བོད་ལུགས་གསོ་རིག་གི་བསྟན་པའི་སྙིང་པོ་གཞན་ཕན་གྱི་སྐོར་ཅུང་ཟད་གླེང་བ།

སྐལ་ལྡན་ཉི་མ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་རིག་གཞུང་ཞིབ་འཇུག་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


ནང་དོན་གནད་བསྡུས། སྔར་བྱུང་ལོ་རྒྱུས་དང་ད་ལྟའི་གནས་ཚུལ། ལུང་རིགས་གང་ཅིའི་སྒོ་ནས་བོད་ལུགས་གསོ་རིག་བསྟན་པའི་སྙིང་པོ་ནི་གཞན་ཕན་ཡིན་པའི་སྒྲུབ་བྱེད་བཀོད་ཅིང་། དེ་ནི་གསོ་རིག་གཞན་གྱིས་སྒྲུན་དུ་མེད་པའི་ཐུན་མོང་མ་ཡིན་པའི་དགོངས་པ་རླབས་ཆེན་ཞིག་ཡིན་ཚུལ་སྐོར་གསལ་བཤད་བྱས་ཡོད།

བརྡ་ཆད་གཙོ་བོ། བོད་ལུགས་གསོ་རིག །བསྟན་པའི་སྙིང་པོ། སྙིང་བཅུད་རིན་ཐང་། གཞན་ཕན།

དང་པོ། བོད་ཀྱི་གསོ་བ་རིག་པའི་བསྟན་པའི་

སྙིང་པོ་ངོས་བཟུང་བ།

བོད་ཀྱི་གསོ་བ་རིག་པའི་བསྟན་པའི་སྙིང་པོ་ནི་གཞན་ཕན་ཡིན་ཏེ། དེ་ཡང་བོད་ཀྱི་གསོ་བ་རིག་པ་འདི་ཉིད་དར་སའི་ལྟེ་བ་བོད་ཡིན་ཅིང་། བོད་མི་རིགས་འདི་ཉིད་སྲོལ་རྒྱུན་རིག་གནས་དང་ཡུལ་གོམས་གཤིས་ལུགས་སོགས་གང་གི་ཆ་ནས་ཀྱང་། མི་རྣམས་རང་བཞིན་གྱིས་བྱམས་དང་སྙིང་རྗེའི་བདག་ཉིད་ཅན། བྱམས་བརྩེ་དང་ཞི་མཐུན་ལ་དད་ཅིང་། འཚེ་བ་དང་འཁྲུག་རྩོད་ལ་མི་མོས་པ་ཞིག་ཡིན་པའི་བསམ་བློའི་རྨང་གཞིའི་སྟེང་། གསོ་རིག་དོན་དུ་གཉེར་བའི་འཚོ་བྱེད་སྨན་པར་གཏོགས་པ་རྣམས་ཀྱིས་ནི། གསོ་རིག་གཞུང་ལས་ནད་སོགས་མི་དགེ་བ་ཀུན་གྱི་རྩ་བ་མ་རིག་པ་ནི་བདག་འཛིན་ལས་བྱུང་བར་གསུངས་པས། དེའི་གཉེན་པོ་གཞན་ཕན་བསྐྱེད་དགོས་པ་རྩ་དོན་ཡིན་ལ། བཤད་རྒྱུད་བྱ་བྱེད་སྨན་པའི་ལེའུ་ལས། སྨན་པའི་རྒྱུ་བསྟན་པའི་སྐབས་སུ། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་། །དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང་། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག །ཅེས་རྒྱུ་དྲུག་ལས། བསམ་པ་དཀར་བར། བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ། །སྦྱོར་བ་དངོས་གཞི་འཇུག་ལས་དང་པོ་ནི། །སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་། །བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས། སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླངས། ། ཞེས་དང་པོ་བསམ་སྦྱོར་སེམས་ཅན་ཐམས་ཅད་ཕ་མར་འདུ་ཤེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་གཞན་ལ་ཕན་འདོགས་འདོད་ཀྱིས་རིས་སུ་མ་ཆད་པའི་མཁའ་མཉམ་འགྲོ་བ་རང་གི་དགྲར་གྱུར་པ་ཚུན་ཆད་ལ་རང་ལས་གཞན་གཅེས་ཀྱི་བྱམས་དང་བརྩེ་བས་གསོ་བ་རིག་པའི་ཐབས་བླ་ན་མེད་པ་ལ་བརྟེན་ནས་མི་ན་བ་བདེ་བར་གནས་ཤིང་ཚེ་རིང་བར་བྱེད་པ་དང་། ལྷག་པར་དུ་ཉམ་ཐག་པའི་ནད་པ་རྣམས་ལ་བུ་ཚའི་འདུ་ཤེས་ཀྱིས་སྙིང་རྗེ་ཆེན་པོས་རྗེས་སུ་བཟུང་སྟེ། ལུས་སེམས་ནད་ཀྱིས་གདུང་བ་ལས་སྒྲོལ་བར་བྱེད་པའི་ལྷག་པའི་བསམ་པའམ་གཞན་ཕན་གྱི་སེམས་བླ་ན་མེད་པ་ཞིག་དགོས་ཤིང་། དེ་ཡང་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་ཙམ་མ་ཟད་འགྲོ་བ་མིའི་རིགས་ལས་བརྒལ་ཏེ་སྲོག་ཆགས་འབུ་སྲིན་གྲོག་སྦུར་ཚུན་ལ་བཏང་སྙོམས་ཀྱི་ལྟ་སྟངས་ཡོད་དགོས་པའོ། །

གཉིས་པ། གསོ་རིག་འཛིན་པ་རྣམས་ཀྱིས་གཞན་ཕན་གྱི་ལྟ་བ་སྙིང་པོར་འཛིན་དགོས་པའི་རིག་གཞུང་རྒྱབ་རྟེན།

རྒྱུད་ཀྱི་ཡོངས་གཏད་ལེའུ་ལས། བྱམས་སེམས་ཆེ་བས་གཞན་དོན་གཙོ་བོར་ལེན། །ཆོས་ལ་བྲང་གཏད་གཡོ་རྒྱུ་ཟོལ་ཟོག་མེད། སྨན་པའི་རྒྱུ་དྲུག་ཚོགས་པའི་སྐལ་ལྡན་ལ། །དྲང་སྲོང་ཆེན་པོས་རྒྱུད་འདི་གཏད་པར་བགྱི། །ཞེས་བོད་ལུགས་གསོ་རིག་གི་རྩ་བ་དང་སྙིང་པོར་གྱུར་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་བསླབ་པར་འོས་པའི་སློབ་མའི་ཆ་རྐྱེན་གཙོ་བའི་གྲས་སུ་གཞན་ཕན་གྱི་བློ་དགོས་པར་གསལ་སྟོན་གནང་ཡོད་པ་མ་ཟད། མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་གྱིས། གང་ཞིག་ལུས་ཅན་ཟུག་རྔུས་མནར་བ་ལ། །སྐྱོབ་པའི་གཉེན་མཆོག་གསོ་རིག་ལས་གཞན་ཅི། །དེ་ཕྱིར་གཞན་ཕན་ལྷུར་ལེན་སྐྱེས་བུ་རྣམས། །རིག་པའི་གནས་འདི་འཛིན་སྐྱོང་སྤེལ་བར་རིགས། །ཞེས་གཞན་ཕན་ལྷུར་ལེན་འདོད་པའི་སྐྱེས་བུ་ཡིན་ན་གསོ་བ་རིག་པར་འཇུག་འོས་སོ་ཞེས་སྐུལ་མ་གནང་བ་དང་། རྗེ་སྣ་ཚོགས་རང་གྲོལ་གྱིས། མདོ་རྒྱུད་ཀུན་ནས་གཞན་ཕན་སྨོན་ལམ་ལ། །འབད་པར་གསུངས་ཀྱང་མངོན་སུམ་ཕན་པ་ནི། །གསོ་བྱེད་ལས་ལྷག་གང་ཡང་མ་མཆིས་པས། །རང་དོན་སྤངས་ནས་གཞན་དོན་བསྒྲུབ་པར་འཚལ། །ཞེས་གཞན་ཕན་དངོས་སུ་སྒྲུབ་པ་ལ་གསོ་དཔྱད་ལས་ལྷག་པ་མེད་པའི་གནས་ལུགས་བསྟན་པ་འདིས་ཀྱང་ཤུགས་ལས་གསོ་རིག་གི་སྙིང་བཅུད་ནི་གཞན་ཕན་ཡིན་པར་བསྟན་ཡོད་པའོ། །

བཤད་རྒྱུད་སྨན་པའི་ལེའུ་ལས་སྨན་པའི་དམ་ཚིག་བློ་བཞག་རྣམ་པ་དྲུག་བསྟན་པའི་སྐབས་སུ། ནད་པ་ལ་བུ་ཚའི་འདུ་ཤེས་འཇོག་དགོས་པ་དམ་ཚིག་གི་ཚད་ནས་བསྟན་པ་དང་། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། སྨན་པ་ཕ་ཡིན་ནད་པ་སྙིང་རྗེས་སྐྱོང་། །ནད་པ་བུ་ཡིན་ངན་མཚང་ཕྱིར་མ་བརྗོད། །ཅེས་བཀའ་བསྩལ་ཡོད་ཅིང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་སྨན་པ་རྣམས་ལ་ཞལ་གདམས་གནང་བར། གཏང་རག་དང་བྱ་དགའ་མ་སེམས་པར། །ཕན་སེམས་དང་གཞན་སེམས་ཀྱི་བྱ་ར་ཐོང་། །ཞེས་གཙོ་བོ་བྱམས་དང་སྙིང་རྗེ་གཞན་ཕན་གྱི་སེམས་ངེས་པར་དུ་ལྡན་དགོས་ཚུལ་གསུངས་པའོ། །

ནད་པའི་དོན་དེ་ཇི་ལྟ་བུའི་སྒོ་ནས་བསྒྲུབ་དགོས་ཚུལ་ཡང་བཤད་རྒྱུད་སྨན་པའི་ལེའུ་ལས། གཞན་གྱི་བྱ་བ་ལ་བརྩོན་ནད་པ་དེ། དེ་དོན་ཕྱི་བཤོལ་བར་དུ་མ་ཆོད་པར། །གྱང་ཐོག་མར་ཕོར་བོ་ན་གསོད་བསྡིགས་བཞིན། །སྨན་དཔྱད་དུས་ལས་མ་འགྱངས་བརྩོན་པས་སྒྲིམས། །ཞེས་དཔེ་དང་བཅས་པའི་སྒོ་ནས་སྨན་པ་ཞིག་ཡིན་ཕྱིན་ནད་པའི་བྱ་བ་དེ་གལ་ཆེ་ཤོས་སུ་བཟུང་ནས་རིག་པ་བསྒྲིམ་དགོས་པར་བསྟན་པ་ལགས་སོ། །

གསུམ་པ། གནའ་དེང་གཉིས་ཀར་གསོ་རིག་གི་སྙིང་པོ་གཞན་ཕན་ཡིན་ཚུལ་གྱི་དཔེ་མཚོན།

སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོས་གཙོ་བྱས་པའི་སྨན་བླ་མཆེད་བདུན་སོ་སོས་འགྲོ་བ་ནད་པའི་དོན་དུ་སེམས་སྐྱེད་ཆེན་པོས་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུ་ལ་བརྟེན་ནས་སངས་རྒྱས་ཤིང་སྨན་གྱི་བླ་མར་གྱུར་ནས་འགྲོ་བ་ནད་པའི་དོན་མཛད་པའི་ཚུལ་སོགས་སྨན་མདོ་བརྒྱད་བརྒྱ་པ་ལས་གསལ་བ་དང་། སྟོན་པ་བཅོམ་ལྡན་འདས་ཀྱིས་མདོ་ལས་འདི་སྐད་དུ། ནད་པ་གཅིག་ཕྱིར་གོམ་པ་བདུན་བོར་ན། །སངས་རྒྱས་ཀུན་ལ་བསྐོར་བ་བྱས་དང་མཉམ། །ནད་པ་གཅིག་ལ་སྨན་ཐུན་གཅིག་སྦྱིན་ན། །སེམས་ཅན་ཀུན་ལ་སྦྱིན་པ་བྱིན་དང་མཉམ། །ནད་པ་གཅིག་གི་རེ་བ་བསྐང་བ་ན། །མཆོད་འོས་ཀུན་ལ་མཆོད་པ་ཕུལ་དང་མཉམ། །ཞེས་ནད་པ་ལ་ཕན་སེམས་ཆེན་པོའི་སྒོ་ནས་སྨན་བཅོས་བྱེད་པ་ལས་ཕན་ཡོན་ཆེ་བ་མེད་པར་གསུངས་པ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བ་ནད་པ་ཇི་སྲིད་དུ། །ནད་སོས་གྱུར་གྱི་བར་དུ་ནི། །སྨན་དང་སྨན་པ་ཉིད་དག་དང་། །དེ་ཡི་ནད་གཡོག་བྱེད་པར་ཤོག །ཅེས་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ་ནད་པའི་ཆེད་དུ་སྨན་པ་དང་ནད་གཡོག །ཐ་ན་ནད་སེལ་བའི་སྲོག་ཆགས་སྨན་གྱི་ལུས་སུའང་སྐྱེ་བར་ཤོག་ཅེས་སྨོན་ལམ་མཛད་པ་དང་། སྔར་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་སྐུ་འཚོ་བཞུགས་སྐབས་སུ། སྟོད་ལུང་སྨན་པ་ཀུན་རྒྱུག་ཟེར་བ་གཡུ་ཐོག་པ་ཡབ་སྲས་ལ་ཆགས་སྡང་བྱེད་པ་ཞིག་ཡོད་པ་དེའི་བུ་མོར་མངལ་སྲིན་ན་བར་རང་གིས་བཅོས་བྱས་ཀྱང་མ་ཕན་པར་གཡུ་ཐོག་པ་གདན་དྲངས་པར་གཡུ་ཐོག་པས་གནོད་ལན་དུ་ཕན་འདོགས་ཆེད་ཕེབས་ནས་སྨན་བཅོས་མཛད་པའི་ལོ་རྒྱུས་ཡོད་པ་དང་། དེ་བཞིན་གོང་སྨན་དཀོན་མཆོག་འཕན་དར་ཡང་། ཁོང་ལ་ཕྲག་དོག་བྱེད་པའི་སྨན་པ་ཡོལ་གདོང་པའི་གཡོག་གཅེས་པོ་ཞིག་འཆི་ཁ་ལས་བསྐྱབས་ཀྱང་ཡོལ་གདོང་པས་བསམ་ངན་བཅངས་ཏེ། སླར་ཡང་རྗེས་བཅོས་ལ་གདན་འདྲེན་ཞུ་ཁུལ་བྱས་ཏེ་ལམ་བར་སྐུ་ལ་མཚོན་གྱིས་བསྣུན་ཏེ་ཤེས་བཞིན་དུ་གཞན་དོན་དུ་གཤེགས་པ་སོགས་ཀྱི་རྣམ་ཐར་མང་ངོ་། །

དེ་བཞིན་བོད་ཀྱི་སྨན་པ་རྣམས་ནི་མི་ཙམ་མ་ཟད་སེམས་ཅན་གང་ཞིག་ནད་ཀྱིས་གདུངས་ཀྱང་སྙིང་རྗེ་ཆེན་པོས་སྨན་བཅོས་མཛད་པ་ཞིག་སྟེ། ཞང་གཟི་བརྗིད་འབར་གྱིས་རི་བོང་རྐང་པ་ཆག་པར་སྒྱོགས་བསྐུར་ནས་སོས་པས་རི་བོང་སྨན་པ་ཞེས་གྲགས་པ་ལྟ་བུས་མཚོན་སྨན་པ་ཕལ་ཆེ་བས་མི་ཕྱུགས་གཉིས་ཀའི་སྨན་པ་མཛད་པ་ཡིན་ནོ། །

རྒྱལ་དབང་ལྔ་པ་ཆེན་པོས་དཔལ་ལྡན་རྒྱུད་བཞིའི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་མཛད་པའི་སྐབས་སུ། གསོལ་བ་བཏབ་པའི་འདོད་དོན་དུ་རྒྱུ་ནོར་ལོངས་སྤྱོད་སྙན་གྲགས་སོགས་གང་ཡང་མ་ཞུས་པར་གཞན་ཕན་གྱི་སྣང་བ་སྩོལ་ཅིག་ཅེས་གསུངས་ཡོད་པ་དང་། འཇུ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེས་ཀྱང་། སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡི། །འཚོ་བྱེད་དམ་པས་ས་འདི་ཡོངས་གང་ཤོག། ཅེས་སྙིང་རྗེའི་གཞན་དབང་དུ་སོང་བའི་སྨན་པས་ས་སྟེང་གང་བར་ཤོག་ཅེས་སྨོན་ལམ་གནང་ཡོད། དེ་བཞིན་མཁན་ཆེན་ཚུལ་ཁྲིམས་རྒྱལ་མཚན་མཆོག་གིས། རིགས་གཟུགས་ལང་ཚོ་དཔལ་འབྱོར་དང་། །སྙན་གྲགས་ཆེ་ཡང་བདག་མི་སྨོན། །གཞན་ལ་ཕན་པའི་བསམ་སྤྱོད་ཅན། །གང་དེར་བདག་ཡིད་ཤིན་ཏུ་སྨོན། ཞེས་དང་། མཁན་ཆེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེའི་སློབ་ཆེན་མཆོག་སྤྲུལ་དབང་རྒྱལ་རྡོ་རྗེས། འགྲོ་བ་ཀུན་ལ་མ་ལྟར་བྱམས་པས་སྐྱོང་། རང་གཞན་བདེ་སྡུག་ཉེར་བརྗེ་བུ་ལྟར་བརྩེ། །ནད་ཀྱི་གཉེན་པོ་གང་ལེགས་དེ་བྱས་ན། །རྣམ་ཀུན་ལྷོད་མེད་སྐྱོང་བ་སྨན་པའི་རྒྱལ། །ཞེས་གཞན་ཕན་གྱི་ལྷག་བསམ་ཡོད་པའི་སྨན་པ་ནི་སྨན་པའི་རྒྱལ་པོ་ཡིན་ཞེས་ཆེས་མཐོ་བའི་བསྔགས་བརྗོད་མཛད་པ་སོགས་མདོར་ན་བོད་ཀྱི་གནའ་དེང་སྨན་པ་ཀུན་གྱིས་གཞན་ཕན་ནི་བསམ་བློ་ཀུན་སྤྱོད་ཀྱི་ཚད་འཛིན་སའི་རྩ་དོན་ཉག་གཅིག་ཏུ་རྩལ་འདོན་མཛད་ཡོད། དེ་བཞིན་རྒྱལ་བའི་བླ་སྨན་མཁྱེན་རབ་ནོར་བུས། སྨན་རྩིས་ཁང་གི་ཉེ་འགྲམ་དུ་སྤྲང་ཚང་ཞེས་དབུལ་ཕོངས་གཉེར་སྐྱོང་མཛད་ནས་དེ་དག་ལ་ཟས་གོས་དང་སྨན་སྦྱིན་མཛད་པ་ནི་གཞན་ཕན་རླབས་ཆེན་གྱི་མཛད་པ་ཁོ་ན་ལས་མ་འདས་ཤིང་། ད་ལྟ་འཚོ་ཞིང་གཞེས་པའི་ངེད་བོད་ལྗོངས་སྨན་རྩིས་ཁང་གི་དབུ་འཛིན་སྐུ་གཞོན་ཡུམ་པ་མཆོག་གིས། རྒྱུན་འཛིན་གསར་གཏོད། མཁའ་མཉམ་གཞན་ཕན། ཞེས་གཞན་ཕན་དེ་སྨན་ཁང་གི་གདམས་ཚིག་ཏུ་བཞག་པ་སོགས་ལས་ཀྱང་རླབས་ཆེན་གྱི་བསམ་སྤྱོད་མཚོན་པ་ལགས་སོ། །  

◆ མཆན། (དཔྱད་རྩོམ་འདིའི་ནང་དོན་ཞིབ་ཕྲ་ལ་གཟིགས་པར་གོང་གི་རྩ་གཉིས་ཨང་རྟགས་བཤེར་འབེབས་བྱ་རོགས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1