ནང་དོན་གནད་བསྡུས། བོད་ལུགས་གསོ་རིག་སྨན་རྫས་ལས་ཨ་རུ་རའི་ངོས་འཛིན་དང་། འཐུ་དུས། ལས་བསྣན་བྱ་ཐབས། ཕན་ནུས། འདུལ་སྦྱོང་བྱ་ཐབས་སོགས་ལ་རྒྱུད་དང་རྗེས་འཇུག་མཁས་པའི་བཞེད་སྒྲོས་འགའ་ཞིག་བསྡུར་བ་བྱས་ཏེ་དཔྱད་པ་ཕྲན་ཙམ་བྱས་ཡོད་དོ།
བརྡ་ཆད་གཙོ་བོ། ཨ་རུ་ར། ངོས་འཛིན། ཕན་ནུས། འདུལ་སྦྱོང་།
དེ་ཡང་རང་ཅག་ཁ་བ་ཅན་གྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་དུ་གྱུར་པ་གསོ་བ་རིག་པ་འདི་ནི་འགྲོ་བ་མིའི་རིགས་བྱུང་འཕེལ་བྱུང་བ་དང་དུས་མཚུངས་སུ་མེད་པ་ནས་ཡོད་པ་དང་ཡོད་པ་འཕེལ་རྒྱས་སུ་ཕྱིན་པ་ཡིན་ལ། ལྷག་པར་བོད་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ནད་རིགས་སྣ་ཚོགས་པར་འཐབ་རྩོད་དང་འདྲེས་གོམས་བྱས་པ་ལས་བོད་ཀྱི་གསོ་བ་རིག་པར་ནང་གསེས་རིག་ཚན་དང་དབྱེ་བ་ནད་སྨན་སོ་སོ་དགོས་ཀྱི་གཉེན་པོ་སོགས་མ་ལག་ཆ་ཚང་བར་གྱུར་ཅིང་། མིའི་རིགས་ཀྱི་གསོ་རིག་ལོ་རྒྱུས་ཁྲོད་ངོ་མཚར་ཆེན་པོ་བསྐྲུན། གསོ་བ་རིག་པའི་རིག་གཞུང་ཟབ་པ་དང་རྒྱ་ཆེ་བ་མཐའ་ཡས་པའི་རྒྱ་མཚོ་ལྟ་བུའི་ནང་གསེས་ཀྱི་ཆ་ཤས་སྨན་རྫས་རིག་པ་དེ་ཡང་ལོ་རྒྱུས་རྒྱུན་རིང་ཞིང་། ཞིབ་འཇུག་གི་རིན་ཐང་བླ་མ་མེད་པ་ལྡན་ལ། རྒྱུད་དང་ཉམས་ཡིག་ཁག་སོགས་གནའ་བོའི་དཔལ་ཡོན་ལྡན་པའི་རིག་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་དང་ཁུངས་སྐྱེལ་ཡོད་པས་པར་མ་ཟད། ལག་ལེན་དངོས་ཀྱི་ཁྲོད་ཕན་འབྲས་མངོན་གསལ་གྱིས་ཡོད་པ་སོགས་བོད་སྨན་སྨན་རྫས་རིག་པ་ནི་བོད་ཀྱི་གསོ་བ་རིག་པའི་ནང་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ནོ། །
འོན་ཀྱང་བོད་སྨན་ལས་སྨན་རྫས་རིག་པ་ཞེས་ནང་གསེས་རིག་ཚན་ཆེན་པོ་དེར་ཡང་སྨན་གྱི་ངོས་འཛིན་དང་དབྱེ་བ། རོ་ནུས། ཞུ་རྗེས། འདུལ་སྦྱོང་ལག་ལེན་སོགས་ལ་ཕྱི་རབས་མཁས་པ་སོ་སོའི་འདོད་ཚུལ་མི་མདུན་པ་ཅུང་ཙམ་རེ་ཡོད་པ་བཞིན་འདིར་ཁོ་བོསི་སྨན་མཆོག་ཨ་རུ་ར་ཉིད་ཀྱི་སྐོར་ལ་ཨ་རུ་རའི་ངོས་འཛིན་སོགས་ས་བཅད་འགའ་ཞིག་གིས་དཔྱད་པ་བྱས་ཡོད་དོ། །
ས་བཅད་དང་པོ། ཨུ་རུ་རའི་ངོས་འཛིན་སྐོར།
1.ཐ་སྙད་འདོགས་ཚུལ།
སྤྱིར་ཨ་རུ་ར་ལ་མིང་གི་རྣམ་གྲངས་གཞན་ལ་སྨན་མཆོག་རྒྱལ་པོ། འཆི་མེད་དམ་བདུད་རྩི། གསེར་མདོག བཅུད་ལེན། དུག་འཇོམས་སོགས་ཟེར་ཞིང་། 《 ཤེལ་གོང་ཤེལ་ཕྲེང་》ལས་གསེར་མདོག་དང་། ནུས་ལྡན་སོགས་མིང་གི་རྣམ་གྲངས་མང་། ཀྲུང་ལུགས་སྨན་རྫས་ཀྱི་མིང་དུ་诃子སྟེ་རྒྱལ་སྤྱིའི་ཐ་སྙད་དུ་Terminalia chebula Retzཞེས་ཡིན་པ་ལྟ་བུའོ། །
2.དངོས་བསྟན་པ།
ཨ་རུ་ར་ཞེས་པ་ནི་《ཤེལ་གོང་ཤེལ་ཕྲེང》ལས། སྔོན་གྱི་གཏམ་རྒྱུད་ལྟར་ན། སྨན་མཆོག་རྒྱལ་པོ་ཨ་རུ་ར། ཞེས་བསྔགས་པ་འདི་སྔོན་ལྷ་དང་ལྷ་མ་ཡིན་གྱིས་བདུད་རྩི་ལོངས་པའི་དུས་སུ་ཚངས་པའི་ཞལ་ནས་ཐིགས་པ་སར་ལྷུང་བ་ལས་འཁྲུངས་པའོ།། ཞེས་དང་། 《 འཁྲུངས་དཔེ་ལས།》ཨ་རུ་ར་ཞེས་བྱ་བའི་ཤིང་། །སྡོང་པོ་ཆེ་ལ་ལོ་མ་མཐུག། མེ་ཏོག་སེར་པོ་འབྲས་བུ་ལ། །རིགས་ནི་བརྒྱད་དང་བདུན་ནམ་ལྔ། །རོ་ནི་དྲུག་དང་ལྡན་པ་སྟེ། །ཞེས་དང་། 《 དཀའ་འགྲེལ།》ལས། ལོ་མང་སྐྱེས་པའི་སྡོང་རིང་ཤིང་སྨན་རིགས་ཤིག་སྟེ། སྡོང་པོ་སྦོམ་ལ་རིང་ཞིང་འདྲོང་བའི་མདོག་ལྗང་སྐྱ་ངོས་འཇམ་པ་དང་ཡལ་ག་དང་ཡལ་ཕྲན་མང་ཞིང་གསར་སྐྱེས་ཡལ་ག་གོང་ལས་ལྗང་པའོ། །སྤྱིའི་སྐྱེ་དབྱིབས་དང་མདོག་སྟར་སྡོང་འདྲ་ཡང་དེ་ལས་འདྲོང་ལ་ལོ་མ་ལྗང་སེར་སྒོར་ལ་ཆེ་ཞིང་ཅུང་ཟད་མཐུག་པའི་མདུན་ལྗང་ཞིང་རྒྱབ་སྐྱ་བ་སྒོང་དབྱིབས་སམ་སྦྱར་བའི་ལོ་མའི་དབྱིབས་ཅན་གྱི་མཐའ་མཉམ་ཞིང་རྩེ་རྣོ་བའམ་སྒོར་བ་ངེས་པ་མེད་ཅིང་།ངར་བ་རིང་བ་རེས་མོས་སུ་སྐྱེ་བར་ཞིབ་ཕྲ་བལྟས་ཚེ་སྤུ་སེར་ཐར་ཐོར་ཡོད། ལོ་མར་རྩ་རིས་སྨད་ནས་གྱེས་པ་ཁ་སྤྲོད་དང་སྟོད་ཆར་རེས་མོས་གྱེས་པ་རྒྱབ་མདུན་གཉིས་ཀར་གསལ་པོ་ཡོད་པ། མེ་ཏོག་སེར་པོ་འདབ་མ་ལྔ་དང་ལྡན་པར་འོད་མདངས་ཅན་སྡོང་པོ་དང་ཡལ་གའི་ལོ་མའི་མཚམས་ནས་ཆུན་པོར་འཆར། འབྲས་བུ་སེར་པོ་མགོ་མཇུག་ཕྲ་ལ་ལྟོ་བ་སྦོམ་པ་སྐམ་ན་གཉེར་མ་ཡོད་མ་ཡོད་པ་ཤ་རྒྱུ་ཅན་གྱི་ནང་དུ་ཚི་གུ་མཁྲེགས་ཡོད་པའོ། །ཞེས་བཤད་པ་ལྟར་རོ། །
3.ཁྱད་པར་ངོས་འཛིན་དང་དབྱེ་བའི་སྐོར།
(1)ཨ་རུ་རའི་ཁྱད་པར་དང་ངོས་འཛིན་སྐོར་ལ་《ཚིག་མཛོད་ལས》ཨ་རུ་ར་ནི། འདི་རྒྱ་གར་དང་། བལ་བོ། འབར་མ། ཀྲུང་ནན་གླིང་ཕྲན། ཡུན་ནན་གྱི་ལིན་ཚང་དང་། ཏེ་ཧུང་། པའོ་ཧྲན་སོགས་ཀྱི་ས་ཁད་རྨིས་800-1500བར་གྱི་སྲིབ་ཤས་ཆེ་བའི་རི་དང་ནགས་ཚལ་དུ་འཁྲུངས་པ་དང་།ཀོང་ཤིས།ཀོང་ཏུང་སོགས་སུ་འདེབས་འཛུགས་ཀྱང་བྱེད་ཀྱི་ཡོད།ཤིང་སྡོང་གི་མཐོ་ཚད་རྨིས་30ཙམ་ཟིན་པ་དང་། ཞུ་རྗེས་ནི་རོ་བསྐ་ཁ་ངོ་བོ་བསིལ་ལ་ཡང་བའོ། །ཞེས་དང་《གསོ་དཔྱད་རིན་པོ་ཆེའི་འཁྲུངས་དཔེ་བསྟན་》ལས། རོ་དྲུག་དག་དང་ལྡན་པ། ཞེས་གསུངས་པ་སོ། །
(2)ཨ་རུ་རའི་དབྱེ་བ།
དབྱེ་བ་ལ་བཤད་སྟངས་མང་དུ་ཡོད་ཀྱང་རྒྱུད་ཚིག་རང་དུ་དབྱེ་བ་ལྔར་དགར་ཡོད་པས་འདིར་ཨ་རུ་རའི་རིགས་རྣམ་པ་ལྔ་པོའི་མཆོག་དམན་གྱི་ངོས་འཛིན་ནི། རིམ་པ་བཞིན་དང་པོ་རྣམས་མཆོག་དང་ཕྱི་མ་ཕྱི་མ་རྣམས་རིམ་པར་དམན་པ་ཡིན་ཞིང་རེ་རེ་བཞིན་མདོག་དབྱིབས་བྱེད་ལས་རྒྱས་པར་བཤད་ན།
1.རྣམ་པར་རྒྱལ་བ་ནི་དབྱིབས་ཆག་ཚང་ཀུ་བ་ལྟར་སེར་ལ་དམར་མདངས་ཅན་མཇུག་རིང་ལྟོ་བ་ལྡིར་བའོ། །དེ་ཡང་དངོས་ནི་ལྷ་ཡུལ་ནས་འཕོས་པའི་ནོར་བུ་ཡིན་ལ་ལོ་དུས་བསྐལ་བ་དགེ་བའི་དུས་སུ་རི་བོ་སྤོས་ངད་ལྡན་དུ་ཤིང་གི་རྩེར་རེ་ཟུང་ཙམ་ལས་མི་འབྱུང་བར་བཤད། འདྲ་དཔེར། རྣམ་རྒྱལ་མཇུག་རིང་ཀུ་བ་འདྲ། ཞེས་གསུངས།
2.འཇིག་མེད་ཟུར་ལྔ། དབྱིབས་ཟུར་ལྔ་པ་མདོག་ནག་པོ་ཤིན་ཏུ་འཇོང་བའི་རྣམ་པ་ཅན་ཏེ། དྷརྨ་སྭ་མིས། འཇིགས་མེད་ནག་པོ་གླ་རིལ་འདྲ། འབིགས་བྱེད་དཀྱིལ་དུ་རུས་པ་མེད། ད་ལྟ་ནག་ཆུང་དག་ཏུ་འདོད། ཅེས་དང་། འདྲ་དཔེར། འཇིགས་མེད་སྦལ་སྒོང་ལྕོང་མོ་འདྲ། ཞེས་གསུངས།
3.བདུད་རྩི་ཤ་མཐུག ཤ་མཐུག་ལ་མདོག་དམར་སེར་ཅན་ཏེ།དྷརྨ་སྭ་མིས།བདུད་རྩི་ཤ་མཐུག་ཅེས་བྱ་བ།ཁ་མདོག་དམར་སེར་དག་ཏུ་འདོད།ད་ལྟ་ཤ་ཆེན་ཞེས་སུ་གྲགས།ཞེས་པ་དང་། འདྲ་དཔེར། ཤ་ཆེན་སྦལ་བ་འགྲངས་པ་འདྲ། ཞེས་གསུངས།
4.འཕེལ་བྱེད་ཟླུམ་པོ། དབྱིབས་ཟླུམ་པོ་ཟུར་སུལ་མི་གསལ་བ་ཁ་དོག་སེར་སྐྱ་སྟེ། དྷརྨ་སྭ་མིས། འཕེལ་བྱེད་ཟླུམ་པོ་ཞེས་བྱ་བ། ད་ལྟ་གསེར་མདོག་ཅེས་སུ་གྲགས། ཞེས་དང་། འདྲ་དཔེར། འཕེལ་བྱེད་སེ་འབྲུའི་གང་བུ་འདྲ། ཞེས་གསུངས།
5.སྐེམ་པོ་སུལ་མང་། ཤ་ཆུང་བས་སྐེམ་ཞིང་སུལ་མང་ལ་རྩེ་མཆུ་རིང་བ་སྟེ། དྷརྨ་སྭ་མིས། སྐེམ་པོ་སུལ་མང་ཞེས་བྱ་བ། མཆུ་སྙུང་ཞེས་སུ་བཤད་པ་ཡིན། ཞེས་དང་། འདྲ་དཔེར། སྙུང་བོ་རིལ་བ་སྤྱི་བླུགས་འདྲ། ཞེས་གསུངས།
ས་བཅད་གཉིས་པ། ཨུ་རུ་རའི་ཕན་ནུས་བསྟན་པ།
《 ཤེལ་གོང་ཤེལ་ཕྲེང་།》ལས། རྣམ་པར་རྒྱལ་བ་རོ་ལྔ་ལྡན། ཅུང་ཟད་ཙམ་ནི་ལན་ཚྭའི་བག་དང་ལྡན། །བཀྲ་ཤིས་དོན་ལྡན་འདུ་བའི་ནད་རྣམས་སེལ། །འཇིགས་མེད་ཚ་ཁ་གདོན་དང་མིག་ནད་སེལ། །བདུད་རྩི་སྐྱུར་ཞིང་དྲོད་སྐྱེད་གསེར་མདོག་འབྱིན། །འཆི་མེད་མངར་ཁ་མཁྲིས་སེལ་རིང་དུ་གནས། །ཤ་ཆེན་མངར་སྐྱུར་ལུས་ལ་ཤ་ཚིལ་སྐྱེད། །འཕེལ་བྱེད་མངར་བག་རྨ་རྣམས་འདྲུབ་ཅིང་བརྟས། །སྐེམ་པོ་ཁ་བསྐ་བྱིས་པའི་ནད་གདོན་འཇོམས། །ཞེས་དང་། 《 རྒྱུད་བཞི》 ལས། རོ་དྲུག་དང་ལྡན་པ། ནུས་པ་བརྒྱད་དང་ལྡན་པའོ།། ཞེས་སོ།། 《 བཻ་སྔོན་》ལས། ཨ་རུ་ར་སྤྱིས་ལུས་འཚོ་བར་བྱེད་པ་དང་། ཟས་འཇུ་ཞིང་འཕྲོད་པར་བྱེད་ཅིང་། རླུང་དང་མཁྲིས་པ་བད་ཀན་ལས་གྱུར་པའི་ནད་ཀུན་འཇོམས་པར་བྱེད། ཨ་རུ་ར་རྣམ་རྒྱལ་གྱིས་རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སེལ་བ་དང་། ཁྱད་དུ་བཀྲ་ཤིས་དོན་ཀུན་གྲུབ་པར་བྱེད་དོ། །འཇིགས་མེད་ཀྱིས་མིག་ནད་དང་འདོན་ལ་བསྔགས་པ། བདུད་རྩི་ཤ་མཐུག་གིས་སྐེམ་པོ་རྣམས་རྒྱས་པར་བྱེད། འཕེལ་བྱེད་ཟླུམ་པོས་རྨ་ལ་བསྔགས་པ། སྐེམ་པོ་སུལ་མང་གིས་བྱིས་པའི་མཁྲིས་ནད་སེལ་བར་བྱེད་དོ། །ཞེས་སོ། །
《 ཙ་ར་ཀའི་འགྲེལ་བ།》ལས། ཨ་ཞེས་བྱ་བ་ཡི་གེ་ཀུན་གྱི་མཆོག རླུང་མཁྲིས་བད་ཀན་ལས་གྱུར་ནད་རྣམས་སེལ། །རུ་ཞེས་བྱ་བ་ཤ་རུས་པགས་ལ་ལྡན། །ཉེས་པ་རྣམ་གསུམ་སེལ་བར་བྱེད་པ་ཡིན། །ར་ཞེས་བྱ་བ་བསེ་རུ་ལྟ་བུ་སྟེ། །ལུས་ཟུངས་བདུན་གྱི་ནད་རྣམས་སེལ་བར་བྱེད། ཨ་རུ་ར་ཞེས་དེ་ཕྱིར་བརྗོད། །ཅེས་གསུངས་སོ། །
ས་བཅད་གསུམ་པ། ཨ་རུ་ར་འདུལ་སྦྱོང་དང་འཐུ་དུས་བསྟན་པ།
1.འཐུ་དུས་སྤྱི་ཟླ་10-11ཙམ་སྨིན་མཚམས་སུ་འབྲས་བུ་བཏུས་ཏེ་མ་རུལ་པར་གཙང་སར་སྐམ་དགོས། བེད་སྤྱོད་སྐབས་སྤྱིར་བཏང་ཤ་མ་གཏོགས་ཚི་གུ་དོར་དགོས། འབྱར་དང་རྫས་ཆའི་རིགས་ལ་ཤ་རུས་མཉམ་དུ་སྤྱོད་དགོས་པ་ཡང་ཡོད། ཡང་གཞན་དུ་སྨན་དུ་སྦྱར་བྱ་འབྲས་བུ་སྟེ་སྤྱི་ཟླ་7-8པའི་དུས་སུ་འཐུ་བར་གཅེས་སོ།
2.འདུལ་སྦྱོང་ལ་སྤྱིར་ཨ་རུ་ར་ཡི་ལས་སྣོད་ནི། སྨན་སྦྱོར་སྤྱིའི་སྐབས་བེད་སྤྱོད་དུས་ཤ་ཉིད་གཏོང་བ་ལས་རུས་པ་རྣམས་དོར་དགོས་པ་དང་། བྱེ་བྲག་ལས་སྣོན་ནི། (1)ཨ་རུ་ར་མེ་མུར་ནང་ཚོས་པར་བསྲེག་ཐལ་བར་གྲོ་ཆང་བླུགས་ནས་ལྷོག་ཙམ་བསྐོལ་ནས་ཁུ་བ་དེ་ཉིད་དུ་ཞག་གཅིག་སྦངས་ལ། ཕྱི་ཉིན་ཆུ་གཙང་གིས་བཀྲིས་ནས་དུལ་བའོ། ཞེས་དང་། (2)ཨ་རུ་ར་ནག་ཆུང་རྭ་འདྲ་བ་དེ་ཉིད་བཏུལ་ཐབས་སུ། ཕྱུགས་ཁྲག་གཏམ་ཐག་པའི་ཁྲག་དྲོད་ལྡན་གྱི་ནང་དུ་ཉིན་མཚན་གཅིག་ཙམ་སྦངས་རྗེ་ལེགས་པར་བཀྲུས་པས་གྲུབ་པའོ། (3)ཨ་རུ་ར་སྐེམ་པོ་སུལ་མང་ཁ་དོག་སེར་བ་དེ་དང་ལྗིད་མཉམ་པའི་དུར་བྱིད་ཆུ་ཡིས་གདུས་པའི་ཁུ་བ་སྙིགས་མ་དོར་བའི་དྭངས་མའི་ནང་ཞག་གསུམ་སྦང་ལ། ནང་རུས་དོར། ཁུ་བ་དེ་མ་འཚིག་པའི་སྒོ་ནས་རང་ཐིམ་དུ་སྐེམ་པར་བྱས་པས་གྲུབ་པའོ། །《དེའུ་དམར་བས》ཇི་སྐད་དུ། ཨ་རུ་ར་ནི་ཚོས་ཤིང་མེར་བསྲེས་པའི། ཐལ་བར་གྲོ་ཆང་དུམ་གཅིག་བླུགས་པ་དེ། ལྷོད་ཙམ་འཁོལ་བའི་ནང་དུ་ཞག་གཅིག་སྦངས། བཏོན་ལ་ཆུ་གཙང་གིས་བཀྲུས་དུལ་བ་ཡིན། ཞེས་གསུངས་སོ། །
ས་བཅད་བཞི་བ། མཇུག་བསྡུ་བ།
དེ་ལྟར་ལག་སོན་བྱུང་བའི་གསོ་རིག་གི་དཔེ་དེབ་འགའ་རེར་ཞིབ་བསྡུར་དང་། རང་གི་མཐོང་བ་བརྒྱུད་པའི་མན་ངག་གིས་ཟུར་བརྒྱན་ཏེ་སྨན་མཆོག་ཨ་རུ་རའི་སྐོར་ལ་དཔྱད་པ་ཅུང་ཙམ་བྱས་པའི་རྩོམ་ཐུང་འདི་མཚམས་འདི་ནས་མཇུག་བསྡུས་པ་ཡིན་ནོ། །