རྒྱུ་གཟེར་དམར་བཤལ་གྱི་སྒེར་བཅོས་མེས་པོའི་ཞལ་ལུང་།
བྱང་དགའ། སྡེ་དགེ་རྫོང་སྨན་རྩིས་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
རྒྱུ་གཟེར་དམར་བཤལ་ཞེས་པ་ངོ་བོ་ནག་པོ་གསུམ་སྒྲིལ་རྒྱུ་མར་བབས་པ་ཞག་མ་འགྱངས་བར་བཅོས་དགོས་པ་གལ་ཆེ་སྟེ། ཐོག་མར་ནད་དེ་རྒྱུ་མར་ཕོག་མ་ཐག་ནད་པའི་ཟུངས་བཟང་འབྲིང་ངན་གསུམ་གྱི་དབྱེ་བ་ཕྱེ་སྟེ། ཟུངས་བཟང་ནད་པར་ཞག་གསུམ། འབྲིང་ལ་ཞག་གཉིས། ངན་པ་ལ་ཞག་གཅིག་བཅས་ཟས་ཀྱི་རྒྱུན་བཅད་ནས། ཐོ་རེངས་ཀྱི་སྐར་ཆུ་སྐྱོགས་ཁ་ཆུའི་འགྲོས་སུ་ཐུར་བསྟན་གྱིས་བླངས་པའི་ཆུ་ཁོ་ན། ཟས་སྐོམ་གཉིས་ཀའི་ཚབ་ཏུ་ཞག་བདུན་ལྔ་གསུམ་བཅད་ལ་ཚད་པའི་གཞི་མ་གཅོག་བར་དུ་གཏོང་། ཚ་བའི་གཞི་བཅག་རྗེས་སྐར་ཆུ་ཡི་སྐྱོགས་ཁ་ཡང་གྱེན་དུ་བསྟན་ནས་ཆུ་ལེན་པ་རྟེན་འབྲེལ་གྱི་བཅོས་ཀ་ཡིན་པ་གསུངས།རྒན་པ་དང་བྱིས་པ་ཕོ་བ་ངན་པ་ཉིད་དང་ཕོ་བའི་མེ་དྲོད་ཞན་པའི་རིགས་ལ་སྐར་ཆུ་བསྐོལ་གྲང་གཏོང་། ཆུ་གྲང་མཚམས་གཅོད་རན་པའི་རྟགས་ནི་རྒྱུ་མའི་གཟེར་བཅགས་ཤིང་འཇོམས་པ། སྐོམ་དད་ཆུང་དུ་འགྲོ་ན་ཆུ་མི་དགོས། རྩམ་པ་གཏོང་པའི་དུས་ནི་ཟུངས་བཟང་ལ་ཞག་གསུམ་མམ་ཕྱེད་གསུམ་ཙམ་གྱི་དུས་སུ་ནས་ཐུག་ཕོར་པ་དོ་ཙམ་ལ་རྩམ་དཀར་སྐྱོགས་གང་ཙམ་བཏབ་ནས་ཤིན་ཏུ་སླ་བ་ལེགས་པར་བསྐོལ་ནས་གྲང་མོར་གཏོང་དགོས་ལ། ཟུངས་འབྲིང་ལ་གཉིས་ཙམ་དང་ཟུངས་ངན་ལ་གཅིག་གཏོང་། རིམ་གྱིས་འཁྲུ་དུས་ཀྱི་ན་ཟུག་ཆགས་པ་དང་གྲང་བར་བབས་པའི་རྟགས་ཕོ་བ་སྦོས་རྫིང་བྱེད་པ་དང་། ལུས་ཀྱི་ཚ་དུག་ཀྱང་ཅུང་ཆུང་ངུར་བསྟུན་ཐུག་པ་རིམ་གྱིས་དྲོད་ཚ་རུ་གཏོང་བ་དང་། ཚྭ་ཅུང་ཟད་རེ་བཏབ་ཅིང་བ་མར་ཅུང་ཙམ་རེ་འདེབས་ཆོག དེ་ནས་རིམ་པར་ཚྭ་མར་ཅུང་ཞིག་མང་དུ་གཏོང་། ཚ་བ་བཅག་ནས་སྔོན་པོ་བྱུང་བ་དང་། མ་འབྱོར་ན་ནས་དཀར་པོ་སྤུ་བཅད་པའི་ནས་ཆག་ཤིན་ཏུ་ཚོས་ངེས་ལ་མར་གསར་ཕྲན་བུ་རེ་བཏབ་པའི་ཐུག་པ་ཚ་མོར་གཏོང་། དེ་ནས་རིམ་གྱིས་ནས་ཆག་སྟེང་འབྲི་གཡག་སོགས་ཀྱི་སྲེ་ལོང་ངམ་སུག་སྡེར་གྱི་རུས་ཐང་ཕྲན་བུ་བླུགས་ནས་གཏོང་། དེ་རྗེས་རིམ་གྱིས་ཟོན་ཚོས་དང་། ཤ་ཁུ། ཤ་གསར་རུས་གསར། ཆང་སྡེབས་མེད་སླ་བ་བཅས་རིམ་གྱིས་གཏོང་། སྤྱོད་ལམ་དུ་མེ་དང་ཉི་མ་སྤངས་ཤིང་ཚ་བ་མ་བཅག་བར་དུ་བསིལ་སར་འདུག་རྒྱུ་གལ། ཚ་བ་བཅག་རྗེས་སྤྱོད་ལམ་ཀྱང་རིམ་གྱིས་དྲོད་དུ་སྤྲུགས་དགོས། སྨན་གྱིས་བཅོས་པ་ནི། འདི་སྨན་པ་སོ་སོའི་བཅོས་ཚུལ་སྣ་ཚོགས་ཡོད་ཀྱང་འབྲི་ལུགས་ཀྱི་སྨན་བཅོས་འདི་ཤིན་ཏུ་ཟབ་པ་གསུང་བས། ཐོག་མར་ནད་ཕོག་མ་ཐག་ཏུ་རྒྱུ་མའི་རུལ་སྦྱངས་ཞེས་པ་སོ་མ་རྟ་རིའི་གཉན་ཤས་ཚབས་ཆེ་བ་ལ་ཐུན་གསུམ། འབྲིང་ལ་གཉིས།ཟུངས་ངན་ཚབས་ཆུང་ལ་ཐུན་གཅིག་བཅས་བསྐོལ་གྲང་གིས་ཕུལ། དངོས་གཞི་འདིའི་སྐབས་སྨན་ནག་འཆི་མེད་བདུད་རྩི་མྱོང་གྲུབ་ནང་གི་རྒྱས་པའི་ཁ་ཚར་ཡོད་པ་དེ་མ་ཡིན་པའི་ག་བུར་ནག་པོ་ཐལ་སྦྱོར་སྟེ་(ཉི་མ་མ་ཕོག་པའི་ཕག་རིལ།)དང་། སྲད་དཀར། རྫ་ཧོང་ལེན། དེ་བ་གཡུ་ཆུང་། སྤྱི་བཞུར་བཞི་ཞེས་པའི་སྨན་སྣ་ལྔ་པོ་སོ་སོར་ནུས་བསྲེག་བྱས་པ་མྱོང་གྲུབ་སྦྱོར་ཚད་དུ་ཡོད་པ་ནང་ལྟར་རྒྱུན་པར་ཕོ་བར་བབས་པ་བཅོས་པའི་རིམས་ནད་ཀྱི་སྤྱི་ཁྱབ་ཁ་ཚར་མྱོང་གྲུབ་ཀྱི་བཅོས་རྒྱས་པ་གནང་མི་དགོས། བསྲེག་སྨན་ལྔ་པོའི་སྟེང་དུ་གཅེས་བསྡུས་ཀྱི་ཅ་ཆ་ཤ་ཉའི་མུ་ལ་བཞི་མཉམ་པོར་བསྲེག་ཆོག །རྩ་བ་རྣམས་ལས་བསྟན་པའི་ཕྱེ་མ་དེ་བ་དམར་ཟལ་ཆུའི་རིལ་བུ་སོགས་ཀྱང་གནང་མི་དགོས་ཤིང་། ཕྱེ་མ་རང་བཏང་ན་ཆོག སྨན་ནག་དེ་དང་རྒྱུད་ཀྱི་མཁྲིས་ཕྱེ་བདུན་པ་ཁ་ཚར་ཅན་གཅེས་བསྡུས་ཀྱི་ཚད་ལྟར་ཕྱི་མ་གཉིས་སྐར་ཆུ་བསྐོལ་གྲང་གིས་ནངས་དགོང་ལྟག་པ་སྤྲད་དེ་ཚ་བ་མ་བཅག་བར་དུ་གཏོང་དགོས། ཚ་བ་བཅགས་རྗེས་རིམ་གྱིས་སྨན་གཉིས་པོ་རང་གི་ཚད་འགྲོ་ཡང་། ངེས་མེད་མེ་དྲོད་ཞན་པའི་རིགས་དང་གྲང་རླུང་མཐོ་བ་རྣམས་ཟས་མདོག་ལྟ་བུ་བཤལ་ཅིང་མ་ཆད་ན། ཕྱི་རྒྱུད་ཕྱེ་མའི་ལེའུ་ལས་ད་ཏྲིག་བདུན་པ་སྟེ་བཏང་ན། ཚ་གྲང་རྟས་བསྒྱུར་ཁུ་བ་གཅོད་པའི་མཆོག་ཞེས་པའི་སྦྱོར་བ་དང་། གསེར་མདོག་ལྔ་པ་བསྟེན་ནའང་ལེགས། དེ་ལས་ཀྱང་གྲང་རླུང་མཐོ་བའི་རིགས་དང་མཇུག་ལ་ཆུ་ནད་འགྱུར་ཉེན་ཆེ་བའི་རིགས་ལ་མྱོང་ཐབས་བད་མཁྲིས་གཉིས་ཀྱི་སེ་འབྲུ་པདྨ་འདབ་བརྒྱད། གུར་གུམ་སྟེང་ཁ་གུར་བསྣན་པའི་དྭངས་མ་གནས་འཇོག་ལེགས། གོང་གི་འཆི་མེད་མྱོང་གྲུབ་རྒྱས་པའི་ཁ་ཚར་མིན་པ་དམར་བཤལ་རང་གི་སྐབས་སུ་རྒྱུད་ཀྱི་ག་བུར་ནག་པོ་ཐལ་སྦྱོར་དང་། སྲད་དཀར་དང་ཧོང་ལེན།དེ་བ་ཤིང་སྔོན་བཞི་པོའི་སྨན་སོ་སོར་ནུས་ལྡན་དུ་བསྲེག་པའི་སྟེང་དུ་ཅ་ཆ་ཉའི་མུ་ལ་གསུམ་ཞོ་རེ་བསྣན་པའི་འབྲི་ལུགས་སྨན་ནག་འཆི་མེད་བདུད་རྩི་ནི་དམར་བཤལ་རྐྱང་པ་ལ་ཤིན་ཏུ་བསྔགས། སྦྱར་ལུགས་དང་གཏོང་ཚུལ་གོང་དུ་བྲིས་པ་བཞིན ། རྒྱས་བཀྲོལ་ནི་ཕོ་བར་བབས་པའི་རིམས་ནད་གཙོར་གྱུར་རིམས་སྤྱི་ཁྱབ་ཀྱི་མྱོང་གྲུབ་ཁ་ཚར་རྒྱས་པ། སློབ་དཔོན་གྱི་ཕྱག་རྒྱུན་དང་སྦྱོར་ཚད་ལྟར་ཐམས་ཅད་བསྣན་ཏེ་ཞིབ་པར་བ་དམར་ཟལ་གྱི་ཕྱི་ཆུས་ཞིབ་མོར་འདམ་འཐག་ལེགས་པར་བྱས་ཏེ་རིལ་བུ་སྲན་མ་ཙམ་དུ་དྲིལ། རིལ་བུ་གསུམ་མམ་ལྔ་བདུན་སོགས་ཐུན་ཚད་ལྟར་ནད་པ་རྒན་དར་གཞོན་བྱིས་ཟུངས་དང་སྦྱར་ཞིང་སྨན་ནག་ཆེ་བའི་སྦྱོར་སྡེ་ལས་གསལ་བ་དེ་གཏོང་། སྨན་ནག་ལུགས་གཉིས་ཇི་ལྟར་སྦྱར་ཚུལ་ལ། བསྲེག་སྨན་ལྔ་པོའི་སྐབས་སྲད་དཀར་དང་རྫ་ཧོང་ལེན་གཉིས་མ་ནོར་བ་དང་། དེ་བ་སྐབས་འདིར་ཤིང་དེ་བའི་ལྤགས་པ་དང་། ཤིང་སྔོན་ནི་སྤྱི་བཞུར་སྦྱར། ཡང་ན་དམར་བཤལ་སྐབས་གསང་སྨན་ཅ་ཆ་ཤ་ཉའི་མུ་ལ་བསྣན་ཞེས་པ་གབ་མིང་། (ཟུར་དུ་གསལ་བ་མན་ངག་ཡིན་པས་གབ།) དགོས་མཁོ་ཅན་ལ་ཟུར་དུ་འབུལ། སྨན་རྣམས་སྟོན་ཟླ་བརྒྱད་པའམ་དགུ་པ་གང་རུང་གི་ནང་དུ་བརྐོ་བ་བཟང་ཞེས་གསུངས་ཚུལ་འདུག ཡང་དམར་བཤལ་སྐབས་མཁྲིས་ཕྱེ་བདུན་པ། མྱོང་གྲུབ་ཏུ་ཁ་ཚར་སྦྱར་ཚད་བཅས་ཡོད་པ་རྣམས་ག་བུར་ནག་པོའི་ཐལ་སྦྱར་ཕག་རིལ་ཞེས་པའི་བསྲེག་སྨན་ལྔ་པོ་མཁྲིས་ཕྱེ་བདུན་པ། མྱོང་གྲུབ་ཏུ་ཁ་ཚར་ཅན་གྱི་སྟེང་དུ་མ་ཡིན་ཞིང་། རྒྱུད་ཀྱི་བསྲེག་སྨན་ག་བུར་ནག་པོ་དང་སྲད་དཀར།ཧོང་ལེན་དེ་བ་ཤིང་སྔོན་བཞི་ཞེས་པའི་ལྔ་པོའི་སྟེང་ཅ་ཆ་ཤ་ཉའི་མུ་ལ་རྣམས་བསྣན་ནས་མཁྲིས་ཕྱེ་བདུན་པ་ཁ་ཚརཅན་དང་ལྟག་སྤྲོད་ཀྱིས་གཏོང་དགོས་གསུངས། ཕྱི་རྒྱུད་ཐལ་སྨན་ལེའུ་ལས་སྨན་ནག་སྟེང་ཞེས་པ་ཡང་གོང་གི་ག་བུར་ནག་པོའི་ཐལ་སྦྱོར་དང་ཞེས་བསྲེག་སྨན་ལྔ་པོ་རང་ཡིན། ཅ་ཆ་ཤ་ཉ་རྣམས་ཀྱང་དམར་བཤལ་རང་གི་རྒྱུད་ཀྱི་བསྲེག་སྨན་ལྔ་ལ་བསྣན་པ་མ་གཏོགས་གཞན་འཆི་མེད་བདུད་རྩིའི་རིམས་ནད་སྤྱི་ཁྱབ་ཀྱི་ཆེ་བ་མྱོང་གྲུབ་ཁ་ཚར་ཅན་དང་། གཅེས་བསྡུས་མཁྲིས་ཕྱེ་བདུན་པ་ཁ་ཚར་ཅན་སོགས་གཉིས་ལ་ཅ་ཆ་ཤ་ཉའི་ཁ་ཚར་མི་དགོས་ཞེས་སོགས་གསུངས་པ་ནི་མཐོང་རྒྱུད་ཀྱི་ཕྱག་ལེན་ལྟར་གྲུབ་པ་ཕན་པ་མྱོང་གྲུབ་ཡིན་ནོ།། དེ་ལྟར་ངར་ཕུག་ལྷ་རྗེའི་ཉམས་ཡིག་དང་སྨན་སྦྱོར་ཁྱད་པར་ཅན་སྐོར་སོགས་དྲུང་འཚོའི་སྨན་རྒྱུད་དུ་ངག་རྒྱུུན་ལས་བྱུང་བ་འདིར་བཀོད་པ་བཞིན་ཡིན་པས་འདིའི་ནང་མ་བཀོད་པའི་གསང་སྨན་ཅ་ཆ་ཤ་ཉའི་མུ་ལ་གསུམ་ཞེས་པའི་གསང་སྨན་རྣམས་མ་རྙེད་ན་མི་སྒེར་ལ་ཞུ་ཆོག དེ་ལྟར་ལས་དང་པོ་ང་དང་ཆེད་གཉེར་བ་རྣམས་ལ་ཕན་པ་སྙམ་ནས་ཉམས་མྱོང་ཟིན་བྲིས་བཀོད་པ་འདིས་དེ་སྲིད་འགྲོ་བ་ནད་པ་ནད་ལས་རིང་དུ་བྲལ་བའི་རྒྱུ་རུ་གྱུར་ཅིག །
དེ་ལྟར་བསིལ་ལྡན་གངས་རིའི་སྨན་ལྗོངས་ལས། །
ལེགས་བྱུང་གསོ་རིག་རིན་ཆེན་འདོད་སྦྱིན་གཏེར། །
ཇི་བཞིན་རིས་མེད་འགྲོ་ལ་ལེགས་སྦྱིན་པས། །
འཕྲིན་ལས་རྒྱུན་མི་ཆད་པའི་ཤིས་པ་སྩོལ། །