང་། བད་ཀན་ཤས་ཆེ་ན་སྦྲང་རྩི་ལས་མར་ཅུང་ཟད་ཉུང་བར་སྦྱར་བ་ཡིན་ཏེ། ཡང་དེ་ལས། སྨན་རྣམས་ཞིབ་པར་བཏགས་ཏེ་ཆུ་ནང་དུ་བཏབ་ནས་བསྐོལ་བས་ཐུག་པ་ཙམ་དུ་སོང་བ་དང་ཚ་སེལ་ལ་ཤེལ་ཀ་ར། གྲང་སེལ་ལ་བུ་རམ་མང་བར་བྱས་པ་སོགས་རིག་པས་འཕྲུལ་བའི་སྨན་རྟ་རྣམས་སྨན་ལས་དྲུག་འགྱུར་རམ་བརྒྱད་འགྱུར་ཙམ་ཞིབ་པར་བཏགས་པ་དང་། དེ་དང་བུང་མཉམ་པའི་མར་བཅས་བཏབ་ལ་སྐྱ་བས་འདྲེས་པར་དཀྲུགས། ཞེས་གསུངས་པ་ལྟར་རོ། །

ས་བཅད་བཞི་པ། བྱུག་པས་ཕན་པའི་རྒྱུ་མཚན།

བྱུག་པ་ནི་སྣུམ་དང་ལྡེ་གུ་སོགས་ནད་པའི་ལུས་ཀྱི་ཤ་དང་པགས་པ་ལ་བྱུག་འཕུར་བྱས་ནས་ནད་གསོ་བཅོས་བྱ་བའི་རིག་པ་སྟེ། དེ་ལྟར་གསོ་བཅོས་བྱས་པས་ཕན་པའི་རྒྱུ་མཚན་ལ་ཅུང་ཟས་དཔྱད་པར་བྱ་བ་ལ། ཕན་པའི་རྒྱུ་མཚན་གང་ཡིན་ཞེ་ན། དཔྱད་འདི་རིགས་བྱས་པས་ཤིན་ཏུ་ཕན་པོ་ཡོད་ཅེས་བསྟོད་བསྔགས་ཙམ་ལས་རྒྱུ་མཚན་གསལ་པོ་བཤད་དུ་མེད་ཅེས་དེང་རབས་གསོ་རིག་པ་སོགས་ཀྱིས་བཤད་སྲོལ་ཡོད་པ་རེད། དེ་ལྟར་མ་ཡིན་ཏེ། རྒྱུ་མཚན་བཙལ་ན་མེད་པ་མ་སྲིད་པས། འདིར་རང་བློས་གང་དཔོག་ཞིག་དཔྱད་ཁུལ་བགྱིས་པ་ཡིན། ཐོག་མར་ནད་པའི་ལུས་ཅུང་ཟད་གཙང་བ་དགོས་པ་ཡིན་ཏེ། གསང་ཏིག་སྒྲོན་མ་ལས། བྱུག་པའི་སྔོན་དུ་བཀྲུའ་བ་གཅེས། །བད་རླུང་གྲང་བ་ཆང་གིས་བཀྲུ །སྦང་མའམ་ཁུ་བ་ཁྲག་མཁྲིས་ལ། །མྱེད་ན་གསར་འཇམ་བཏང་བར་བྱ། །ཞེས་གསུངས་པས་ནད་པའི་ལུས་གཙང་མར་བཀྲུ་དགོས་པ་ནི་ལུས་ཀྱི་དྲེག་པ་བསལ་ནས་བ་སྤུའི་སྒོ་ཕྱེ་བའི་དགོས་པ་སྟེ། བ་སྤུའི་སྒོ་ཕྱེ་ན་སྨན་རྣམས་ལུས་ལ་འཐིམས་ནས་ནུས་པ་ཐོན་པའི་ཕྱིར་ཡིན། དེ་ནས་སྨན་ལྡེ་གུ་སོགས་ལུས་སྤྱི་དང་གསང་དམིགས་ལ་བྱུགས་ནས་ཉི་མར་བསྲོ་དགོས་པ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། རྐྱང་པར་བྱུག་དང་སྦག་ཏུ་བྱུགས། །སྨན་ཅན་བྱུག་དང་སྨན་མེད་བྱུགས། །ཉི་མར་དྲོ་བའི་དུས་སུ་བྱ། །བསྐུའ་རྗེས་སྣུམ་བསྐུའ་ཡུན་རིང་ཞགས་(བཞག)པར་མཉེའ། །གོང་མ་རྒོས་(བསྐུས་)པའི་སྨན་རྣམས་འཇུ། ། ཞེས་གསུངས་པ་ནི་བྱུག་འཕུར་གྱི་གཙོ་བོ་སྟེ། དེ་ལ་ཞིབ་དཔྱད་བྱས་ན་ཕན་པའི་རྒྱུ་མཚན་རྟོགས། ཐོག་མར་ལུས་གཙང་མར་བཀྲུ། དེ་ནས་སྨན་གྱིས་བྱུག་ཅིང་མེ་ཉིར་བསྲོ་ལ་འཕུར་མཉེ་བྱ། སླད་སྲན་ཕྱེ་དང་རྩམ་པས་ཕྱི་བ་ནི་བྱུག་པའི་བྲལ་ཐབས་མེད་པའི་བརྒྱུད་རིམ་རྩ་དོན་ཡིན། བྱུག་རྗེས་ཉི་མ་དང་མེ་ལ་བསྲོ་བ་ནི་སྨན་རྣམས་ལུས་ལ་ཐིམ་ཅིང་འཇུ་བའི་ནུས་པ་ལྡན་པ་དང་དེ་ནས་འཕུར་མཉེ་བྱས་པས་འཇུ་བའི་རོགས་འདེད་ཀྱི་ནུས་པ་ཐོན་པ་མ་ཟད། འཕུར་མཉེ་བྱས་པའི་ཟུག་གིས་རིམ་པས་པགས་པ་ཤ་དང་ཆུ་རྒྱུས་རྩ་བཅས་ལ་ནུས་པ་ཐོན་པ་ཡིན་ཏེ།

ས་བཅད་ལྔ་པ། བྱུག་པ་བྱ་བའི་ཐབས།

བྱུག་པ་བྱ་བའི་ཐབས་ནི་ཐོག་མར་ནད་ངོས་ཟིན་ནས་གསང་དམིགས་གང་རུང་ལ་སྨན་སྣུམ་དང་ལྡེ་གུ་སོགས་ཀྱིས་བྱུག་པ་དང་། དེ་ནས་འཕུར་མཉེ་བྱ། སླད་དྲིལ་ཕྱིས་བྱ་བ་ནི་བསྐུ་མཉེ་བྱ་ཐབས་བརྒྱུད་རིམ་ཤེས་དགོས་ལ་ངེས་པར་བྱ་དགོས་པ་ཡིན། དེ་ལྟར་དགོས་དོན་ནི་ཕྱི་རྒྱུད་བྱུག་པའི་ལེའུ་ལས། བྱུག་མཉེ་སྐོམས་ནས་ཕྱེ་ཡིས་ཕྱི། །བསྐུ་མཉེ་ཀུན་ལ་དེ་ལྟར་ཤེས་པར་གྱིས། །ཞེས་གསུངས་ལ། ལག་ལེན་གསལ་བྱེད་ལས། བསྐུ་མཉེ་ཀུན་ལ་གོང་དུ་བསྟན་པའི་ཐོག་མར་སྣུམ་བྱུག་ལ་མཉེ། བསྐམས་ནས་ཕྱེ་ཡིས་ཕྱི་བ་དེ་ལྟར་ཤེས་པར་བྱ། ཞེས་དང། བྱང་པའི་ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་ལས། སྣུམ་མ་ཕྱིས་ན་རླུང་ཉིད་འཕེལ་བར་འགྱུར། །རྩམ་པ་མ་ཕྱིས་བད་ཀན་འཕེལ་འགྱུར་བས། ། སྣུམ་མཉེ་ཀུན་ལ་དེ་ལྟར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱ་ལ། དེ་དག་རིམ་པས་ཐོག་མར་སྨན་བྱུག་པ་དང་དེ་ནས་འཕུར་མཉེ་བྱ་བ། མཐར་དྲིལ་ཕྱིས་བྱ་བའི་ཐབས་བསྟན་པ་ལས།

དང་པོ། བྱུག་པའི་ཐབས།

བྱུག་པ་བྱ་བའི་ཐབས་ནི་བྱུགས་བྱེད་སྨན་སྣུམ་དང་ལྡེ་གུ། ཕྱེ་མ་སོགས་ནད་གསང་གང་ཡིན་པ་དེ་དག་ལ་ཁོད་སྙོམས་པོས་བྱུག་པ་སྟེ། དེ་ཡང་སྨན་གྱིས་བྱུག་པ་བྱ་ཚེ་ལུས་ལ་རྨས་སྐྱོན་འབྱུང་དོགས་ཀྱིས་སྨན་ཤིན་ཏུ་ཞིབ་པ་དགོས། ནང་དུ་སྙིགས་རོ་དང་སྨན་ཞིབ་བཏགས་མ་ཐུབ་པའི་རོ་མ་མེད་པར་བྱ་བ་གནད་ཆེ།

གཉིས་པ། འཕུར་མཉེ་བྱ་ཐབས།

1. འཕུར་བའི་ཐབས། འཕུར་བའི་ཐབས་ནི་ནད་ཀྱི་གསང་དམིགས་སྟེང་ལག་པས་ཕུར་ཕུར་གཏོང་བ་སྟེ་འཕུར་བའི་ཐབས་ལ་གོང་སྨན་པའི་དགོས་པ་ཀུན་འབྱུང་ལས། ལག་མཐིལ་གྱིས་འཕུར་ཞིང་ཞེས་སོགས་གསུང་པས་སྨན་པའི་སྤར་མཐིལ་གྱིས་གྱེན་ཐུར་གཡས་གཡོན་དུ་བསྐོར་ནས་ཤུག་ཆུང་བ་ནས་ཇེ་ཆེར་འཕུར་བ་དང་། ཡང་ན་སྤར་མོས་ཡན་ལག་ལ་འཇུས་པའི་ཚུལ་གྱིས་གྱེན་ལ་ཤུགས་ཆེ་ཙམ་དང་ཐུར་ལ་ཤུགས་རན་པས་འཕུར་བའོ། །འཕུར་བའི་ཚེ་སྨན་པའི་ལག་པ་དང་ནད་པའི་གསང་དམིགས་ལ་དྲོད་ཁུག་ཙམ་ནས་མཚམས་བཞག་ལ། དེ་འདྲ་ཐེངས་ཁ་ཤས་ཀྱིས་འཕུར་དགོས། །

2. མཉེ་བའི་ཐབས། མཉེ་བ་ནི་པགས་པ་མཉེ་བ་ལྟར་ཏེ། ཤུགས་ཅུང་ཆེ་བས་གསང་དམིག་དང་ཤ་ལྤགས་ལ་མཉེ་བ་སྟེ། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས། སྨན་པས་མཐེ་མོས་མཉེ་ཞིང་ཞེས་དང་། ཡང་ཟ་ཡུ་བྱུང་བའི་དཔྱད་ལ། འགྲམ་ཕུགས་སུ་རུས་པ་འབོར་གྱིས་ཡོང་སྟེ། འབུར་པོ་དེ་མཐེབ་པོས་མནན། ཞེས་གསུང་པ་ལྟར་མཐེ་བོང་གི་རྩེ་མོའི་ནེའུ་ལེས་གསང་དམིགས་སྟེང་དལ་བུས་བསྐོར་ནས་ཤུགས་ཇེ་ཆེས་མཉེ་ཞིང་གནོན་པའོ། །སྤར་མཐིལ་གྱིས་མཉེ་བ་ནི་མི་ཕམ་རིན་པོའི་ཉེར་མཁོ་སྐོར་བརྒྱད་ནང་ལག་མཐིལ་གྱིས་ལྟོ་བ་མ་མཉེ། ཞེས་གསུངས་པས་སྤར་མོའི་མཐིལ་རོས་ཀྱིས་གསང་དམིགས་སྟེང་ཤུགས་ཇེ་ཆེས་བསྐོར་ནས་མཉེ་བར་བྱ། རྡོ་ཡིས་མཉེ་བ། རྡོ་ཡིས་མཉེ་བ་ནི་ལྷུན་སྡིངས་པས། བཅག་པ་རྩོལ་བ་སྤུ་དུག་རྡོ་ཡིས་མཉེ། །ཞེས་གསུངས་པ་བཞིན་ཆུ་རྡོ་སྔོན་མོ་འཇམ་ལ་འབར་འབུར་མེད་པས་ལྟོ་བའི་ཕྱོགས་སུ་མཉེ་བ་སྟེ་མ་ཞུ་བ་དང་སྐྲན་གྱི་ནད། ཕོ་བ་དང་རྒྱུ་མ་ལོང་གི་ནད་རིགས་ལ་མཉེ་བ་བྱ།

3. བརྡུང་བརྡེག་བྱ་བའི་ཐབས།

3.1 བརྡུང་བའི་ཐབས་ལ་ཁུ་ཚུར་གྱིས་བརྡུང་བ་ནི་མཁས་པའི་མན་ངག་ཀུན་འདུས་དགོས་པ་ཀུན་འབྱུང་ལས། སྒལ་ཚིགས་ལ་སོགས་པ་རྣམས་རན་པར་ཁུ་ཚུར་གྱིས་བརྡུངས་བསྐུ་བྱུགས་བྱའོ། །ཞེས་གསུངས་པས་སྨན་པའི་ལག་པས་ཁུ་ཚུར་དམ་པོར་བཅངས་ནས་ནད་པའི་གསང་དམིགས་སྟེང་དུ་བརྡུང་བ་སྟེ། ཐོག་མར་ཤུགས་ཆུང་ལ་དལ་བ། རིམ་པས་ཤུགས་ཇེ་ཆེ་དང་ཇེ་མགྱོགས་གཏོང་ནས་ནད་པས་མ་བཟོད་བར་བརྡུང་།

3.2 བེམ་ཏོལ་བརྡེག་པ། བེམ་ཏོལ་བརྡེག་པ་ནི་གོང་སྨན་པས། ཨོལ་སྒོ་མཛུབ་མོས་བརྡེག་ལ་ཞེས་སོགས་གསུངས་པ་བཞིན་ལག་པའི་གུང་མོའམ་མཛུབ་མོ་གང་རུང་མཐེ་ཆེན་དང་སྦྱར་ནས་ལྡེམས་པས་ལུས་ཀྱི་གསང་དམིགས་ལ་བརྡེག་པ་དང་། ཡང་ན་མཛུབ་མོ་དང་གུང་མོ་གཉིས་སྦྱར་ནས་ལྡེམས་པས་བརྡེག་པ་གང་རུང་སྟེ། ལག་ཐབས་འདིས་བྱང་ཁོག་ནང་གི་ནད་གཞི་བརྟག་དཔྱད་བྱ་བྱེད་དུའང་སྤྱད་ཆོག་གོ །

3.3 དབྱུག་པས་རྡེག་པ། དབྱུག་པ་བརྡེག་ཐབས་སྨན་པའི་ལག་གཡས་པས་དབྱུག་པ་ཟིན་ནས་མགོ་ལ་བ་ལུའམ་སེང་ལྡེང་ཡོད་པའི་ཟླུམ་པོས་ནད་པའི་གསང་དམིགས་ལ་བརྡེག ལག་ཚོད་ལ་ནད་པའི་ལུས་ཀྱིས་བཟོད་ཚད་གསང་དམིགས་གཅིག་ལ་ཐེངས་གྲངས་བཅུ་ཙམ་བརྡེག་པར་བྱ་དགོས་ཏེ། བྱེ་རིང་ལས། ཤ་དང་རུས་པའི་ནད་ལ་རབ་ཏུ་བརྡེག །ཤ་རྒོད་རྩ་དང་ཆུ་བར་ དལ་བུས་བརྡེག །ཅེས་གསུངས་པ་ལྟར་བྱ།

4. སྤྲུག་པའི་ཐབས། སྤྲུག་པའི་ཐབས་ནི་དགོས་པ་ཀུན་འབྱུང་ལས། སྤྲུག་པ་དང་བརྡུངས་པ་རེས་མོས་བྱ། ཞེས་དང་། གཡུ་ཐོག་ནོར་ཕྲེང་ལས། དཔུང་འགོ་གཉིས་ནས་དལ་གྱིས་སྤྲུག །ཞེས་གསུངས་པས་སྨན་པས་ནད་པའི་ཡན་ལག་གི་རྩེ་ནས་འཇུས་ཏེ་རྡེབ་སྤྲུག་བྱ་བ་ཡིན།

དྲུག་པ། ཕྱི་བའི་ཐབས།

ཕྱི་བ་ནི་བྱུག་པ་བྱ་ཐབས་ཀྱི་རིམ་པ་གསུམ་པ་སྟེ། ཐོག་མར་སྨན་གྱིས་ལུས་ལ་བྱུག དེ་ནས་འཕུར་མཉེ་བརྡུང་སོགས་བྱ། སླད་བྱུགས་པའི་སྨན་དག་སྐམས་ནས་རྩམ་ཕྱེ་དང་སྲན་ཕྱེས་ཕྱི་ནས་ལུས་གཙང་མར་བྱ་བ་སྟེ། དེ་དགོས་པ་ནི་བཤད་རྒྱུད་ལས། དྲིལ་ཕྱིས་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །ལྤགས་གསལ་ཡན་ལག་བསྟན་པར་བྱེད་པའི་མཆོག །ཅེས་དང་། ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་ལས། སྣུམ་མ་ཕྱིས་ན་རླུང་ཉིད་འཕེལ་བར་འགྱུར། །རྩམ་པ་མ་ཕྱིས་བད་ཀན་འཕེལ་འགྱུར་བས། །སྣུམ་མཉེ་ཀུན་ལ་དེ་ལྟར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ནད་གཞན་མི་ལྡང་བ་དང་ནུས་པ་མྱུར་ལ་ཆེ་བའི་ཕྱིར་རོ། །

དེ་ལྟར་བོད་ལུགས་གསོ་བ་རིག་པའི་དཔྱད་ཀྱི་ལག་ལེན་བྱུག་པའི་སྐོར་དཔྱད་པའི་དཔྱད་རྩོམ་འདི་འབྲི་བའི་བརྒྱུད་རིམ་ནང་དཔལ་ལྡན་རྒྱུད་བཞི་ནང་བསྟན་པའི་བྱུག་པའི་སྐོར་གྱི་གཞུང་དོན་རྨང་གཞི་ལ་རྒྱབ་བསྟེན་དུ་འཛིན་ནས། ཉམས་ཡིག་དག་ལས་བྱུང་བ་དག་དཔྱད་བསྡུར་བྱས་པ་ཡིན། སླད་དཔྱད་རྩོམ་འདིའི་ནང་འགལ་བ་དང་བསྐྱར་བཟློས། ཆད་ལྷག་སོགས་ནོངས་སྐྱོན་གང་ཡོད་གཟུར་གནས་བློ་ལྡན་གྱི་མཁས་པའི་དབང་པོ་དག་གིས་ཡོ་བསྲང་དང་དག་བཅོས། སྐྱོན་བརྗོད་ལྷུག་པོར་གནང་རྒྱུར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། །

སྟོབས་བཅུའི་མངའ་བདག་སྨན་གྱི་བླ་མ་མ་དྲོས་ཆུ་གཏེར་ལས་འོངས་ཤིང་། །

མི་ཤིག་སྲོག་གི་བདུད་རྩིའི་རང་བཞིན་རྒྱུད་དོན་རྣམ་བཞིའི་ཁ་འབབ་རྒྱུན། །

ཕྱི་རབས་འཚོ་བྱེད་བློ་ཡི་རྒྱ་མཚོར་རྒྱུན་ཆད་མེད་པར་རབ་བསྐྱིལ་བའི། །

བཤེས་གཉེན་དེ་ཀུན་བཀའ་དྲིན་ཆེ་མཆོག་སླར་ཡང་དྲན་པས་ཕྱག་བགྱིའོ། །

གསོ་རིག་བསྟན་པ་རྒྱས་དང་བདག་བློ་ཡང་ཡང་གོམས་པ་དང་། །

སྐལ་མཉམ་གཞན་ལའང་ཕན་ཕྱིར་བདག་གིས་འབད་དེ་ལེགས་པར་བྱས། །

འོན་ཀྱང་གསོ་བྱེད་གཞུང་ལུགས་ཟབ་ཅིང་རྒྱས་ཞིབ་རྒྱ་ཆེ་བས། །

འདི་ལ་ནོངས་སྐྱོན་གང་མཆིས་མཁྱེན་ལྡན་མཁས་པའི་སྤྱན་སྔར་བཤགས། །  




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1