ཆོས་ཀུན་གནད་ལུགས་ཇི་བཞིན་དུ། །དེ་ལྟར་གཟིགས་པའི་སྟོན་པ་ཡིས། །འགྲོ་རྣམས་རྨི་ལམ་ལྟར་འཁྲུལ་བའི། །མ་རིག་གཉིད་ལས་སངས་བར་མཛོད། །མི་རྣམས་ཚེ་རིང་བདེ་སྐྱིད་ཕྱིར། ལུས་དང་སེམས་ཀྱི་ཁམས་ཉམས་པ། །གསོ་ཕྱིར་ཁམས་གསོའི་ཆོ་ག་བསྟན། དེ་ཡང་བོད་ཀྱི་གསོ་རིག་བརྒྱུད་བཞི་ཡི། །ཐོག་མའི་གླེང་གཞིའི་སྐབས་ནས་འདི་ལྟར་གསུང་། །མི་ན་གནས་དང་ན་བ་གསོ་ཕྱིར་ཞེས། །ས་བཅད་ཆེན་པོ་རྣམ་པ་གཉིས་ཀྱིས་དབྱེས། །དེ་ལ་སྐབས་འདིར་མི་ན་གནས་པ་ལ། །ལུས་ཁམས་མི་ན་ཡུན་དུ་གནས་པ་དང་། སེམས་ཁམས་བདེ་ཞིང་སྤྲོ་བ་འབྱུང་བའི་ཕྱིར། །ལུས་དང་སེམས་ཀྱི་ཁམས་གསོ་གཉིས་སུ་དབྱེ། །དེ་ལ་ལུས་བདེ་ཚེ་རིང་འབྱུང་བའི་ཕྱིར། ལུས་ཀྱི་འབྱུང་ཁམས་གསོ་བར་བྱ་བའི་ཕྱིར། །ལུས་སྦྱང་བསྐུ་མཉེ་ལུམས་དང་བཅུད་ལེན་སྟེ། །རྒྱུན་སྤྱོད་ལག་ལེན་རྣམ་པ་བཞི་རུ་དབྱེ། །དེ་ལ་དང་པོ་འདུག་ཆེས་ཚོ་ཆེས་དང་། །བད་ཀན་རང་བཞིན་མི་ལ་རྩོལ་བས་བཅག། །གཡུ་ཐོག་པ་ཡི་འཕྲུལ་འཁོར་རྒྱས་བསྡུས་དང་། ། ལུས་སྦྱོང་འཕྲུལ་འཁོར་ཅི་རིགས་རྒྱུན་དུ་བརྩོན། ། གཉིས་པ་མྱ་ངན་སེམས་ལས་ཆེས་པ་དང་། །གཉིད་ཆག་སྟོབས་ཞན་དུབ་ཞིང་ཐང་ཆད་དང་། །རླུང་གི་རང་བཞིན་མི་ལ་བསྐུ་མཉེ་མཆོག། གསུམ་པ་རྩ་དང་རྒྱུས་པ་རེངས་དང་འཁུམ། རྐང་ལག་རྒལ་ཚིག་ལྷུ་ཚིག་མ་བདེ་ན། །ལུམས་ནི་མཆོག་ཡིན་དེའང་ཆུ་ལུམས་དང་། རླངས་ལུམས་བཅིང་ལུམས་ཅི་རིགས་བྱ་བར་ཤིས། །བཞི་པ་རྒྱུད་ཀྱི་གསོ་ཐབས་རྣམ་གཉིས་ལྟར། །སྦམ་པོ་དབྲི་དང་སྐེམ་པོ་རྒྱས་བྱེད་དང་། རྒས་པ་གསོ་དང་རོ་ཙ་གསོ་བ་སོགས། །ཟས་དང་སྨན་གྱི་སྦྱོར་བ་ཅི་རིགས་བྱ། །ས་བཅད་གཉིས་པ་སེམས་ཁམས་གསོ་བ་ལ། ། སེམས་ལ་སེམས་ཀྱིས་གནད་དུ་བསྣུན་པ་ན། །སེམས་ཁམས་བདེ་ཞིང་བདེ་བའི་དཔལ་སྟེར་བ། །བོད་ཀྱི་གསོ་རིག་གཞན་ལས་ཁྱད་དུ་འཕགས། །ཆོས་རྣམ་ཀུན་གྱི་གནད་ལུགས་མཐར་ཐུག་པ། །ཅི་ཡང་མ་ཡིན་ཅི་ཡང་འཆར་རུང་བའི། །སེམས་ཁམས་རིག་པའི་གནད་འདི་སུས་ཤེས་ན། །ལུས་དང་སེམས་ཀྱི་ནད་རྣམས་འཇའ་ལྟར་ཡལ། །དེ་ལྟར་གོ་ཡང་གོམས་པ་མ་གྱུར་ན། །རང་གི་རྒྱུད་ལ་ཕན་པར་མི་འགྱུར་བས། །ཐོག་མར་རང་སེམས་རྣལ་དུ་ཕབས་པའི་ཐབས། །རྣམ་པར་མི་རྟོག་ཞི་གནས་སྒོམ་པར་བྱ། དེ་ནས་རང་གི་སེམས་ཁམས་ལ་བརྟག་ནས། །གང་ལ་གང་དགོས་དེ་ཡི་གཉེན་པོ་བསྒོམ། །དེ་ལྟར་འབད་པས་སེམས་ཁམས་བདེ་བར་གནས། །སྡུག་བསྔལ་ཐམས་ཅད་རང་སར་ཞི་བར་འགྱུར། །གཞན་ཡང་བཤད་རྒྱུད་སྤྱོད་ལམ་བསྟན་པའི་སྐབས། །ལ་སོགས་དུས་རྒྱུན་ཟས་དང་སྤྱོད་ལམ་གྱི། ། སྤངས་བླང་འཕྲོད་བསྟེན་ཇི་ལྟར་དགོས་པའི་གནད། ། བདེ་འདོད་རྣམས་ལ་རྟག་ཏུ་བསླབ་བྱ་དགོས། །དེ་ནས་སངས་རྒྱས་པ་ཡི་རིག་གཞུང་ལས། །ཇི་ལྟར་འབྱུང་བའི་མཐར་ཐུག་གཏན་གྱི་བདེ། །ཐོབ་པར་འདོད་ན་དེ་ཡི་གཞུང་ལ་ལྟོས། །དེ་ལྟར་ལུས་དང་སེམས་ཀྱི་ཁམས་གསོ་བའི། །སྡོམ་ཚིགས་འདི་ནི་ས་བོན་ཙམ་དུ་བྱས། །བོད་ཀྱི་ལུས་སེམས་ཁམས་གསོའི་རིག་པ་འདི། འཛམ་གླིང་འཛིན་མའི་ཁྱོན་ཀུན་ཁྱབ་གྱུར་ཅིག། །ཅེས་སྡེ་དགེ་རྫོང་སར་བ་བློ་གྲོས་ཕུན་ཚོགས་ནས་རབ་བྱུང་བཅུ་བདུན་པའི་མེ་བྱ་ལོའི་ཟླ་བ་དགུ་པའི་ཚེས་བཅུ་ཉིན་རང་ཤག་ཏུ་ཐུན་བར་ལ་ཤར་མར་བྲིས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག ། ནང་དོན་གནད་བསྡུས། གྲུམ་བུའི་ནད་ནི་དེང་དུས་མཐོང་མང་ལ་ལྷག་པར་དུ་ལོ་ན་རྒན་པོའི་རིགས་དང་རྒྱུན་རིང་བརླན་གྲང་གི་ཡུལ་དུ་ལས་ཀ་བྱེད་པའི་ཞིང་པ་སོགས་ལ་ན་མང་བ་ཞིག་ཡིན་པར་མ་ཟད། གསོ་བཅོས་བྱེད་ཁག་པོ་དང་གསོ་བྱེད་ཀྱི་དུས་ཡུན་རིང་པོ་དགོས་པ་ཞིག་ཡིན་པ་རེད། དེ་བས་འདིར་གུས་པས་ནད་ཐོག་ལག་ལེན་ལོ་བཅུ་གྲངས་བྱས་པའི་མྱོང་ཚོར་ཅུང་ཟད་དང་གྲུམ་བའི་ནད་ཀྱི་ཐ་སྙད་རྒྱ་ཡིག་དུ་བསྒྱུར་ཚུལ་བཅས་དཔྱད་པར་བྱས་ཡོད།
གཙོ་བོའི་ཐ་སྙད། གྲུམ་བུ། ངོས་འཛིན་དང་ཐ་སྙད། གསོ་བཅོས།
སྤྱིར་གྲུམ་བུའི་ནད་འདི་དེང་དུས་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་པ་དང་འཚོ་བ་སྐྱེལ་ཚུལ་མ་ལེགས་པས་དང་། འགུལ་སྐྱོད་ཉུང་དྲགས་པ་དང་ཟས་འཚོ་བཅུད་དྲགས་པ་བསྟེན་མང་བའི་དབང་གིས་མ་ཞུ་བ་བསྐྱེད་པས་དྭངས་མ་མ་སྨིན་པའི་དབང་གིས་ཁྲག་ངན་དང་ཆུ་སེར་མང་པོ་འཕེལ་བ་དང་བྱེར་བའི་དབང་གིས་ན་མཁན་ཤིན་ཏུ་མང་བ་ཡིན་སྟབས། འདིར་སྔོན་བྱོན་མེས་པོའི་ཉམས་ཡིག་དང་ཞལ་ཁྲིད། དེ་བཞིན་རང་ཉིད་ཀྱིས་ལག་ལེན་ལོ་མང་བྱས་པའི་མྱོང་བ་བཅས་བསྡུས་ནས་ཅུང་ཟད་དཔྱད་པ་ལ།
དང་པོ། གྲུམ་བུའི་ནད་ཀྱི་མཚན་ཉིད།
གྲུམ་བུའི་ནད་ནི་དྭངས་མ་མ་སྨིན་པའི་རྐྱེན་གྱིས་ཆུ་སེར་ཚད་ལས་བརྒལ་བ་རྒྱས་ཏེ་ཤ་དང་རུས་པ། རྩ་དང་ཆུ་རྒྱུས་བཅས་ཀྱི་གནས་སུ་ན་བའི་ནད་དེ། གྲུམ་ཞེས་པ་ནི་ཆག་ནས་ཞིབ་ཞིབ་འགྱུར་བའི་དོན་ཏེ། འདིར་ནད་འདི་ཡིན་པའི་རྟགས་ཀྱི་མིང་ནད་ལ་བཏགས་པ་སྟེ། སྒྲ་བཤད་ལ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། ཚིགས་མིག་ཆུ་སེར་འཕེལ་བ་ཡིས། །འབྱོར་བྱེད་བྱེད་ལས་ཉམས་གྱུར་ཏེ། །ཚིགས་ཀུན་ཆག་གྲུམ་ཤོར་བ་ལྟར། །གྱུར་པས་གྲུམ་བུ་ཞེས་སུ་བཤད། །ཅེས་དང་། ཡང་གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པ་ལས། གྲུམ་ནད་ཟེར་བ་ནི་གཙོ་བོ་རུས་ཚིགས་ལ་ཆུ་སེར་ཞེན་ནས་གཉན་ཁ་རྒྱས་པའི་ནད་ཞིག་རེད། ཅེས་གསུངས་པས་སོ། །སྐྱ་རེངས་གསར་པའི་ས་བཅད་ནང་རུས་རྐང་གི་ནད་ཅེས་གྲུམ་བུ་གསོ་ཐབས་བཞག་ཡོད། །
གཉིས་པ། གྲུམ་བུའི་ནད་ཀྱི་རྒྱུ་རྐྱེན།
རྒྱུ་ནི་གཙང་སྟོད་དར་མ་མགོན་པོས་མཛད་པའི་ཟིན་ཏིག་ལས། དེ་རྒྱུ་ཆུ་སེར་དཀར་ནག་ཡིན། །ཞེས་གསུངས་པ་དང་། གྲུམ་བུའི་ནད་ནི་རླན་གཤེར་ཆེ་བའི་ཡུལ་དང་སྣུམ་པ་སྟེ་རྩི་ཤིང་ནགས་ཚལ་བཏུག་པའི་ཡུལ་དུ་ཡུན་རིང་བསྡད་པ། ཆུ་དང་བརླན་གཤེར་ཆེ་སར་ལས་ཀ་ཡུན་དུ་བྱས་པ། ཁ་ཟས་ཀྱང་སྣུམ་ལ་བཅུད་ཅན་གྱི་རིགས་ཡུན་དུ་བསྟེན་དྲགས་པའི་རྐྱེན་ལས། ཟས་ཟོས་པའི་དྭངས་མ་ཚུལ་བཞིན་རང་གནས་སུ་སྨིན་མ་ཐུབ་པ། ལུས་ལ་ཆུ་སེར་ཚད་ལ་བརྒལ་བ་རྒྱས་ཏེ། དེ་ཉིད་ཤ་དང་རུས་པ། རྩ་དང་ཆུ་རྒྱུས་བཅས་ཀྱི་གནས་སུ་ཆག་གྲུམ་ཤོར་བ་ལྟར་ན་ཟུག་ཆེན་པོ་ལྡང་ནས་ན་བ་ཡིན་ཏེ། །གཡུ་ཐོག་བུ་དོན་མ་ལས། རྒྱུ་ནི་རླན་སྣུམ་ཡུལ་དག་གིས། དྭངས་མ་མ་སྨིན་རླུང་ཚད་དང་། །ཆུ་སེར་བད་མཁྲིས་རྐྱེན་གྱིས་བྱེར། །ཤ་རུས་རྩ་(ལ་)རྒྱུས་གནས་ནས་(ནད་)སྐྱེད། །རིགས་ལ་གཉིས་ཏྲེམ་དང་གྲུམ་བུ་གཉིས། ཏྲེམ་ལ་(བཞི་)རུས་ཏྲེམ་ཤ་ཏྲེམ་དང་། །རྩ་ཏྲེམ་ཆུ་ཏྲེམ་བཞི་དག་གོ། །གྲུམ་བུ་(ལ་)དཀར་ནག་རྣམ་པ་གཉིས། །ཞེས་སོ། །
གསུམ་པ། གྲུམ་བུའི་ནད་ཀྱི་དབྱེ་བ།
གྲུམ་བུའི་ནད་ཀྱི་དབྱེ་བ་མན་ངག་ཡོན་ཏན་རྒྱུད་ལས། དབྱེ་བ་ཤ་ཏྲེམ་རུས་ཏྲེམ་རྩ་ཏྲེམ་དང་། ཆུ་ཏྲེམ་ཏྲེམ་དཀར་ཏྲེམ་ནག་རྣམ་པ་དྲུག ཞེས་གསུངས་པ་ལྟར་དྲུག་ཏུ་དབྱེ་ནས་བསྟན་པ་དང་། ཡང་ན་དེ་དག་རྣམ་པ་གཉིས་སུ་བསྡུ་ནས་གསུང་པའང་ཚ་གྲུམ་དང་གྲང་གྲུམ་གཉིས་ཏེ་ཁྲག་མཁྲིས་ཚ་བ་ཤས་ཆེ་བའི་ཚ་གྲུམ་མམ་ཏྲེམ་ནག་དང་། བད་རླུང་གྲང་བ་ཤས་ཆེ་བའི་ཏྲེམ་དཀར་རམ་གྲང་གྲུམ་གཉིས་སུ་དབྱེ་ནས་བསྡུ་བ་ནི་སྤྱི་རག་པའི་དབང་དུའོ། །
བཞི་པ། གྲུམ་བུའི་ནད་ཀྱི་རྟགས་ལ་ངོས་བཟུང་བ།
སྤྱིར་གྲུམ་བུའི་ནད་ནི་མཚན་ཉིད་དང་ངོ་བོ་ལྟར་ཡན་ལག་ཆག་གྲུམ་ཤོར་བ་ལྟར་ན་ཟུག་ཆེས་ཆེར་ལྡང་བ་ནས་ན་བ་ཡིན་ཏེ། རྒྱུད་ཀྱི་གྲུམ་ནད་གསོ་བའི་ལེའུ་ལས། སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་རྩེ། །གདོང་སྣུམ་མགོ་བོ་རྐེད་པ་དཔྱི་མིག་ཟུག །ཤེད་ཆུང་སྒྱིད་སྐྱུར་ཤ་འབྲོས་རྔུལ་ཁ་སྙི། །རུས་ཚིགས་ཤ་རུས་འཁོལ་ཞིང་ཆུ་རྒྱུས་གྱོང་། །འགུལ་ཚེ་ལྷག་པར་ན་ཞིང་སྐད་ངན་འཆོར། །ཞེས་གསུངས་པ་ལྟར་གྲུབ་བུའི་ནད་ཀྱི་སྤྱི་རྟགས་ལ་ལུས་ལ་འཁྱགས་སྣང་ཡུན་རིང་ཞུགས་པ་དང་། ཤ་པགས་བར་ན་ཟུག་ཚ་ཤར་བྱེད་པ། གདོང་ལ་སྣུམ་བག་མང་བ། མགོ་བོ་དང་རྐེད་པ། དཔྱི་མིག་སོགས་ན་ཟུག་ཆེས་ཆེར་ལྡང་བ། ལུས་ཤེད་ཆུང་བ། ལུས་འགུལ་བསྐྱོད་མི་འདོད་པའམ་ལས་གང་ཡང་བྱེད་མི་འདོད་པ། ཤ་འབྲོས་པ་སྟེ་ཤ་སྐེམས་པོའམ་ལུས་ཟུངས་ཀྱི་ཉམས་སྟོབས་ཆུང་དུ་སོང་བ་དང་། ལུས་ནས་རྔུལ་ཆུ་འབྱུང་སླ་བ་སྟེ་རྩོལ་བ་ཅུང་ཟད་ཙམ་གྱིས་ཀྱང་རྔུལ་དོན་པ། རུས་ཚིགས་དང་ཤ་རྒོད་སོགས་ཆུ་འཁོལ་བ་ལྟར་ན་ཟུག་དྲགས་པོས་ལྡང་བ། ཆུ་རྒྱུས་གྱོང་པོ་ཆགས་ནས་ཡན་ལག་འགུལ་བསྐྱོད་དཀའ་བ། གལ་ཏེ་འགུལ་ན་ལྷག་པར་ན་ཟུག་ཆེ་ལ་ན་ཟུག་ཆེ་བའི་སྐད་ངན་ཀྱང་མཉམ་དུ་འདོན་པ་བྱེད་པ་དང་། ཡང་༧ཀོང་སྤྲུལ་རིན་པོའི་ཟིན་ཏིག་བདུད་རྩིའི་ཐིགས་པ་ལས། ན་ཚུལ་དྲེགས་དང་འདྲ་བ་ལས། ཁྱད་པར་ཚིགས་སྤྱི་དང་ལག་ཚིགས་ལ་བབས་མཚན་གྱི་རིགས་ལ་གཟེར་ཆེ། ཞེས་གསུངས་པ་ལྟར་ན་བ་དང་། ཡང་ཟིན་ཏིག་བསམ་འཕེལ་ནོར་བུ་ལས། དང་ག་མི་བདེ་སྐོམ་དད་ཆེ། །མིག་སྤྲིན་སེར་ལ་བརླ་དཔྱི་མིག །བརླ་ཁུག་ཚིགས་པ་བཅོ་བརྒྱད་དང་། །ཉི་ཤུ་གསུམ་གསང་འོར་གསང་རྣམས། །དགྱེ་དགུ་མི་ཤེས་མཚན་མོ་ན། །དེ་ནས་པུས་མོ་ལོང་མོ་དང་། །སོར་མོ་ཚིགས་རྣམས་སྐྲངས་ཤིང་གཡོ། །དཔུང་མགོ་གྲུ་མོ་མཁྲིག་མ་སོགས། སྐྲངས་ཤིང་གཡོ་བ་སླར་ཡང་ཞི། །ཞེས་གསུངས་ལ། གོང་སྨན་པའི་དགོས་པ་ཀུན་འབྱུང་ལས། རྟགས་ནི་ཚད་པའི་ནད་ཡིན་ཏེ། །ཚ་གྲུམ་མཁྲིས་པ་ལྡན་པས་ཚ། །གྲང་གྲུམ་བད་ཁན་ལྡན་པས་གྲང་། །ཏྲེམ་གྲུམ་རླུང་ལས་གྱུར་པ་སྟེ། །གྲུམ་ནག་རུས་པ་ལས་བྱུང་ཚ། །ཚ་བམ་འདུས་པ་སྟོབས་ཆུང་ཡིན། །གྲུམ་བུ་དཀར་པོ་ཚིགས་རྣམས་སྦོམ། །བཅུད་ཅན་ཟོས་ན་བདེ་སྙོམས་བྱེད། མཚན་མོའི་དུས་ན་ལྷག་པར་ན། །ཚིགས་གཞི་པུས་མགོ་ཉྭ་སུལ་སོགས། །རུས་པ་ན་བ་དཀར་པོ་ཡིན། །ནག་པོའི་རིགས་ནི་འགུལ་མི་ཤེས། །འགུལ་བའི་ཚེ་ན་སྐད་ངན་འཆོར། །རྩ་ཆུ་ཤ་རུས་ཚོལ་བ་དང་། །ཚང་ར་བུང་ཚད་མགོ་བོ་ན། །མི་འཕོ་ཀར་ཟུག་ནག་པོ་ཡིན། །ཞེས་གསུངས་པས་སོ། །
ལྔ་པ། ཐ་སྙད་རྒྱ་ཡིག་ཏུ་བསྒྱུར་ཚུལ་ལ་དཔྱད་པ།
ཐ་སྙད་བསྒྱུར་ཚུལ་ཐད་འདྲ་མིན་མང་རུང་། ནད་རྟགས་དང་ན་ལུགས་ལ་གཞིགས་ན་གྲུམ་བུ་ནི་ཕྱི་ལུགས་ལས་བསྟན་པའི་“风湿性关节炎”ཞེས་པ་དང་འདྲ་བ་ཡོད་པས། སྔོན་དུ་ཡང་ཡིག་བསྒྱུར་བ་དག་གིས་འདི་བཞིན་བསྒྱུར་གནང་འདུག་པའོ། །གཞན་ཡང་ཕྱི་ལུགས་པས་“风湿痛”དང་“风湿症”ཞེས་ཀྱང་བརྗོད་པ་དེ་དག་ནད་གཅིག་གི་མིང་ཡིན་ལ་རང་ལུགས་གྱི་གྲུམ་བུ་དང་འདྲ་བ་ཡོད། ཡང་གྲུམ་བུ་ནད་རིགས་གྱི་དབྱེ་བ་ཞིབ་ཕྲ་དག་ལ་རྒྱ་ཡིག་ཏུ་བསྒྱུར་འདུག་པར་ཤ་ཏྲེམ་ལ་“肉痹”རུས་ཏྲེམ་ལ་“骨痹”རྩ་ཏྲེམ་ལ་“脉痹”ཆུ་ཏྲེམ་ལ་“水痹”ཏྲེམ་དཀར་ལ་“白痹”ཞེས་དང་ཏྲེམ་ནག་ལ་“黑痹”ཞེས་བསྒྱུར་བ་དེ་ནི་དོན་ཁོ་ན་བསྒྱུར་བ་འདྲ་ལ་ནད་རྟགས་དང་དངོས་སུ་མཐུན་པ་ཞིག་མ་རེད་སྙམ་སྟེ། དེ་བས་འདིར་ཀྲུང་ལུགས་གསོ་རིག་གི་གཞུང་《素问·痹论》ལས“以冬遇此者为骨痹,以春遇此者为筋痹,以夏遇此者为脉痹,以至阴遇此者为肌痹,以秋遇此者为皮痹。”ཞེས་དང་། ཡང་《素问·四时刺逆从论》ཞེས་པ་ལས་“厥阴有余病阴痹,不足病生热痹”。ཞེས་བཤད་པར་དཔྱད་ན། དང་པོ་ཤ་ཏྲེམ་ལ་“肌痹”རུས་ཏྲེམ་ལ་“骨痹”རྩ་ཏྲེམ་ལ་“脉痹”ཆུ་ཏྲེམ་ལ་“筋痹”ཏྲེམ་དཀར་ལ་“热痹”ཞེས་དང་ཏྲེམ་ནག་ལ་“阴痹”ཞེས་བསྒྱུར་ན་ཅུང་ཟད་མཚམས་ཆེ་བ་འདུག་སྙམ་པས་འགྲིག་མིན་མཁས་དབང་རྣམས་ཀྱིས་སྐྱོན་བརྗོད་དག་བཅོས་གནང་བར་འཚལ། །
དྲུག་པ། གསོ་བཅོས་མདོར་བསྡུས།
དཔལ་ལྡན་རྒྱུད་བཞི་ལས། ཀུན་ལ་སྐྱེད་ཆུང་རུས་རྩ་གཏར་བ་དང་། །གཟེབ་ཏུ་བཅུག་ལ་ཁ་བཅིང་ལན་མང་སྒྲིལ། །རྟ་ལ་བསྐྱོན་ཏེ་གསང་ལ་ཆུ་ནང་སྐྱུར། །ཞེས་དང་ཡང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ཡིད་བཞིན་ནོར་བུ་ལས།ཀུན་གྱིས་བསྐྱེད་ཆུང་རུས་པའི་རྩ་གཏར་ལ། །གོས་ཀྱིས་བྱིབས་ལ་ལན་མང་སྒྲིལ་བྱ་ཞིང་། །རྟ་ལ་སྐྱོན་ཏེ་གསང་ལ་ཆུ་ནང་སྐྱུར། །གློ་བུར་སྐྲག་སྔངས་བྱུང་ན་ཕན་པ་ཡིན། །ཞེས་གསུངས་པ་བཞིན་གསོ་བཅོས་བྱ་དགོས་པ་སྟེ། འདི་ལ་འདོད་འབྱུང་མན་ངག་ཡོན་ཏན་ནོར་བུའི་མཛོད་གསལ་བྱེད་ཕན་བདེའི་སྒོ་འབྱེད་ལྡེ་མིག་ཅེས་བྱ་བ་ལས། རུས་རྩ་གཏར་ཞེས་སྤྱིར་རུས་པའི་ཚ་བ་མཁལ་མའི་རྩ་ལ་གཏར། ཞེས་གསུངས་ལ་དམིགས་གསལ་ནི་གཡུ་ཐོག་ཞབས་ཀྱིས་པུས་མོའི་གཉན་གོང་ནས་གྱེན་དུ་མཁྱུད་གང་བཅལ་བར་སོར་གསུམ་བཤགས། དེ་ན་རྩ་ནག་པོ་གྲོ་སོག་ཙམ་ཞིག་ཡོད་པ་དེ་ལ་ཁྲག་ཕུལ་གང་གདོན་ཞེས་གསུངས་འདུག་པ་ཟབ་པར་གོ་ཡང་དེང་སང་སྨན་པ་རྣམས་ལ་དེ་འདྲའི་སྐད་ཆ་མི་གདའ་འོ། །ཞེས་གསུངས་པ་ལྟར་དང་། ལྕུག་མའི་སྣོད་ནང་བཅུག་ལས་ཁ་དམ་པོས་བཅིང་ནས་བསྒྲིལ་བ་དང་རྟ་ལ་བསྐྱོན་པ་དང་ཆུ་ལ་བསྐྱུར་བ་སོགས་དངངས་ཞིང་འཇིགས་པའི་ཆོ་ག་བྱ་དགོས་པའོ། །གྲུམ་བུའི་ནད་ནི་དྭངས་མ་མ་ཞུ་བ་ཚ་བ་བྱེར་བ། ཆུ་སེར་འཕེལ་བ་ལས་འབྱུང་བ་ཡིན་པས་ཟིན་ཏིག་བསམ་འཕེལ་ནོར་བུ་ལས། བཅོས་ཐབས་ཟས་སྤྱོད་སྨན་དང་དཔྱད། །ཟས་ལ་ནས་རྙིང་གསར་པའི་ཟན། །བ་ར་འབྲི་མཛོ་དར་བ་དང་། །རི་དྭགས་རྒྱ་དང་ལག་བུའི་ཤ། །སྤྱོད་ལམ་བསིལ་དྲོད་སྙོམས་པར་བྱ། །སྨན་ལ་དང་པོ་བསྡུ་བ་དང་། །བར་དུ་བསད་དང་ཕྱི་རྗེས་བཅད། །ཕྱི་ནས་བྱུག་ལུམ་བྱེད་དང་བཞི། །ཞེས་གསུངས་པ་ལྟར་དང་པོ་བསྡུ་བ་ལ་སླེ་ཏྲེས་སུམ་ཐང་བཏང་ལ། དེ་ནས་སྤྱི་སྨན་དུ་༧ཀོང་སྤྲུལ་ཟིན་ཏིག་བདུད་རྩིའི་ཐིགས་པ་ལས། སྤྱི་སྨན་བོང་ཁྲག་25དང་བཅུ་གཅིག སེང་ལྡེང་25། སྤོས་ཁྱུང་15། ཀླུ་བདུད་18། ཁྱུང་ལྔ་ཚད་ལྡན། དངུལ་ཁྱུང་རྣམས་དང་། ཚ་ཤས་ཟུག་གཟེར་ཆེ་བ་ལ་གྲུམ་བུའི་ཟུག་གཅོག་ཆེན་མོ་ཟབ། ཐོག་མ་གཉའ་བའི་རྩ་རྒྱུད་ནས་ན་བ་རྩ་དཀར་དང་བསྡོངས་པ་ཡིན་པས་བསམ་འཕེལ་ནོར་བུ་དང་ལྟག་པ་སྤྲད། གྲུམ་བུ་སྤྱིར་མེ་གདབ་པ་ཡིན་ཀྱང་ཁྲག་ཤས་ཆེ་བ་ལ་ཐོག་མར་གཏར་ག་འགྲོ་དགོས། མཁལ་གྲུམ་ལ་ཁྱད་པར་བོང་ཁྲག་ཉེར་ལྔ་ཟབ། དཔྱད་རྔབ་རྭ་གཙོ་ཆེ་བར་བྱེད་ཀྱང་གནད་དུ་མ་སོང་ན་ཡག་ཉེན་ཀྱང་སྣང་། ཞེས་གསུངས་པ་ལྟར་དང་། ཟས་སྤྱོད་ཚྭ་དང་རུལ་སུངས་དཀར་དང་མངར་དང་ཤ་གང་ཡིན་གསར་རྙིང་གཉི་ཀ། སྣུམ་ཞིང་ལྕི་བའི་རིགས་དང་དྲོ་བཅུད་ཆེ་བ་དང་ཆང་རག་གི་རིགས། མེ་ཉི་ལྡེ་དྲགས་པ་དང་ཉིན་མོར་གཉིད་ཉལ་བ། རླན་གྲང་ཡུལ་དུ་སྡད་པ་སོགས་སྤངས་དགོས་པ་སྣང་།
བདུན་པ། རྗེས་གཅོད།
རྗེས་གཅོད་ལ། ཟིན་ཏིག་བདུད་རྩིའི་ཐིགས་པ་ལས་གསུངས་པ་ལྟར། དྲེག་རྩའམ་ཆུ་སེར་གདོང་རྩ་ཅུང་ཟད་གཏར་བ་དང་། ཟིན་ཏིག་བསམ་འཕེལ་ནོར་བུ་ལས། རྗེས་གཅོད་ལྕུམ་རྩའི་འཇམ་ཁྲུས་ཤིས། །ཉེས་བྱེད་རྩ་བ་འབྱིན་པའི་ཐབས། །རྩ་ལྟོ་སྦྲག་ལ་ཡང་ཡང་བཏང་། །ཞེས་དང་། ཡང་དེ་ཉིད་ལས། གཞན་ཡང་རྔབ་རུ་ཚིགས་ཐུར་བྱ། །བཅོ་བརྒྱད་བཅུ་དགུ་ཉི་ཤུ་ཡི། །གྲུམ་གསང་དགུ་རྣམས་བསྲེག་པར་བྱ། །ཞེས་གསུངས་པ་ལྟར་བྱས་ནས་ཕན་པོ་ཡོད། གཞན་ཡང་བདུད་རྩི་ལྔ་ལུམས་དང་ཆུ་ཚན་ལ་ཞུགས་ན་ཕན་པ་གདོན་མི་ཟ།