ཕྱི་ནང་འབྱུང་ཁམས་ཀྱི་འབྲེལ་བ་དང་ནད་མེད་བདེ་སྲུང་སྐོར་རགས་ཙམ་གླེང་བ།

རྣམ་ཐར་འཚོ། དཀར་མཛེས་ཁུལ་བོད་སྨན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25



ནང་དོན་གནད་བསྡུས། འཛམ་གླིང་ཡུལ་གྲུ་སོ་སོའི་སྤྱི་ཚོགས་ཡོངས་ཀྱིས་བདེ་སྲུང་འཕྲོད་བསྟེན་ལ་ཐུགས་ཁུར་དང་དོ་སྣང་བྱེད་བཞིན་པའི་དེང་གི་དུས་འདིར་ཕྱི་ནང་འབྱུང་ཁམས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་ཟས་སྤྱོད་ཀྱི་སྤང་བླང་ཚུལ་བཞིན་བསྟེན་པ་དང་། འཕྲོད་བསྟེན་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་བཏང་སྟེ་ནད་མེད་བདེ་སྲུང་བྱེད་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བས་འདིར་ཕྱི་ནང་འབྱུང་ཁམས་ཀྱི་འཕེལ་འགྲིབ་དང་མཐུན་པའི་ཟས་སྤྱོད་བསྟེན་ཐབས་མདོར་བསྡུས་ཙམ་གླེང་ཡོད།
གནད་ཚིག ཕྱི་ནང་འབྱུང་ཁམས། འབྲེལ་བ། ནད་མེད་བདེ་སྲུང་།

དང་པོ། ཕྱི་ནང་འབྱུང་ཁམས་ཀྱི་འབྲེལ་བ་གྲུབ་ཚུལ།
   བོད་ཀྱི་གསོ་བ་རིག་པའི་གཞུང་ལས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལ་ཕྱི་འབྱུང་ངམ་འབྱུང་བ་དང་། སེམས་ཅན་གྱི་ལུས་ཀྱི་ཆ་ཤས་སུ་གྱུར་བའི་སྲ་མཉེན་དྲོད་གཡོ་ལ་ནང་འབྱུང་ངམ་འབྱུང་གྱུར་ཞེས་བྱ་བ་ཡིན། ཕྱི་ནང་འབྱུང་ཁམས་ཀྱི་ངོ་བོ་ནི་དེ་ལས་དེ་བྱུང་གི་འབྲེལ་བའི་གྲུབ་ཡོད། འགྲེལ་བ་བློ་གསལ་ངག་གི་སྒྲོན་མེ་ལས། འབྱུང་བ་ལས་གྱུར་པ་གཟུགས། སྒྲ། དྲི། རོ། རེག་བྱ་ལྔ་དང་། འབྱུང་བ་ལྔའི་ཡོན་ཏན་ནི་ནམ་མཁའ་ལ་སྒྲའི་ཡོན་ཏན་གཅིག་ལྡན། རླུང་ལ་སྒྲ་དང་རེག་བྱའི་ཡོན་ཏན་གཉིས་ལྡན། མེ་ལ་སྒྲ་དང་རེག་བྱ་རོ་དང་ཡོན་ཏན་གསུམ་ལྡན། ཆུ་ལ་སྒྲ་དང་རེག་བྱ་རོ་དང་གཟུགས་ཏེ་ཡོན་ཏན་བཞི་ལྡན། ས་ལ་ཡོན་ཏན་ལྔ་ག་ལྡན་པའི་ཕྱིར་ན་ཡོན་ཏན་གྱི་ཁྱད་པར་དེ་དག་དང་། ཡང་འབྱུང་གྱུར་གཟུགས་ནི་དབང་པོ་ལྔ་དང་དེའི་ཡུལ་ལྔ་བཅས་བཅུ་དང་ནང་ཚན་ཁ་དོག་དབྱིབས་ལ་སོགས་ཀྱི་དབྱེ་བ་ཉི་ཤུ། སྒྲ་ལ་རྣམས་གྲངས་བརྒྱད། དྲི་ལ་རྣམ་གྲངས་བཞི། རོ་ལ་འབྱུང་བ་ཤས་ཆེ་ཆུང་གི་རྣམ་གྲངས་དྲུག རེག་བྱ་ལ་རྒྱུ་འབྱུང་བ་བཞིས་འབྲས་བུ་རེག་བྱ་རྣམས་གྲངས་བཅུ་བདུན་ཞེས་གསུངས་པ་ལྟར་དང་། ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་བཞག་ལས། རེག་བྱ་རྒྱུ་དང་འབྲས་བུ་གཉིས། །སྲ་གཤེར་དྲོ་གཡོ་རྒྱུ་འབྱུང་རེག ། འཇམ་རྩུབ་ལྕི་ཡང་བཀྲེས་སྐོམ་གྲང་། །མཉེན་ལྷོད་དམ་ཚིམ་ན་རྒ་འཆི ། །ངལ་སོས་པ་དང་སྤུང་ཆེ་སོགས། །འབྲས་བུའི་རེག་བྱའི་དབྱེ་བའོ། །ཞེས་ཕྱིའི་འབྱུང་བ་ལ་རྒྱུ་འབྱུང་ཞེས་དང་། ནང་ལུས་ལ་འབྲས་འབྱུང་ཞེས་སྤྱིར་འབྱུང་གྱུར་གྱི་ངོ་བོའི་གྲུབ་ཚུལ་དེ་ལྟ་བུ་དང་། འབྱུང་བ་དེ་དག་གིས་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་བསྐྱེད་པར་བྱེད་ཅིང་། དེ་དག་ཐམས་ཅད་ལ་ཁྱབ་ཡོད་པ་ཞིག་སྟེ། འབྱུང་བའི་ནུས་པ་ལ་བརྟེན་ནས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་བྱེད་པ་རེད། འབྱུང་བ་འདི་དག་འཛོམས་ཤིང་ཕན་ཚུན་སྙོམས་པར་གྱུར་ན་དངོས་པོ་ཐམས་ཅད་བསྐྱེད་ཅིང་སྨིན་པར་བྱེད་པ། འབྱུང་བས་དང་པོ་ལུས་སྐྱེད་ཚུལ་བཤད་རྒྱུད་ལས། དང་པོ་ཕ་མའི་ཁུ་ཁྲུག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱི་བསྐུལ་ནས། །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །དཔེར་ན་གཙུབ་ཤིང་དག་ལས་མེ་འབྱུང་མཚུངས། །ཞེས་དང་། བཤད་རྒྱུད་ཀྱི་རྒྱུ་ལས་འབྲས་བུ་སྐྱེད་ཚུལ་དུ། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་བསྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་བསྐྱེད། རླུང་ལས་དབུགས་དང་པགས་པ་རེག་བྱ་བསྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་བསྐྱེད་འགྱུར། །ཞེས་པ་ལྟར་རྒྱུའི་ཡན་ལག་ཚོགས་པ་ལས་ལུས་ཆགས་པའི་ཚུལ་དེ་ལྟ་བུ་དང་། རྒྱུའི་ཡན་ལག་མ་ཚང་བ་དང་འབྱུང་བ་དེ་དག་མ་འཛོམས་ན་སྐྱེ་དངོས་ཐམས་ཅད་བསྐྱེད་པར་བཀག་བྱེད་ཅིང་སྐྱེ་བར་མི་འགྱུར་སྟེ། དེའང་བཤད་རྒྱུད་ལས། ས་མེད་མི་འགྲུབ་ཆུ་མེད་བསྡུ་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་ནུས། །ནམ་མཁའ་མེད་ན་འཕེལ་བའི་གོ་མི་འབྱེད། །ཅེས་དང་། དགའ་བོ་མངལ་འཇུག་གི་མདོ་ལས། གལ་ཏེ་དགའ་བོ་དེ་ན་སའི་ཁམས་ཡོད་ལ་ཆུའི་ཁམས་མེད་ན་ནི་ཕྱེའམ་ཐལ་བའི་ཆང་བུ་བཞིན་དུ་སྐམས་པའམ་འཐུལ་བར་འགྱུར་ཏེ། ཆུས་བསྡུས་པས་ན་མི་འཐུལ་ཞིང་མི་འཇིག་གོ །གལ་ཏེ་ཆུ་ཡོད་ལ་ས་མེད་ན་ནི་འབྲུ་མར་ཡུངས་མར་བཞིན་དུ་འཛག་ཅིང་འབོ་བར་འགྱུར་རོ། ། གལ་ཏེ་ས་དང་ཆུ་ཡོད་ལ་མེ་མེད་ན་ཤ་རུལ་བཞིན་དུ་མྱགས་པར་འགྱུར་རོ། གལ་ཏེ་ས་དང་ཆུ་དང་མེ་ཡོད་ལ་རླུང་མེད་ན་ནི་ཇི་ཙམ་དུ་གནས་པ་ལས་འཕེལ་ཞིང་རྒྱས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་ཉེར་ལེན་གྱི་རྒྱུ་ཁུ་ཁྲག་སྐྱོན་མེད་དང་ལས་འཛོམས་ཀྱང་། ལྷན་ཅིག་བྱེད་པའི་རྐྱེན་འབྱུང་བ་ལྔ་མ་ཚང་ན་ལུས་འགྲུབ་པར་མི་འགྱུར། བར་དུ་ལུས་གནས་པའི་སྐབས་སུའང་ཕན་ཚུན་སྙོམས་པའམ་བྱེད་ལས་མ་འཁྲུགས་པར་གནས་ཡོད། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། བྱེད་ལས་མ་འཁྲུགས་བདེ་སྟེར་ཞིང་། །འཁྲུགས་ན་ན་འཆིའི་སྡུག་བསྔལ་བསྐྱེད། །དེ་ཕྱིར་འབྱུང་འདུས་ཕུང་བོ་ལ། །རྣམ་རྟོག་ལས་བསྐྱེད་འདུ་བ་ཡིས། །ནད་དང་ཡེ་འབྲོག་གཤེད་བཞི་བསྐྱེད། །བདེ་སྡུག་མ་ལུས་འབྱུང་བས་བྱེད། །ཞེས་གསུངས་པ་ལྟར་ལུས་གནས་པའི་བར་སྐབས་སུའང་འབྱུང་བཞིས་བྱེད་ལས་མ་འཁྲུགས་པར་ལྡང་ཚད་དང་ལྡན་པར་གནས་ཡོད། ལུས་སྐྱེད་པའི་སྐབས་སུ་འབྱུང་བ་དེ་དག་གཅིག་གྲོགས་གཅིག་གིས་བྱས་ཏེ་སྐྱེད་པ་ལྟར། ཐ་མ་ལུས་འཇིག་པའི་ཚེའང་གཅིག་གཤེད་གཅིག་གིས་བྱས་ཏེ་རིམ་བཞིན་གཅིག་ནུས་གཅིག་ལ་ཐིམ་འགྲོ་བ་རེད། བཤད་རྒྱུད་ཀྱི་འཇིག་ལྟས་སྐབས་སུ། ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང་། །ཆུ་ནུས་མེ་ལ་ཐིམ་པས་ཕྱི་དབུགས་ཆད། །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། །རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད། །ཞེས་གསུངས་པ་ལྟར་ལུས་ཆགས་གནས་འཇིག་གསུམ་གྱི་རྒྱུ་རྐྱེན་འབྱུང་བཞིས་བྱེད་བཞིན་ཡོད་པ་མངོན་སུམ་ཚད་མའི་གྲུབ་ཡོད་ལ། ལུས་སེམས་ལ་བདེ་སྡུག་སྣ་ཚོགས་འབྱུང་བཞིན་པ་དེ་དག་ཐམས་ཅད་ཀྱང་ངོ་བོ་འབྱུང་བ་བཞི་ལས་མ་འདས་པ་ཞིག་སྟེ། ནང་ལུས་ཀྱི་འབྱུང་ཁམས་དེ་དག་ཕྱི་ཡུལ་དང་། ཟས་སྨན་གྱི་རོ་ནུས་དང་། ལུས་ངག་གི་སྤྱོད་པ་དང་དུས་ཀྱི་ནམ་ཟླའི་འཕེལ་འགྲིབ་དང་བསྟུན་ནས་གསོག་ལྡང་ཞི་གསུམ་བྱེད་པ་དང་། ཡང་ན་དུས་དྲུག་གི་འབྱུང་ཁམས་དམན་ལྷག་ལོག་གསུམ་དུ་གྱུར་བ་དང་ཟས་སྤྱོད་ཀུན་མཚུངས་པར་བསྟུན་པས་དེ་དག་ལས་གང་ཞིག་འཕེལ་བའམ། གང་ཞིག་ཟད་པ། ཡང་ན་དེ་དག་ཕན་ཚུན་གོ་འཁྲུགས་པའི་རྐྱེན་གྱིས་ལུས་སེམས་ཀྱི་བདེ་སྡུག་སྣ་ཚོགས་འབྱུང་བཞིན་ཡོད་པ་རེད། ལུས་སེམས་ཀྱི་བདེ་སྡུག་སྣ་ཚོགས་དེ་ཞི་བར་བྱེད་པའི་གཉེན་པོ་སྨན་ཡང་འབྱུང་བཞིའི་ངོ་བོས་གྲུབ་ལ། བཤད་རྒྱུད་ལས། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱེད་བྱེད་ནམ་མཁའི་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ཞེས་དང་། ས་སྨན་ལྕི་བརྟན་བརྟུལ་འཇམ་སྣུམ་ལ་སྐམ། མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་བརྟུལ་སྣུམ་ལ་མཉེན། །བརླན་ཞིང་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱི་ཁྱབ་སྟེ། །ཁོང་སྟོང་ཡང་པའི་གོ་འབྱེད་འདུས་ནད་སེལ། །ཞེས་གསུངས་པ་ལྟར་སྤྱིར་དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱེད་པ་ཡིན་པས་འདིར་སྨན་གྱི་རིགས་ཐམས་ཅད་ཀྱང་འབྱུང་བཞིའི་བདག་ཉིད་ཅན་ཡིན་ལ། འབྱུང་བ་རྣམས་ཕན་ཚུན་གཅིག་ཏུ་འདུས་པའི་ཚེ་ཤས་ཆེ་ཆུང་གི་དབང་གིས་རོ་ནུས་ཞུ་རྗེས་མི་འདྲ་བ་རེ་འབྱུང་གི་ཡོད། ཨུཏྤལ་སྔོན་པོའི་དོ་ཤལ་ལས། དེ་ཕྱིར་ཕྱི་ནང་སྣོད་བཅུད་ཀུན། །མི་རྟག་འབྱུང་ལྔས་བསྡུས་པ་སྟེ། །ཁམས་ལྔའི་རྟེན་འབྲེལ་ལ་བརྟེན་ནས།།འགྲོ་བའི་བདེ་སྡུག་སྣ་ཚོགས་སྣང་དེ་ཕྱིར་རང་བཞིན་སྟོང་ན་ཡང་། །རྒྱུ་ལས་འབྲས་བསྐྱེད་འབྲས་བུ་ལ། །བཟང་ངན་ལེགས་ཉེས་གང་འབྱུང་བས། །ཀུན་རྫོབ་ནམ་ཡང་བསླུ་བ་མེད། །ཞེས་དང་། བཤད་རྒྱུད་ཀྱི་འགྲེལ་བ་བློ་གསལ་ངག་གི་སྒྲོན་མེ་ལས་ཀྱང་། འབྱུང་བ་རྣམས་འཐབ་པ་ལས་དངོས་པོ་རྣམས་བྱུང་ཚུལ་མཐུན་ཡང་གྲུབ་ཟིན་གྱི་དངོས་པོའི་རྣམ་པ་མི་མཐུན་པ་སྣ་ཚོགས་སུ་འདོད་ལ། དེས་ན་དངོས་པོ་གང་ཞིག་འབྱུང་ལྔའི་བདག་ཉིད་ལས་བྱུང་བར་ངེས་ཤིང་། ཞེས་གསུངས་པ་ལྟར་འབྱུང་བཞི་སོགས་རྡུལ་ཕྲན་གང་ཡིན་རུང་ཤས་ཆེ་བ་མངོན་དུ་གྱུར་ཅིང་ཆ་ཤས་རྣམས་བག་ཏུ་བྱེར་པའི་ཚུལ་དུ་གནས་ཡོད་པ་ཡིན་པས་དངོས་པོའི་རྣམ་པ་དང་བྱེད་ལས། རོ་ནུས་སོགས་སྣ་ཚོགས་སུ་སྣང་བ་ཡིན་མོད། འོན་ཀྱང་དངོས་པོ་གང་ཞིག་འབྱུང་བཞིའི་བདག་ཉིད་ལས་མ་འདས་པ་སྟེ། ཕྱི་མ་རྒྱུད་ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་ཏུ་འབྲེལ། །གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། །ཞེས་གསུངས་པ་ལྟར་ལུས་ནད་གཉེན་པོ་དང་འབྱུང་བའི་ཁམས་ཕན་ཚུན་ངོ་བོ་བདག་གཅིག་གི་འབྲེལ་བའི་གྲུབ་ཡོད་པ་དང་། ཕྱི་ནང་གི་འབྱུང་བའི་བར་དེ་ལས་དེ་བྱུང་གི་འབྲེལ་བའི་གྲུབ་ཡོད།

1.ཕྱི་འབྱུང་དང་ནང་འབྱུང་གི་ཁྱད་པར།

ཕྱིའི་འབྱུང་བ་ས་ཆུ་མེ་རླུང་ལ་འབྱུང་བའམ་རྒྱུ་འབྱུང་། རྒྱུ་གཟུགས་ཀྱང་ཟེར།

ནང་འབྱུང་ནི་སེམས་ཅན་གྱི་ལུས་ཀྱི་ཆ་ཤས་སུ་གྱུར་བའི་སྲ་མཉེན་དྲོ་གཡོའི་ཆ་ལ་འབྱུང་གྱུར་རམ་འབྲས་འབྱུང་། འབྲས་གཟུགས་ཀྱང་ཟེར།

2.རྒྱུ་འབྲས་ཆེ་ཆུང་གི་ཁྱད་པར།

རྒྱུ་འབྲས་ཆུང་བའི་སྐབས་སུ་འབྱུང་བ་ས་ཆུ་མེ་རླུང་ལ་ཉེར་ལེན་གྱི་རྒྱུ་སྟེ་རྫས་རྒྱུན་སྔ་མ་བསྐྱེད་བྱེད་དཔེར་ན་ནས་ཀྱི་ས་བོན་ལྟ་བུ། ལྷན་ཅིག་བྱེད་རྐྱེན་ཏེ་རྫས་རྒྱུན་གཙོ་བོ་བསྐྱེད་བྱེད་དཔེར་ན་ཕ་མའི་ཁུ་ཁྲག་ལྟ་བུ། རྒྱུ་འབྲས་ཆེན་པའི་སྐབས་སུ་མཚུངས་ལྡན་གྱི་རྒྱུ་ཟེར་བ་ཡིན།

3.འབྱུང་ཆེན་དང་འབྱུང་ཆུང་གི་ཁྱད་པར།

འགྲེལ་ཆེན་འགའ་ལས། ལུས་ཀྱི་ཆ་ཤས་སུ་གྱུར་བ་འབྱུང་ཆུང་། ཕྱིའི་འབྱུང་བ་ལ་འབྱུང་ཆེན། གསང་སྔགས་རྡོ་རྗེའི་ཐེག་པའི་ལུགས་སུ། སྲོག་རླུང་གི་ཁམས་ལ་འབྱུང་ཆེན། ལུས་ལ་འབྱུང་ཆུང་ཟེར་བ་ཡིན།

གཉིས་པ། ཕྱི་ནང་འབྱུང་ཁམས་ཀྱི་

འཕེལ་འགྲིབ་དང་བདེ་སྲུང་།

ཇི་སྐད་དུ། ཕྱི་རོལ་ཇི་བཞིན་ནང་ཇི་བཞིན། །ཞེས་ཕྱིའི་འབྱུང་བ་དམན་ལྷག་ལོག་གསུམ་དུ་གྱུར་ན་ནང་འབྱུང་ཁམས་ཀྱང་འཕེལ་ཟད་འཁྲུགས་གསུམ་བྱེད་པས་དགུན་ཉི་མ་ལོག་ནས་མི་རྣམས་མཐུ་སྟོབས་འཕྲོག་ཅིང་། བདུད་རྩི་ཆུ་རྒྱུན་ལས། ཅིའི་ཕྱིར་ཞེ་ན། དེ་ཚེ་ཤིན་ཏུ་རྣོ་ཞིང་ཚ། །རྩུབ་པའི་ལས་ཀྱི་ངོ་བོ་ཉིད། །ཉི་མ་རླུང་གིས་ཟླ་བ་ཡི། །ས་ཡི་ཡོན་ཏན་ཟ་བར་བྱེད། །ཅེས་གསུངས་པ་ལྟར་དགུན་ཉི་མ་ལོག་ནས་ཕྱིའི་འབྱུང་ཁམས་ཀྱི་ངོ་བོ་རྣོ་ཚ་རྩུབ་པའི་རང་བཞིན་ཅན་དུ་གྱུར། དེ་ཚེ་དངོས་པོ་རྣམས་ཀྱི་ཆའང་ཅུང་ཟད་རྩུབ་པར་འགྱུར་བ་ཡིན་པས་རླུང་དང་ཉི་མ་དག་གིས་ནུས་སྟོབས་འཕེལ་བས་ཟླ་བ་ས་ཆུའི་ཡོན་ཏན་བསིལ་རྟུལ་སྣུམ་པ་ཟད་པས་མི་རྣམས་ཀྱི་ལུས་སྟོབས་ཀྱང་ཟད་པ་ཡིན། དབྱར་ཉི་མ་ལོག་ནས་སླར་སྟོབས་བསྐྱེད་པ་སོགས་ཕྱི་ནང་གཅིག་ཏུ་འཆར་ཞིང་། བདུད་རྩི་ཆུ་རྒྱུན་ལས། ཅིའི་ཕྱིར་ཞེ་ན། དུས་བསིལ་བའི་ཕྱིར་ཆར་གྱི་ཚོགས་འབབ་པ་དང་། རླུང་བསིལ་ཞིང་གྲང་བས་སའི་སྟེང་གི་ཚ་བ་ཞི་ཞིང་ཐན་པ་དང་བྲལ་བས་མཐུ་སྐྱེ་བ་ཡིན་ནོ། ཞེས་པ་ལྟར་དུས་ཀྱི་རང་བཞིན་དེ་སྟེང་ཟས་སྤྱོད་ཀུན་མཚུངས་པར་བསྟེན་ན་ནང་གི་འབྱུང་བའི་ཁམས་མི་སྙོམས་པར་འཕེལ་ཟད་འཁྲུགས་གསུམ་དུ་གྱུར་ནས་ནད་སྣ་ཚོགས་བསྐྱེད་པ་རེད། དེ་ལྟར་འབྱུང་ཁམས་འཕེལ་ཟད་འཁྲུགས་གསུམ་གྱིས་མནར་བའི་ནད་རིགས་དེ་དག་ཞི་བར་བྱེད་པ་ལ་ཡང་། འབྱུང་བཞིའི་ངོ་བོ་གྱུར་པའི་ཟས་སྤྱོད་སོགས་ལ་བརྟེན་ནས་ཁམས་སྙོམས་པར་བྱེད་དགོས།

1.དཔྱིད་དུས་ཀྱི་ཁྱད་ཆོས་དང་བདེ་སྲུང་།

དཔྱིད་དུས་ཉི་འོད་ཚན་མོས་ཕྱིའི་འབྱུང་ཁམས་ཤིན་ཏུ་དྲོས་ཤིང་དགུན་འཁྱགས་པས་བསྒོངས་བའི་བད་ཀན་བཤིག་པས་མེ་དྲོད་ཉམས་པ་ལས་སྔར་དགུན་གྱི་དུས་སུ་བསགས་པའི་བད་ཀན་གྱི་ ནད་མངོན་སུམ་དུ་ལྡང་བར་བྱེད་པས། དེ་ཞི་བའི་ཆེད་དུ་བད་ཀན་གྱི་གཉེན་པོར་གྱུར་བའི་ཐ་མའི་རོ་ཁ་བ་དང་ཚ་བ་དང་བསྐ་བ་གསུམ་ཤས་ཆེ་བར་བསྟེན་དགོས། ཟས་སུ་ནས་རྙིང་གི་ཟན་དང་སྐམ་ས་ལ་གནས་པའི་ཤ་བཟའ་བ་དང་། སྐོམ་དུ་སྦྲང་རྩི་དང་ཆུ་སྐོལ། སྒའི་ཆིག་ཐང་བཏང་ཞིང་ངོ་བོ་ཡང་ལ་རྩུབ་པའི་ཟས་སྐོམ་གྱི་རིགས་རྣམས་བསྟེན་ལ། དེ་བཞིན་དུ་སྤྱོད་ལམ་ཡང་རྒྱུན་དུ་རྩོལ་བཅག་རན་པར་བྱ་ཞིང་སྲན་ཕྱེ་སོགས་ཀྱིས་དྲིལ་ཕྱིས་བྱས་ནས་བད་ཀན་གྱི་ནད་བསལ་བའི་ཆོ་ག་ལ་འབད་དགོས།

2.སོ་གའི་དུས་ཀྱི་ཁྱད་ཆོས་དང་བདེ་སྲུང་།

སོ་གའི་དུས་ཉི་འོད་ཟེར་རབ་ཏུ་ཚ་བ་དེས་ཕྱི་ནང་གི་དྲོད་ལྷག་པར་སྐྱེས་ཏེ་ལུས་ཟུངས་སྐེམ་པའི་ཚུལ་གྱིས་ལུས་སྟོབས་འཕྲོག་ཅིང་ཉམས་པར་འགྱུར་ཕྱིར་རོ་མངར་བ་དང་ནུས་བ་ཡང་ཞིང་སྣུམ་པ་དང་། བསིལ་བའི་རིགས་ཀྱི་བཟའ་བཏུང་གཙོ་བོར་བསྟེན་དགོས། རོ་ལན་ཚྭ་དང་ཚྭ་སྐྱུར། ནུས་བ་ཚ་རྣོ་རྩུབ་པའི་ཟས་དང་། རྩོལ་བཅག་དང་ཉི་འོད་དུ་ཡིན་རིང་འདུག་པ། ཉལ་བོ་བྱེད་པ་སོགས་ཀྱིས་ལུས་ཟུངས་འཛད་ཅིང་གནོད་པའི་སྤྱོད་ལམ་རིགས་སྤང་ཤིང། ཆུ་གཙང་གིས་ལུས་པོ་ཡང་ཡང་བཀྲུ་བ་དང་། ཆང་དང་ཆུ་གྲང་མོ་བསྲེས་པ་ཉུང་ཙམ་བཏུང་བ། གོས་སྲབ་ལུས་ལ་བགོ་ཞིང་གནས་ཁང་དང་ཤིང་གྲིབ་བསེར་བུ་སོགས་ཧ་ཅང་བསིལ་བའི་གནས་སུ་འདུག་ཅིང་འགྲོ་བར་བྱ་བ།

3.དབྱར་དུས་ཀྱི་ཁྱད་ཆོས་དང་བདེ་སྲུང་།

དབྱར་དུས་ནི་རང་བཞིན་གྱི་ནམ་མཁའ་ལ་སྤྲིན་འདུས་ཤིང་ཆར་བབས་པའི་ཆུས་ས་གཞི་ཐམས་ཅད་རླན་དང་ལྡན་ལ། རླུང་དང་གྲང་བའི་རེག་བྱ་ལྷག་པར་རྒྱས་ཤིང་ས་རླངས་དང་ཆུ་རྙོག་མ་ཅན་ལ་སོགས་པ་རྣམས་ཀྱིས་ལུས་ཀྱི་མེ་དྲོད་ལ་གནོད་པར་འགྱུར་བས་ན། དུས་དེར་མེ་དྲོད་སྐྱེད་པའི་ཁ་ཟས་ཤས་ཆེར་བསྟེན་ཅིང་། དེ་ལ་རླུང་མེ་ཉམས་དང་བད་ཀན་མྱག་བྱེད་ཀྱི་སྟོབས་སྐྱེད་པ་མངར་བ། མཁྲིས་པ་འཇུ་བྱེད་ཀྱི་མེ་སྟོབས་སྐྱེད་པ་ལ་སྐྱུར་བ་དང་ལན་ཚྭ་བ་སྟེ་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་དང་། ནུས་པ་ཡང་ལ་དྲོ་ཞིང་སྣུམ་པ་དང་བཅས་པའི་བཟའ་བཏུང་གཙོ་བོར་བསྟེན་པ། ཡུལ་སྐམ་སར་སྐྱེས་བའི་འབྲུའི་ཆང་བཏུང་ཞིང་སྐམ་སའི་ཁང་བར་གནས་བ་དང་ཆེས་བསིལ་བའི་རེག་བྱ་སྤངས་ཏེ་བསིལ་དྲོད་སྙོམས་པའི་སྤྱོད་ལམ་ལ་གནས་དགོས།

4.སྟོན་དུས་ཀྱི་ཁྱད་ཆོས་དང་བདེ་སྲུང་།

སྟོན་དུས་ཆར་རིམ་བཞིན་ཆད་ཅིང་གྲང་རླུང་ཞི་ནས་འཕྲལ་དུ་ལུས་ཉི་མའི་འོད་ཟེར་གྱིས་གདུངས་པས་ཆར་དུས་བསགས་པའི་མཁྲིས་པ་དེ་ནི་སྟོན་ཀའི་དུས་སུ་ལྡང་བས་དེ་བསལ་ཕྱིར་ཟས་སྐོམ་བསིལ་བ་དང་རྟུལ་བ་གཙོ་ཆེ་བའི་རོ་མངར་ཁ་བསྐ་བ་རྣམས་ཤས་ཆེར་བསྟེན་པར་བྱ་ཞིང། སྨན་ག་བུར་དང་ཙན་དན། ཨུ་ཤིར་ཏེ་སྔོ་པུ་ཤེལ་ཙེའི་དྲི་དང་ལྡན་པའི་གོས་བགོ་བ་དང་། ཁང་བའི་ནང་དུའང་སྤོས་ཆུས་ཆག་ཆག་བཏབ་སྟེ་གནས་ཤིང་བག་དང་ལྡན་པར་འདུག་དགོས།

5.དགུན་སྟོད་དགུན་སྨད་ཀྱི་ཁྱད་ཆོས་དང་བདེ་སྲུང་།

ལུས་ཀྱི་སྟོབས་འཕེལ་བའི་མཐར་ཐུག་པ་དགུན་སྟོད་ཀྱི་དུས་རང་བཞིན་གྲང་བ་ཡིན་པས་བ་སྤུའི་སྒོ་རྣམས་བཀག་སྟེ་ནང་གི་མེ་དྲོད་རྣམས་ཕྱིར་མ་ཤོར་བས་མེ་དྲོད་སྟོབས་དང་ལྡན་ཞིང་། ལྷག་པར་དུ་མེ་མཉམ་རླུང་གིས་ཆེས་ཆེར་སྦར་བས་དེའི་ཚེ་ཁ་ཟས་ཉུང་བར་གྱུར་ན་དྭངས་མ་ལ་སོགས་པའི་ལུས་ཟུངས་རྣམས་སྐེམ་ཞིང་སྟོབས་འབྲི་བར་འགྱུར་བས། མིའི་ལུས་ཟུངས་ཀྱི་སྟོབས་གསོ་བའི་ཕྱིར་དང་བོའི་རོ་གསུམ་སྟེ་མངར་སྐྱུར་ལན་ཚ་ཤས་ཆེ་ཟས་སྐོམ་གྱི་རིགས་བསྟེན་པར་བྱས་ན་ལུས་སྟོབས་གསོ་བའི་ནུས་མཐུ་ཆེ་ལ་རླུང་འཇོམས་ཤིང་མེ་དྲོད་སྙོམས་པར་བྱེད་པ་ཡིན། དུས་དེར་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་བས་ཐོ་རངས་ཀྱི་དུས་བཀྲེས་པར་འགྱུར་ཏེ་ལུས་ཀྱི་སྣུམ་བཅུད་མེ་དྲོད་ཀྱི་ཟད་པས་སྐྱ་བ་དང་། རླུང་ལྡང་བར་འགྱུར་བས་དེ་མི་འབྱུང་ཞིང་ཆ་མཉམ་པའི་ཕྱིར་དུ་ལུས་ཏིལ་མར་གྱིས་བྱུག ཤ་ཁུ་དང་སྣུམ་བག་ཟ། པགས་པའི་གོས་དང་ལྷམ་ནི་རྒྱུན་དུ་གོན། དྲོད་དུགས་ཉི་མའི་འོད་ལ་རན་པར་བསྲོ། ས་ཁང་བ་གཉིས་རིམ་གྱི་ནང་དུ་བསྡད་དེ་གནས་གོས་དྲོ་བའི་སྤྱོད་ལམ་ལ་གནས་དགོས། དགུན་སྨད་ཀྱི་དུས་སུ་ནི་ལྷག་པར་གྲང་བས་ན་དུས་དེར་ཡང་དགུན་སྟོད་ཀྱི་སྤྱོད་ལམ་དེ་ཉིད་ལྷག་པར་སྤྱད་པ་བསྔགས་སོ། །

གསུམ་པ། ནད་མེད་བདེ་སྲུང་གི་དགོས་པ།

གཡུ་ཐོག་གསར་མ་མཆོག་གིས། མི་ན་བ་རྣམས་ལ་ནད་མེད་ཐ་མལ་དུ་གནས་པ་དགོས་ལ། ནད་པ་རྣམས་ལ་ན་བ་དེ་གསོ་དགོས། མི་ན་བར་གནས་ཤིང་ན་བ་བསོས་པ་ལ་དགོས་པ་ཅི་ཡོད་ན། ཚེ་རིང་བར་ཐུབ་པའི་དགོས་པ་ཡོད། ཚེ་རིང་བར་ཐུབ་པ་ལ་དགོས་པ་ཅི་ཡོད་ན། ཚེ་རིང་ན་ཆོས་དང་ནོར་དང་བདེ་བ་བསྒྲུབ་པའི་ལོང་ཡོད་ལ། ཚེ་ཐུང་ན་བསྒྲུབ་ལོང་མི་འོང་བས་ཚེ་རིང་བར་ཐུབ་པར་བྱ་དགོས་ཏེ། ཞེས་གསུངས་པ་དང་། བཤད་རྒྱུད་ལས། འགྲོ་དྲུག་གཙོ་བོར་གྱུར་བའི་མི་ལུས་ལ། ། མི་ན་གནས་དང་ན་བ་གསོ་བ་དང་། ཚེ་རིང་ཆོས་ནོར་བདེ་བ་བསྒྲུབ་པའི་ཕྱིར། །ཞེས་གསུངས་པ་བཞིན་མི་ན་བ་གནས་པར་བྱ་བ་ཐོག་མར་སྨྲས་པར་དགོས་པ་ཆེར་ཡོད་དེ་ཚེ་རིང་བར་འདོད་ཅིང་ཆོས་ནོར་བདེ་བ་བསྒྲུབ་པར་འདོད་པ་ལ་སོགས་པའི་སྐྱེས་བུས་དུས་དང་གནས་སྐབས་ཐམས་ཅད་དུ་རང་གི་ལུས་སྲོག་ལ་གནོད་ཅིང་འཚེ་བར་གྱུར་པའི་སྤང་བྱའི་རྐྱེན་མཐའ་དག་ལ་གཟབ་ཅིང་སྤང་བླང་གི་ཚོད་ལེགས་པར་ཤེས་པར་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མི་ན་བ་གནས་པར་བྱ་རྒྱུ་ནི་འབྲས་བུ་ཚེ་རིང་ཆོས་ནོར་ལ་སོགས་པ་ཐོབ་པར་འདོད་པའི་ཐབས་མཆོག་དམ་པ་ཡིན་པས་འདིར་དང་པོར་མི་ན་བར་གནས་དགོས་པ་དང་། མི་ན་བར་གནས་པར་བྱ་བའི་ཐབས་ལམ་ནི་བོད་ཀྱི་གསོ་རིག་གི་དགོས་བ་ཐོག་མ་དེ་ཡིན་པ་མ་ཟད། ཚེ་རིང་བར་བྱེད་པ་དང་འབྲས་བུ་ཆོས་ནོར་བདེ་བ་བཅས་ཕུན་སུམ་ཚོགས་སྡེ་བཞི་བསྒྲུབ་པར་བྱེད་པའི་ལས་འགན་ཐོག་མའང་བདེ་སྲུང་གཙོ་བོ་ཡིན་པ་གསལ་བོར་གསུངས་ཡོད་དོ། །  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1