1.ནད་མིང་།
ཁ་ཟས་དང་སྤྱོད་ལམ་རྒྱུན་དུས་ལས་དམན་ལྷག་ལོག་པ་དང་གདོན་ལ་སོགས་པས་རྐྱེན་གྱིས་འདུ་བ་འཁྲུགས་པས་སྣ་བར་ནད་ཞུགས་པ་ལ་སྣ་ནད་ཅེས་སོ། །
2.ནད་ཀྱི་དབྱེ་བ།
དབྱེ་བ་ཕྱེ་ན་སྣ་སུབས་དང་། འབྲུམ་ཐོར་དང་། ཤ་ལུ་བ་དང་། རྣག་དང་ཁྲག་འཛགས་པ་དང་རྣམ་པ་ལྔར་བཤད་དོ། །
3.རྒྱུ་རྐྱེན་གྱུར་ཚུལ།
རྒྱུ་རྐྱེན་གཞི་མཐུན་ནི་ཟས་རིགས་སྒོག་བཙོང་ཀེའུ་སོགས་སྒོག་བཙོང་གི་རིགས་དང་། ཀ་ར་བུ་རམས་སྦྲང་སོགས་མངར་ཟས་ལས་བྱུང་བའི་རྫས་འགྱུར་གྱི་ཟས་རིགས་སྣ་ཚོགས་ཡུན་བསྲིངས་ནས་བཟའ་བ་དང་། ཚ་བའི་རིགས་དང་མངར་བཅུད་ཅན་གྱི་སྐོམ་ཆུ་དང་ཆང་རིགས་བཏུང་མང་བ་དང་། བརྡུལ་ཕྲན་བུ་དང་མ་གཙང་དྲི་མ་སོགས་སྣ་བུའི་བུ་གའི་ནང་དུ་ཞུགས་པ་དང་། སྤྱོད་ལམ་དབྱར་དགུན་གྱི་དུས་མེ་ཉིའི་ཚ་གདུངས་ཀྱི་འོག་ཏུ་བསྡད་དྲགས་པས་ནད་གཞི་འདི་ལྡང་བ་དང་། ཡང་ན། སྟོན་དཔྱིད་ཀྱི་དུས་རླུང་བསེར་བུ་དང་ཆར་དཔྱོད་ཀྱི་ནང་དུ་ཡུན་རིང་གནས་པ་སོགས་ཀྱི་རྐྱེན་གྱིས་འདུ་བ་འཁྲུགས་པས་སྣ་ནད་སྐྱེད་པར་བྱེད་པ་ཡིན།
4.ནད་ཀྱི་རྟགས།
ནད་སྐྱོན་བྱུང་བའི་དུས་སུ་ཚབས་ཆེ་ཆུང་ལ་བལྟོས་ནས་ནད་རྟགས་ལྕི་ཡང་དང་ཡང་ན་སྤྱིར་མགོ་བོ་ན་ཞིང་མགོ་ཡུ་འཁོར་བ། བཞིན་གདོང་མི་བདེ་བ་དང་སྐྲངས་པ། རྣག་དང་ཆུ་སེར་གྱིས་སྣ་འགགས་པའི་ཚེ་ན་དེ་རྟགས་སུ་དབུགས་འཚུབ་ཅིང་མཚུལ་པ་ཤུ་ཤུ་ཟེར་བའི་སྒྲ་འདོན་པ། སྣ་བར་ཟ་འཁྲུགས་འོང་བ། ངོ་གདོང་སྦྲིད་ཅིང་། ལུས་གྲང་ཤུམ་བྱེད་པ། སྣབས་མང་དུ་འབྱུང་བ་དང་སྐབས་སུ་སྣབས་སྐམ་ནས་བུ་ག་འགགས་པ། སྣ་ནས་ཁྲག་འཛགས་པ་ལ་དེ་ཡང་ཕྱིར་བྱུང་བའི་ཁྲག་གི་སྐ་སླ་མདོག་སོགས་ཀྱི་ནང་གི་ནད་གཞི་རྟོགས་དགོས་ཏེ། སེར་ལ་སླ་བ་བྱུང་ན་ཀླད་པ་ལས་འབྱུང་བ་སྟེ། སྨུག་ནག་བྱུང་ན་སྨུག་པོའི་བལྡོངས་ཟླ་ཡོད་པར་སྣང་ལ། དམར་ལ་དྭངས་པ་བྱུང་ན་རྩའི་ཁ་བྱེ་བ་ཡིན་ཏེ། རྩ་རྒྱུད་ཕྲ་ལ་མགྱོགས་པ། སྐབས་སུ་འདར་སྙམ་འོང་བ། ཆུ་མདོག་དམར་སེར་དྭངས་ལ་ཝུ་བ་ཆེ་ཆུང་མི་སྙོམས་ལ་སངས་པ་སྐྱེན། རེ་འགའ་ཀུ་ཡ་མཐུག་པ་བསལ། ལྕེ་མདོག་དམར་སྨུག་ངོ་བོ་སྐམ་པ། ལྕེ་སྟེང་འབྱར་བག་སྐྱ་སེར་གཡོག་ཡིན་པ་བཅས་ཀྱི་རྟགས་མངོན།
5.བཅོས་པའི་ཐབས།
ཟས་སྐོམ་མངར་ཚ་དང་། སྒོག་བཙོང་གི་རིགས་ཞག་ཚིལ་སོགས་སྣུམ་བཅུད་རྙིང་བའི་རིགས་སོགས་རུལ་སྐྱུར་ཚ་རྣོའི་རིགས་སྤང་དགོས་པ་དང་། རྩམ་སྐྱ་ཤིང་འབྲས་སོགས་བཅུད་མེད་འཇུ་སླ་གསར་འཇམ་གྱི་རིགས་བསྟེན་རྒྱུ། སྤྱོད་ལམ་དྲོག་དྲགས་ཚ་དུག་ཆེ་བ་དང་། མར་ཏོག་སྣ་ཚོགས་ཀྱི་རྩི་དུགས་ཕོག་སར་དང་། མི་གཙང་དྲི་མ་དུགས་པའི་གནས་སོགས་ལ་ཡུན་རིང་བསྡད་མི་རུང་བ། མྱ་ངན་སེམས་ལས་དང་དྲག་ཤུལ་གྱི་ལས་སོགས་སྤང་དགོས། རྒྱུན་དུ་གནས་ཅུང་ཟད་བསིལ་སར་དལ་བར་བསྡད་པ་དང་། སྐབས་བསྟུན་ལྟར་རྩོལ་བཅག་རན་པར་བྱ་རྒྱུ་གལ་ཆེ་བའོ། །
6.གཉེན་པོའི་སྨན་དུ།
བསམ་ཁྱུང་། ཨ་གར་ཉི་ཤུ། ཡ་མ་དྲུངས་འབྱིན། ད་ལིས་བཅོ་བརྒྱད། འཆི་མེད་སྲིན་སེལ། ཙན་དན་བཅོ་བརྒྱད། ཐང་ཆེན་ཉེར་ལྔ། གཞན་ཡང་བྱུར་དམར་ཉེར་ལྔ། མུ་ཏིག་ཉེར་ལྔ་སོགས་ནད་རྟགས་ལ་བལྟོས་ནས་གང་འོས་བསྟེན་རྒྱུ། སྣ་བུག་ནང་དུ་ལི་ཤི་དགུ་སྦྱོར་སོགས་འཐེན་པའོ། །
དཔྱད་དུ།
སྤྱི་གཙུགས་དང་ལྟག་པའི་སྡུད་སྒོ་སོགས་གསེར་ཏེལ་དང་དངུལ་ཏེལ་གང་འཚམ་རྒྱག་རྒྱུ། སྨིན་མའི་དབྲག་མེས་བསྡམས་ཤིང་<<སྙོག་མ་དྲུངས་འབྱིན།>>ལས་སྣ་རྩེ་གཅེར་མཐོང་མན་ཙམ་འོག་ཏུ་གཏར།། ཞེས་གསུངས་པ་ལྟར་སྣ་རྩེ་ནི་ཕྱི་ནས་རྩ་འདི་ཡིན་ཞེས་གསལ་བོ་མཐོང་རྒྱུ་མེད་རུང་སྣ་བུག་རྩེ་གཤམ་གྱི་དཀྱིལ་ངོས་ཁྲུམ་རུས་གཉིས་ཀྱི་དབུས་སུ་གཏར་དགོས། སྣ་ཁྲག་མང་དུ་བྱུང་ན་སྣེ་ས་བཞིའི་ཡན་ལག་ངོས་ཐི་གུས་བཅིངས། རྩའི་ཁ་བྱེ་བའི་དུས་སུ་སྣའི་དབུགས་གྱི་གར་སླེབས་པའི་དཔུང་འཛུམ་གཉིས་བསྲེག་ཅིང་སྣ་རུ་མར་རྩམ་དང་སྲམ་དང་རྨོངས་སྤུ་སོགས་ཀྱི་གསུར་བདུག་བྱ་བ། མགོ་ལ་ལྡེ་གུ་བྱུགས་ཏེ་ཕྱེ་མ་ཕུགས་སུ་སླེབས་ཚད་ཀྱི་བར་དུ་བརྫངས་ལ་བཞག །སྣ་ཁྲག་གི་རྒྱུ་ཕལ་ཆེར་ཁྲག་འཕེལ་བ་ལས་བྱུང་བས་ན་རྩ་ཆུང་གཏར་ཏེ་ཆུའི་འོལ་ཁ་གཞན་དུ་བསྒྱུར་བ་ལྟར་བྱའོ། །
ཞོར་དུ་དངུལ་ཁབ་ཀྱི་གཙག་ཚུལ་ལ་གསང་མིག་བཞི་སྟེ། 1.ལག་གཉིས་ཀྱི་སྟག་ཁ་ཕན་ཚུན་བསྣོལ་བར་བྱས་ནས་ལེ་ཆོ་གསང་དྲང་གཙག་བྱ་རྒྱུ། 2.སྣའི་ལོགས་གཉིས་ཀྱི་ཡེན་ཤང་གསང་དྲང་གཙག་བྱེད་རྒྱུ། 3.རྣ་རྒྱབ་སྔས་རུས་འོག་གི་སྐྲ་མཚམས་ཀྱི་རྡིབ་སར་གཡས་གཡོན་ཧྥུན་ཁྲི་གསང་ཁབ་རྩེ་གྱེན་ཏུ་བཀོལ་ནས་འཕྲེད་གཙག་བྱ་བ། 4.ཐོད་དབུས་ཀྱི་སྐྲ་མཚམས་ནས་གྱེན་ཏུ་ཕུན་ལྔའི་ཧྲེན་ཐིན་གསང་དྲང་གཙག་བྱེད་རྒྱུ།
7.ནད་གཞི་སྔོན་འགོག
རྒྱུན་དུ་སེམས་ལས་ཆེས་པ་སྤང་བ་དང་། ཇ་རྒོད་པོ་དང་། ཆང་རག་སྣ་ཚོགས་མི་འཐུང་བ། ཐ་མག་མི་འཐེན་པ། ཡུན་རིང་དུ་དྲོད་དྲགས་པ་དང་བསིལ་སར་མི་སྡོད་པ། ལྟོ་ཆག་གཉིད་ཆག་མི་བྱ་བ། མེ་ཏོག་གི་རྩི་དུག་ལྟ་བུ་དྲི་མ་ཆེ་མི་མནམ་པ། ཁ་ཟས་ཚལ་བསྙལ་རིགས་དང་སྣུམ་བཅུད་རྙིང་བའི་རིགས་སྤང་དགོས། དགོས་ངེས་ལ་བསྟུན་ནས་ནད་གཞི་ལ་བརྟག་དཔྱད་བྱ་རྒྱུ་དང་། རྒྱུན་དུ་ངལ་གསོ་ཡག་པོ་བྱེད་རྒྱུ། གཞན་སྣ་ཁྲག་མང་དུ་འཛགས་སྐབས་སུ་དུས་རྒྱུན་དུ་ཁྲག་ཤེད་འཕོ་འགྱུར་ལ་རིག་པ་རྩེ་གཅིག་ཏུ་བསྒྲིམས་ཏེ་དོ་སྣང་བྱ་རྒྱུ་ནི་ཆེ་གལ་ཆེའོ། །