བོད་ཀྱི་གསོ་རིག་ལས་ཐ་མལ་ནད་མེད་དུ་འཚོ་ཐབས་སྐོར་གྱི་བྱིས་པའི་ལབ་རྡོལ།

པདྨ་སྒྲོལ་དཀར། སྡེ་དགེ་རྫོང་བོད་སྨན་སློབ་གྲྭ་གཅིག་དྲུག་འཛིན་གྲྭའི་སློབ་མ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25


  ནང་དོན་གནད་བསྡུས། དེང་སང་སྤྱི་ཚོགས་འཕོ་འགྱུར་གྱི་འགྲོས་དང་བསྟུན་ནས་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་དང་བསམ་པའི་དཔལ་ཡོན་སོགས་སྔོན་ཆད་དང་བསྡུར་ན་ཧེ་བག་ཆེན་པོ་ཞིག་སོང་ཚར་བ་རེད། དེ་བཞིན་དུ་མིའི་འཚོ་བ་དང་ཁོར་ཡུག་སོགས་ཀྱང་འཕོ་འགྱུར་འགྲོ་བཞིན་ཡོད་སྟབས། སྤྱོད་ལམ་དང་སེམས་ཁམས་ལ་ཐད་ཀར་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་པ་རེད།སྔོན་མེད་ཀྱི་བསམ་བློའི་འཕོ་འགྱུར་དང་འཚོ་བ་དང་འཚོ་བའི་ཐད་ཀྱི་འགྱུར་ལྡོག་དེ་དག་ཚང་མ་ཕྱོགས་གཅིག་ནས་བཤད་ན་ཧ་ཅང་ཧང་སངས་དགོས་པའི་བཟང་ཕྱོགས་ཤིག་དང་དགའ་འོས་པའི་གནས་ཚུལ་ཞིག་ཏུ་ངོས་འཛིན་བྱས་ན་ཅིས་ཀྱང་ཆོགའོན་ཀྱང་། ལྡོག་ཕྱོགས་ནས་ཞུས་ན་འགྱུར་བ་དེ་དག་གིས་ང་ཚོ་འགྲོ་བ་མིའི་རིགས་ལ་འགལ་རྐྱེན་དང་གནོད་པ་ཚབས་ཆེན་བྱས་དང་བྱེད་བཞིན་པ་ཡིན་ལ།སྒོས་སུ་ང་ཚོར་སྔོན་མེད་ནད་རིགས་མང་པོ་ཞིག་ད་ལྟའི་ཁ་ཟས་འདི་དང་སྤྱོད་ལམ་འདི་གཉིས་ཀྱིས་བསླང་ནས་ན་འོང་བ་ཤ་སྟག་ཡིན་པས།དེའི་སྐོར་བོད་ཀྱི་གསོ་བ་རིག་པ་དང་བསྟུན་ཏེ་ཟས་སྤྱོད་ཚུལ་བཞིན་བསྟེན་ལུགས་སྐོར་ཅུང་ཟད་གླེང་ཡོད།

ནད་མེད་ཐ་མལ་དུ་གནས་པ་བྱ་རྒྱུ་ནི་མི་རྣམས་སྤྱི་མཐུན་གྱི་འདུན་པ་དང་རེ་བའི་རྨང་གཞི་ཡིན། མ་ཟད་རྩོམ་པ་གང་ཞིག་ལ་འཇུག་པར་བྱེད་ཚེ་རྩ་བའི་རྨང་གཞི་འམ་འབྲས་བུ་ཚེ་རིང་ཆོས་ནོར་ལ་སོགས་པ་ཐོབ་པར་འདོད་པའི་ཐབས་མཆོག་ཞིག་ཡིན་པས་དེ་ནི་རྒྱལ་ཡོངས་ཀྱི་གྲོས་དོན་ཤེས་བྱ་དང།ཞིབ་འཇུག་བྱེད་སའི་གནད་འགག་གི་ཤེས་བྱ་ཞིག་ཡིན།དེས་ན་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་གཞན་རྗེས་འཛིན་གྱི་རིག་པ་བོད་ལུགས་གསོ་རིག་ལས་ནད་མེད་ཚེ་བསྲིང་གི་དགོས་པ་ནི། འགྲོ་དྲུག་གཙོ་བོར་གྱུར་བ་མི་ལུས་ལ།།མི་ན་གནས་དང་ན་བ་གསོ་བ་དང་། །ཚེ་རིང་ཆོས་ནོར་བདེ་བ་སྒྲུབ་པའི་ཕྱིར། །ཞེས་གསུངས་པ་ལྟར།བོད་ཀྱི་གསོ་རིག་སྤྱིའི་དགོས་པ་ལས་མི་ན་བ་གནས་པར་བྱེད་པ་དང་ན་བ་གསོ་བར་བྱེད་པ་དེ་གཉིས་དགོས་པ་གཙོ་བོ་ཡིན་ལ།ཡང་སྒོས་སུ་མི་ན་བར་གནས་པ་བྱ་བ་ནི་དགོས་པ་ཀུན་གྱི་སྔོན་དུ་བཞག་ཡོད་པས་དགོས་པ་ཀུན་གྱི་གཙོ་བོ་ཡིན་པ་སེམས། ན་བ་གསོ་བ་དེའང་གཙོ་བོ་མི་ན་བར་བྱེད་པའི་ཐབས་ལས་མ་འདས།དེས་ན་ཐ་མལ་ཞེས་པ་ཚིག་དོན་ནི་ཉི་མ་ལས། གཞན་གྱིས་མ་བསྒྱུར་བའི་རང་གི་རང་བཞིན་དུ་གནས་པ་དེ་ལ་ཐ་མལ་ཞེས་བྱ་སྟེ། མི་འགྱུར་བ་ལ་ཐ་ཚིག་ཅེས་དང་། དང་པོའི་གནས་ལ་རང་མལ་ཞེས་ལྟ་བུའི་སྒྲ་བསྡུས་པའོ། ། དེས་ན་ནད་ཟུངས་དྲི་མ་རྣམས་རྐྱེན་གྱིས་མ་བསྒྱུར་བ་ལ་ཐ་མལ་གྱི་ལུས་དང་།སེམས་རྣམ་པར་རྟོག་པས་མ་བསྒྱུར་བ་ལ་ཐ་མལ་གྱི་ཤེས་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་སྐབས་དོན་གྱི་བརྗོད་བྱ་གཙོ་བོ་ནི་ཐ་མལ་ནད་མེད་གནས་ཐབས་ཡིན་པས་དེའི་སྐོར་གྱི་སྤྱི་ཚོགས་ཀྱི་གནས་བབས་ཙམ་གླེང་རྒྱུ་ཡིན།


རྒྱུད་ལས་ཀྱང་། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤོངས། །ཞེས་པ་ལྟར།གཅིན་སྙི་ཟ་ཁུ་དང་ཐུམ་འབུའི་ནད། སྒོས་སུ་མི་རྣམས་ཀྱིས་ཐོས་ན་འཇིགས་ཤིང་མཐོང་ན་ཡིད་སྐྱོ་བའི་གདུག་རྩུབ་ཅན་གྱི་ཨེ་ཙི་ནད་ལྟ་བུ། སྔོན་ཆད་ནད་འདི་དག་འགའ་རེ་བྱུང་མྱོང་མེད་ལ་བྱུང་མྱོང་བ་དག་ཀྱང་ཉིན་མོའི་སྐར་མ་ཇི་བཞིན་དཀོན་ཞིང་དེང་སང་མཚན་མོའི་རྒྱུ་སྐར་ཇི་བཞིན་མང་བ་ནི་སྐྱེ་བོ་ཐམས་ཅད་ཀྱིས་ཤེས་གསལ་ལྟར་རེད། བཤད་རྒྱུད་ལས། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་བྱུང་། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་གསུངས་པ་ལྟར་འབྲས་བུ་འབྱུང་རུང་བའི་རྒྱུ་དངོས་སུ་ཡོད་ཀྱང་གལ་ཏེ་རྐྱེན་མ་ཕྲད་ཚེ་རྒྱུ་ལས་འབྲས་བུ་འབྱུང་བ་ནི་གཏན་ཚིགས་ལས་འགལ་བ་ཞིག་ཡིན་པས་ནད་དེ་དག་འབྱུང་བའི་གལ་འགགས་གཙོ་བོ་ནི་ཟས་སྤྱོད་ཚུལ་བཞིན་མ་བསྟེན་པའམ་ཟས་དུས་ཐོག་ཏུ་མི་ཟ་བ་འམ་ཡང་ན་འགྲངས་དྲགས་པར་ཟ་བ་ལས་ཟ་ཁུའི་ནད་སོགས་སློང་ཞིང་སྐྲའམ་ཁ་སྤུ་སོགས་བཞར་སྐབས་དུག་སེལ་ཚུལ་བཞིན་མ་བྱས་པའི་དཔྱད་ཆས་བཀོལ་བའམ་མགྲོན་ཁང་སོགས་སུ་སོ་བཀྲུ་ཆས་སོགས་ལ་དོ་སྣང་མ་བྱས་ནས་རང་མོས་སུ་སྤྱད་པས་ཨེ་ཙི་སོགས་གདུག་རྩུབ་ཅན་གྱི་ནད་ཁྲིད། ཡང་ན་ཞིང་འབྲོག་ས་ཁུལ་དུ་གནས་པའི་བོད་མི་ཚོས་ལས་ཀ་ལས་ཚར་རྗེས་ལག་པ་མ་བཀྲུས་པར་ཟས་ལ་རོལ་བར་དགའ་བའམ་ཆུ་འཁྱགས་སོགས་འཐུང་བས་ཐུམ་འབུའི་ནད་སོགས་སློང་། དེའང་ད་ལྟ་སྐྱེས་ཕོ་མོའམ་རྒས་གཞོན་མེད་པར་ཚང་མས་རྟག་ཏུ་ལག་ལ་ཁ་པར་རེ་བཟུང་ཞིང་དེར་འཁྲུལ་ནས་ཟ་ཉལ་འགྲོ་འདུག་མི་ཤེས།ཡང་ན་སྤྱི་ཚོགས་འདི་ནི་ཧ་ཅང་བྲེལ་འཚུབ་ཆེ་ཞིང་འགྲན་རྩོད་ཆེན་པོ་ཡིན་པས་དུག་གསུམ་ལས་བསྐྱེད་པའི་སེམས་ནད་དུ་མ་འབྱུང་བཞིན་ཡོད། གཞོན་ནུ་རྣམས་གཉིད་ལ་དགའ་བས་ཞོགས་ཟས་ལ་སྣང་མེད་དུ་བཞག་པས་མཁྲིས་ཚད་(胆囊炎)སོགས་ནད་སློང་སྤྱིར་བོད་ཀྱི་གསོ་རིག་གི་དགོངས་པ་ལྟར་ན་ཞོགས་པ་ནི་ཉིན་གཅིག་གི་ནང་ནས་ཕོ་བའི་མེ་དྲོད་ཆེས་བཟང་ཞིང་བད་ཀན་གྱི་རྩ་སྦུབས་རྣམས་འགག་མེད་པས་དེ་དུས་ཟས་སོགས་ཟོས་ན་འཇུ་སླ་ཞིང་སྐབས་དེར་འཚོ་བཅུད་ཅན་གྱི་ཟས་རིགས་ཟོས་ན་ཉིན་གཅིག་ལ་སྙིང་སྟོབས་ཀྱིས་ཁེངས་སྲིད། ཡང་སྒོས་སུ་ད་ལྟ་མི་ཕལ་ཆེར་བ་ཞིག་གིས་རང་ཉིད་ཀྱི་འཚོ་བ་དང་དཔལ་འབྱོར་རྣམས་ལ་དམིགས་ནས་རྫས་འགྱུར་གྱི་ཟས་རིགས་དུ་མ་ཞིག་ལས་ཀྱིན་ཡོད།དེའང་ང་ཚོ་བོད་མི་རྣམས་ཀྱིས་རང་ཟས་ལྷད་མེད་གཞན་ལ་བཙོང་ནས་མཐོང་ན་མིག་ལ་མཛེས་ཤིང་མྱངས་ན་ལྕེ་ལ་བྲོ་བ་ཞིམ་པ།ཁོང་དུ་སོང་ན་དུག་ཅན་དུ་འགྱུར་པའི་ཟས་སྐོམ་དེ་ཚོར་འདོད་རྔམས་ཆེ་བས་ནད་དུ་མ་ཞིག་འབྱུང་བཞིན་ཡོད། བོད་མི་རྣམས་ཀྱིས་སྒོར་གཅིག་ཅན་གྱི་ཟས་ལ་རོལ་ནས་སྨན་སྒོར་བརྒྱ་ཅན་འཐུང་བཞིན་ཡོད་པ་མངོན་གསལ་ལྟར་རེད། དེ་ཕྱིར་ཆུ་མ་ཡོང་གོང་ལ་ཆུ་ར་སྔོན་དང་། རྐྱེན་མ་ཡོང་གོང་ལ་རིམ་གྲོ་སྔོན།ཞེས་པའི་དཔེར་ལྟར་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་ལས་བསྟན་པའི་ནད་བསྲུང་ཐབས་སྐོར་གྱི་ཤེས་བྱ་ཅུང་བརྗོད་རྒྱུ་ཡིན།

དེ་ཡང་དང་པོ་སྤྱོད་ལམ་སྐོར་བསྟན་པ་ནི།རྒྱུད་ལས།ཐེ་ཚོམ་གྲུའམ་མི་བསྲུན་བཞོན་པ་དང་། །ཞེས་བསྟན་པ་ཡོད་པ་དང་། དེ་ཡང་དེང་སྐབས་འཚོ་བའི་ཆ་རྐྱེན་དབྱར་མཚོ་བཞིན་རྒྱས་པས་གནམ་ལ་འཕུར་བའི་གནམ་གྲུ་དང་ས་འོག་འཛུལ་བའི་ལྕགས་ལམ།རླངས་འཁོར་སོགས་ལ་སྤྱོད་དུས་རྟག་ཏུ་ཁ་ལོ་བའི་ལག་རྩལ་དང་འཕྲུལ་འཁོར་གྱི་གནས་ཚུལ་ལེགས་མིན་ལ་དཔྱད་དགོས་པ་ནི་གལ་ཆེན་ཡིན་པ་བསྟན་ཡོད་པ་དང་། མཇུག་དོན་ལས། མི་རྔུལ་བཅག་པ་སྤྱོད་ལམ་མཆོག་ཞེས་པ་ལྟར། རྩོལ་བ་ཡང་དག་པའི་སྒོ་ནས་རན་པ་བཅག་ན་ལུས་ཉིད་མཁྲེགས་ཤིང་གྲིམས་པ་འགྱུར་ནས་ལུས་ཁམས་ཀྱི་ནད་འགོག་ནུས་པ་འཕེལ་སྲིད་ལ་གལ་ཏེ་ཐལ་ལས་དྲགས་པ་སྤྱད་ན་དེ་ལས་ལྡོག་པའི་ལས་འབྱུང་སྲིད། ཕྱི་རོལ་ཇི་བཞིན་དེ་བཞིན་ནང་ཞེས་པ་ལྟར།ཕྱིའི་གནམ་གཤིས་སམ་དུས་བཞིའི་འགྱུར་བ་དང་བསྟུན་ནས་ནང་གནོད་བྱ་གནོད་བྱེད་ཀྱང་འགྱུར་གྱི་ཡོད་། དཔེར་ན་དབྱར་དུས་སུ་ནམ་ཞོད་མང་བས་ས་གཞི་རྣམས་བརླན་ཞིང་ཆུ་ཐིགས་ཕྲ་མོའི་རྡུལ་དང་བཅས་པའི་རླུང་གི་སྟོབས་ཀྱིས་རེག་བྱ་གྲང་ཞིང་། ས་གཞི་རྣམས་ལས་རླངས་པ་ཐོན་པ་དང་། ཆུ་ཀླུང་སོགས་ཆུ་རྣམས་ཀྱང་རྙོག་པ་ཅན་དུ་གྱུར་པ་བཅས་ཀྱིས་ཕོ་བའི་མེ་དྲོད་ལ་གནོད་ཅིང་། མ་ཞུ་བ་སོགས་ཀྱི་ཉེས་པ་འཕེལ་བས་དུས་དེར་མེ་དྲོད་སྐྱེད་པའི་ཟས་སྐོམ་དང་སྤྱོད་ལམ་བསྟེན་དགོས།ཡང་ནད་མེད་ཅིང་ཚེ་རིང་པོར་གནས་པའི་སླད་དུ་བཀྲེས་སྐོམ་སྐྱུགས་པ་གཡལ་དང་སྦྲིད་པ་དང་། དབུགས་གཉིད་ལུད་པ་མཆི་མ་བཤང་བ་འཕྱེན།གཅིན་དང་ཁུ་བ་བཅས་ཀྱི་འབྱུང་བའི་ཤུགས་རྣམས་བགག་མི་རུང་བ་དང་ནམ་བབས་ན་དེ་དུས་སུ་བཏང་བར་བྱ་དགོས། ཟས་སྐོམ་གྱི་ཚོད་འཚམ་ཞིང་རན་པ་ཞིག་མ་བྱུང་བ་དེས་ཀྱང་ནད་འབྱུང་བའི་རྐྱེན་བྱས་ན་སྤྱིར་དུས་རྒྱུན་དུ་ཟས་ཚོད་ལེགས་པ་བཟའ་ཤེས་པ་ནི་ཤིན་ཏུ་གལ་ཆེ། རྒྱུད་ལས། དུས་ཀུན་ཏུ་ནི་ཟས་ཚོད་རན་པ་བཟའ། །ཟས་རྣམས་ལྕི་ཡང་ཚད་ལས་དཔག་བྱས་ཏེ། །ཡང་ལ་འགྲངས་ཤིང་ལྕི་ལ་ཕྱེད་འགྲངས་ཙམ། །བདེ་བླག་འཇུ་སླ་ཚོད་ཟིན་ཚོད་ཞེས་སུ་བཤད། །དེ་ནི་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་བསྟན་པ་ལྟར། དེ་ཡང་ཅི་ཕྱིར་ཟེར་ན་ཟས་ཚོད་མ་ཕྱིན་ཆུང་གྱུར་ན་ལུས་ཀྱི་སྟོབས་མདངས་ཤོར་ནས་རླུང་གི་ནད་མ་ལུས་འབྱུང་སྲིད། གལ་སྲིད་ཚད་ལས་ཐལ་ན་མ་ཞུ་བའི་སྟོབས་ཀྱིས་ཕོ་བའི་བད་ཀན་བེ་སྣབས་སྐྱེད་དེ། མ་ཞུ་བསུད་ནད་སོགས་དུ་མ་ཞིག་ཁྲིད་སྲིད་། དེ་བས་སྐྱེ་བོ་རྣམས་ཀྱིས་ཟས་ཚོད་ཟིན་པ་ཧ་ཅང་གཅེས།ཟས་དང་ཕོ་བའི་མེ་དྲོད་ཀྱི་སྟོབས་ཆེ་ཆུང་ལ་གཞིགས་ནས་ཟས་ཚོད་ཟིན་པ་དེ་ཡང་སྤྱིའི་དབང་དུ་བྱས་ན་ལྟོ་བ་ཆ་བཞིར་བགོས་པའི་ཆ་གཉིས་ཟས་རིགས་ཀྱིས་དགང་བར་བྱེད་པ་ལ། ཆ་གཅིག་སྐོམ་མམ་བཏུང་བའི་རིགས་ཀྱིས་དགང་བར་བྱེད་པ་དང་ཆ་བཞི་པའམ་ཐ་མ་ནི་བཟའ་བཏུང་གིས་དགང་བར་མི་བྱ་བར་རླུང་རྒྱུ་བའི་གནས་སུ་བཞག་པར་བྱ་དགོས། སྐྱེ་བོ་གང་དག་ཁ་ཟས་མི་འཕྲོད་པའི་རིགས་བསྟེན་པའམ་སྤོང་བར་བྱེད་པའི་ཐབས་ཤེས་ནི། རྒྱུད་ལས། མི་འཕྲོད་འཕྲོད་པ་བསྟེན་ནམ་སྤོང་བྱེད་ན། །འདྲིས་གོམས་སྒོ་ནས་ཆ་ཡིས་བསླབ་པར་བྱ། །ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་གལ་ཆེའོ། །

ནད་ལའང་དབྱེ་ན་ལུས་ནད་དང་སེམས་ནད་གཉིས་ཡོད་པ་ལས་སེམས་རྒྱལ་པོ་དང་ལུས་གཡོག་པོ་ཞེས་ཟེར་བ་བཞིན་དེའང་སེམས་ནི་གཙོ་བོའམ་མཆོག་ཡིན་པས་བོད་ཀྱི་གསོ་རིག་གི་ཐོག་མཐར་བར་གསུམ་དུ་དམ་པའི་ལྷ་ཆོས་དང་འབྲེལ་བ་ཟབ་པོ་ཡོད་ལ། རྒྱུད་ལས། སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར། །རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན། །བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད། ཞེསབསྟན་པ་ལྟར། སྤྱིར་བཏང་ན་ཚ་བཅོས་དུས་ནད་པའི་སེམས་བདེ་མིན་དང་། སེམས་སྟོབས་ཆེ་ཆུང་གི་གསོ་དཀའ་སླའི་ཁྱད་པ་གང་མང་ཞིག་གོ་ཐོས་འདུག་ལ། དེ་ཕྱིར་དུས་རྣམ་པ་ཀུན་དུ་སེམས་ཁམས་སྙོམས་བསྒྲིག་བྱེད་པ་ཤིན་ཏུ་གལ་ཆེའོ། །

སྤྱི་བོད་ཀྱི་གསོ་བ་རིག་པ་ནི་རྒྱ་མཚོ་ཇི་བཞིན་གཏིང་ཟབ་ཞིང་རྒྱ་ཆེ་ལ། ཁོ་མོས་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་བོད་མིའི་བདེ་ཐང་ལ་དམིགས་ནས་བོད་ཀྱི་གསོ་བ་རིག་པ་ལས་བསྟན་པའི་ཡང་དག་པའི་ཟས་སྤྱོད་སྤང་བླང་ཅུང་ཟད་བརྗོད་ཁུལ་བྱས་པ་དགེའོ། །

མཆན། སྡེ་དགེ་རྫོང་བོད་ལུགས་གསོ་རིག་ཤེས་ལྡན་མི་སྣ་གསོ་སྐྱོང་ཟབ་སྦྱོང་སློབ་གྲྭ། དཀར་མཛེས་འཕྲོད་བསྟེན་སློབ་གྲྭ་སྡེ་དགེ་དངོས་སྦྱོང་གནས་གཞི་ལྟེ་གནས་ཀྱི་སློབ་མ།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1