ནང་དོན་གནད་བསྡུས། དཔྱད་རྩོམ་འདིའི་ནང་ཕྲན་གྱིས་དེང་རབས་ཀྱི་སྲིན་སྐྲན་ནད་ཀྱི་རྒྱུ་རྐྱེན་དུད་འགྲོའི་རིགས་ལས་འགོས་ཁྱབ་བྱུང་བ་གསལ་པོར་བརྗོད་པ་དང་། དུད་འགྲོའམ་སྲོག་ཆགས་དེ་དག་སོ་སོའི་དབྱེ་བ། སྲིན་སྐྲན་ནད་ལ་མིང་གི་ཐ་སྙད་འདོགས་ཚུལ་དང་དབྱེ་བ་དེའི་ངོ་བོ། དར་ཁྱབ་ཆེ་ཆུང་དང་འགོག་བཅོས་ཀྱི་རྩ་དོན་བཅས་བརྗོད་ཡོད།
བརྡ་ཆད་གཙོ་བོ། སྲིན་སྐྲན། རྒྱུ་རྐྱེན། འགོས་ཁུངས། དབྱེ་བ། ངོ་བོ།
ཁ་སང་དེ་རིང་ཉེར་གཅིག་དུས་རབས་འདིར་ཕྱི་ཡི་དངོས་པོའི་འཕེལ་རྒྱས་དབྱར་གྱི་ཆུ་བོ་བཞིན་རྒྱས་པ་དང་། ནང་གི་མའི་ལུས་ལའང་ནད་འདྲ་མིན་མང་པོ་ཞིག་འབྱུང་དང་བྱུང་བཞིན་པ་ཡིན་ལ། སྲིན་སྐྲན་ནད་འདི་དར་ཁྱབ་ཆེ་ཞིང་ཚེ་སྲོག་ལ་འཇིག་ཉེན་ཧ་ཅང་ཆེ་བས་ང་ཚོས་འདིའི་ཐད་ལྷག་བསམ་རྣམ་དག་གིས་མནོ་བསམ་རེ་མ་བཏང་ཐབས་མེད་པས་འདིའི་འབྱུང་ཁུངས་རྒྱུ་རྐྱེན་ལ་དཔྱད་པ་ཆུ་ཐིག་ཙམ་བྱ་ཁུལ་ལ།
གཅིག སྲིན་སྐྲན་ནད་ཀྱི་རྒྱུ་རྐྱེན་བཤད་པ།
རྒྱུད་ལས། །སྲིན་དང་ཆུ་སེར་སྤུ་ལས་བྱུང་བ་ཡིན། ཞེས་དང། སྲིན་སྐྲན་ནད་ཀྱི་འབྱུང་ཁུངས་ནི་དུད་འགྲོའི་རིགས་ཡིན་ལ། དུད་འགྲོ་ལའང་དབྱེ་ན། ཝ་དང་། སྤྱང་ཀི འཕར་བ། གཟིག རི་བོང་། ཤ་བ་སོགས་རི་ལ་གཙོ་བོར་གནས་པའི་རིགས་དང་། ཁྱི་དང་། ཕག ཟོག ར་ལུག་ཞི་ལ་སོགས་ནི་མི་ཡི་བདག་བྱེད་དམ་ཁྱིམ་ལ་གཙོ་བོར་གནས་པའི་རིགས་གཉིས་སོ། །
1.སྤྱིར་ན་སྲོག་ཆགས་དང་མི་གཉིས་ནི་ནམ་ཡང་གཅིག་གི་གཅིག་ལ་འཚོ་ཞིང་བརྟེན་པས་གནས་ཡོད་པ་རེད། དཔེར་ན་སྤྱང་ཀི་ལྟ་བུ་གཅིག་ལ་མཚོན་ན། སྤྱང་ཀི་ནི་ཤ་ཁོ་ན་ཟོས་པས་འཚོ་དགོས་ལ། ཕལ་ཆེར་མི་ཡི་བདག་བྱེད་ཀྱི་སེམས་ཅན་རྣམས་བསད་ནས་ཟོས་པས་འཚོ་ཞིང་གནས་ཡོད་པ་རེད། དེ་དང་རིགས་འགྲེལ་བའི་མི་ཡི་བདག་བྱེད་ཀྱི་སེམས་ཅན་དག་ནི་མིའི་བདག་སྐྱོང་བྱེད་དགོས་པ་ལས་མི་མེད་ན་སེམས་ཅན་ཡང་མེད་པ་གཅིག་ལ་གཅིག་བརྟེན་དུ་ཆགས་ཡོད། ང་ཚོ་བོད་རིགས་ལ་མཚོན་ན་གོང་གི་ཝ་སྤྱང་འཕར་གཟིག་ཙི་གུ་ལྔ་པོའི་ཤ་ཟ་མཁན་ཉུང་། འོན་ཀྱང་ལྤགས་པ་མཉེད་པ་དང་ཞྭ་དང་ལྭ་བ་སོགས་བཟོས་ནས་གྱོན་པ་དང་སྤུ་ལ་ཐུག་རེག་བྱས་པས་སྲིན་འབུ་འགོས་པ་རེད། རི་བོང་དང་། ཤ་བ་གཉིས་ཀྱི་ཤ་ཟ་མཁན་མང་ལ་ལྤགས་པའང་མཉེ་ནས་གྱོན་པས་འགོས་ཁྱབ་ཆེ་བ་རེད།
2.ཕག་དང་ཟོག་དང་ར་ལུག་གི་ཤ་ཁྲག་གིས་དུས་རྒྱུན་འཚོ་གནས་ཀྱི་བརྟེན་ས་གཙོ་བོ་བྱེད་བཞིན་ཡོད་ལ། དམིགས་བསལ་དུ་ཞི་ལའི་ཤ་ཟ་སྲོལ་མ་མཐོང་། དེ་ཚོའི་སྤུ་དང་ལྤགས་པས་ཀྱང་འཚོ་བའི་བརྟེན་གནས་སུ་ཆགས་ཡོད་པ་རེད། ཁྱད་པར་དུ་སྲོག་ཆགས་ཁྱི་ནི་ཁྱིམ་ཚང་དེའི་སྒོ་སྲུང་ཡིན་ལ། དེ་ཕྱིར་ཁྱི་ནི་འབྲོག་ཁུལ་ལ་མཚོན་ན་ཁྱིམ་ཚང་རེ་མེད་ཐབས་མེད་པའི་སྲོག་ཆགས་ཞིག་རེད། འབྲོག་པའི་ཁྱིམ་ཚང་རེ་ལ་མང་ཤེས་ཁྱི་ལྔ་ནས་གཉིས་བར་ཡོད་པས་ཁྱིའི་ཕོ་བ་དང་རྒྱུ་མའི་ནང་སྲིན་འབུ་གནས་ཡོད་ཅིང་། རྩྭ་ཐང་དང་། ཆུ་བོ། སྔོ་ཚལ། གད་སྙིགས་བླུགས་ས་སོགས་ལ་ཁྱི་སྤུ་དང་། ཁྱི་སྐྱག་གམ་ཁྱི་ལུད་ཕྱིར་བཏང་དུས་དེའི་ནང་སྲིན་འབུ་ཕྲ་མོ་མང་པོ་དེ་དག་མི་དང་ནོར་ལུག་དང་སྲོག་ཆགས་གཞན་གྱི་རྩྭ་ཆུ་སོགས་ཁ་ནས་བརྒྱུད་པས་སེམས་ཅན་དེའི་ལུས་ལ་སྐབས་འཕྲལ་དུ་ནད་ཀྱི་རྒྱུ་རྐྱེན་རུ་འགྱུར་བ་རེད། ཕྱི་ཡི་ཁོར་ཡུག་གིས་རྐྱེན་པ། རྟའུ་བར་སྨད་ས་གནས་འདིར་རྩྭ་ཐང་རྒྱ་ཆེ་བའི་སྟེང་དུ་ཆུ་བོ་དལ་གྱི་འཁྱིལ་བ་དང་། སྲིན་འབུས་ཟིན་པའི་རྟ་ནོར་ལུག་ཁྱི་སོགས་ཤི་བའི་རོ་ཆུ་ནང་དུ་འཕང་པས། དེའི་ཆུ་གང་འཐུང་གི་མི་དང་དུད་འགྲོའི་ལུས་ཀྱི་ནད་འགོག་ནུས་པ་ཞན་པ་ཚོ་ལ་སྲིན་བུ་འགོས་ཁྱབ་བྱུང་འདུག ནང་གི་རྐྱེན་པ། རྒྱུན་པར་ཁྱི་ལ་ཐུག་རེག་དང་། འབྲོག་པར་ཤ་རློན་ཟ་རྒྱུར་དགའ་བ་དང་། དུས་ངེས་མེད་ཆུ་འཁྱག་འཐུང་བ། ཟས་མ་ཟོས་སྔོན་དུ་ལག་པ་གཙང་མ་བཀྲུ་བའི་སྲོལ་མེད་པ་དང་སེན་མོ་རིང་པོ་འཇོག་པས་དེའི་ནང་མི་གཙང་བའི་དྲེག་པ་དང་མཉམ་དུ་སྲིན་བུ་མིའི་ཁོག་པ་ནང་སོང་བ་ཡིན་ན་དལ་གྱིས་སྲིན་བུ་ཆུ་བུར་ཅན་ཆེ་རུ་རྒྱས་པས་བསྐྱེད་པ་ཡིན། རྒྱུད་ལས། ཅི་ཕྱིར་རྒྱུ་ལས་འབྲས་བུ་འགལ་མི་སྲིད། ཅེས་གསུངས་པ་ལྟར་རོ། །
གཉིས་པ། སྲིན་སྐྲན་ཆུ་བུར་ནད་ཀྱི་མིང་བཏགས་ཚུལ་དང་ངོ་བོ་བཤད་པ།
སྲིན་སྐྲན་ཆུ་བུར་ནད་ཅེས་པ་ནི། ངོ་བོ་སྲིན་བུ་ཡིན་ལ་དབྱིབས་རིལ་རིལ་ཆུ་བུར་རང་བཞིན་གྱི་སྐྲན་ལྟར་ཆགས་པ་དེང་སང་ན་མཁན་ཧ་ཅང་མང་བའི་ནད་ཞིག་ཡིན། གནས་ཀྱི་དབང་གི་དབྱེ་ན། ཀླད་པའི་སྲིན་སྐྲན་དང་། གློ་བའི་སྲིན་སྐྲན། རྒྱུ་མའི་སྲིན་སྐྲན། མཆིན་པའི་སྲིན་སྐྲན་བཅས་དུ་མ་འདུག་ལ། ཁྱད་པར་དུ་མཆིན་པའི་སྲིན་སྐྲན་ན་མཁན་ནི་བརྒྱ་ཆ་བདུན་ཅུ་ཙམ་སླེབ་འདུག སྐབས་འདིར་ལག་ལེན་དངོས་ཀྱི་ནང་མཆིན་པའི་གནས་སུ་སྲིན་བུ་རིམས་ཀྱིས་འཕེལ་ཏེ་རྡོག་པོ་ཆགས་པ་ལ་ཟེར། རེ་འགས་མཆིན་སྲིན་ནད་དང་། རེ་འགས་ནུབ་ལུགས་ཀྱི་ཐ་སྙད་ཐད་བསྒྱུར་བྱས་ནས་ཐུམ་འབུའི་ནད་ཡང་ཟེར། འདི་ངོ་བོའི་སྒོ་ནས་དབྱེ་ན། སྲ་སྙི་གཉིས་ཏེ་སྲ་མཁྲེགས་རྡོ་པོ་ཅན་དང་། ནང་སྟོང་ལྦུ་བ་སོབ་སོབ་ཅན་གཉིས་ལས། ནང་སྟོང་ལྦུ་སོབ་ཅན་གྱི་ངོ་བོ་འདི། དཔེར་ན། ལོ་བཅུའི་ནང་འཆི་ཚད་བརྒྱ་ཆ་དགུ་བཅུ་ཙམ་ཟིན་འདུག་ལ། སྲ་མཁྲེགས་རྡོག་པོ་ཅན་ནི་ཕྱི་ནད་ཚན་ཁག་གཤགས་བཅོས་བྱས་ན་ཕན་འབྲས་ཆེ། ནང་སྟོང་ཆུ་བུར་ལྦུ་སོབ་ཅན་ནི་གཤགས་བཅོས་བྱ་སྐབས་ཀྱང་ཕལ་བའི་མིག་གིས་མི་མཐོང་བའི་སྲིན་བུ་གནས་ཡོད་པའི་ཆུ་དང་འབུ་སྒང་ལུས་སོང་བ་ཡིན་ན། ལོ་ཟླ་གང་རུང་ལོན་ཚེ་སླར་གཤགས་བཅོས་དགོས་པ་འདུག་ལ། གཤགས་བཅོས་ཐེངས་གཉིས་གསུམ་ཙམ་བྱས་རྗེས་ནད་པའི་ཟུངས་ཀྱི་མི་ལྕོགས་པའི་གནད་ཚུལ་མང་པོ་འདུག་པས་གཟབ་དགོས། སྲིན་སྐྲན་ནད་འདི་ཡུན་རིང་ན་འབྲས་སྐྲན་ནད་ལ་འགྱུར་བས་བཅོས་བསྐྱེད་དཀའ་བ་འགྱུར། དེང་སང་བོད་ཀྱི་འབྲོག་ཁུལ་ལ་མཚོན་ན་མཆིན་པའི་སྲིན་སྐྲན་གྱི་ནད་འདི་ཆེས་ན་མཁན་མང་བས་འབྲོག་པའི་མིའི་ཚེ་སྲོག་མྱུར་དུ་འཇིག་པར་བྱེད་བཞིན་འདུག་ལ། མཆིན་པའི་སྲིན་སྐྲན་འདི་ན་ནས་ལོ་ལྔ་ཙམ་སྨན་བཅོས་མ་བྱས་པ་ཡིན་ན། ནད་པ་བརྒྱ་ཆ་ཞེ་ལྔ་ཙམ་ཚེ་སྲོག་ལ་རྒོལ་བའི་ཉེན་ཁ་ཡོད་ལ། ལོ་བཅུའི་ནང་བརྒྱ་ཆ་དགུ་ཅུ་ཙམ་ཟིན་པས་སྨན་བཅོས་འཕྲོད་བསྟེན་ལ་དོ་ཁུར་མ་བྱས་ན། རྒྱལ་ཁབ་དང་མི་རིགས་རྩ་མེད་འགྲོ་རྒྱུའི་ཉེན་ཁ་ཡང་འདུག །སྲིན་འབུ་འདི་གྲང་ངར་ཅི་ཙམ་ཆེ་རུང་ཁོར་ཡུག་ཏུ་འཚོ་ཞིང་གནས་ཐུབ་ལ། དྲོད་ཚད་ངེས་ཅན་ཞིག་གིས་འཆི་བཞིན་ཡོད་པ་རེད། སྲིན་བུ་རྡོག་པོ་ཆེ་ཙམ་ཆགས་ན། སྨན་ཁང་སོ་སོའི་ཕྱི་ནད་ཚན་ཁག་གཤགས་བཅོས་བྱ་དགོས་ལ། ཐོག་མར་ལོ་རེ་རེའི་ནང་Bསྒྲ་རླབས་དང་། CTའཕྲུལ་ཆས་ཀྱི་བརྟག་དཔྱད་ཐེངས་རེ་བྱས་ན་སྲིན་སྐྲན་ནད་ཡོད་མེད་རྟོགས་ཐུབ། གལ་ཏེ་ནད་འབུས་ཐོག་མར་ཟིན་དུས་འབུ་གསོད་ཀྱི་སྨན་གཏོང་ན་ནད་འབུ་ཇེ་ཆེར་མི་འགྲོ་བ་དང་སྨན་བཅོས་སྟབས་བདེ་ལ་དྲག་བསྐྱེད་སླ་བ་ཡིན། སྲིན་སྐྲན་འདི་ཕོག་ན་ཚེ་སྲོག་དང་བདེ་ཐང་དཔལ་འབྱོར་འགྲོ་གྲོན་ལའང་དཀའ་ངལ་མང་པོ་འཕྲད་པ་དང་། ཁྱད་པར་དུ་འབྲོག་ལས་ཐོན་བསྐྱེད་ལ་གྱོང་གུད་ཆེན་པོ་ཆགས་པ་ཡིན་དུས། དེང་སང་སྲིད་གཞུང་གིས་ཀྱང་འདིའི་ཐད་གྲོན་དངུལ་ཁ་གསབ་གཏོང་ནས་མི་རེ་སྒོར་ཁྲི་ཕྱེད་གསུམ་རེ་སྤར་ཡོད་པ་རེད། ང་ཚོས་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཟས་སྤྱོད་འཕྲོད་བསྟེན་ལ་གཟབ་ནན་བྱ་རྒྱུ་གལ་སྟེ། རྒྱུད་ལས། །ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐམ་སྦྱོར་བ་མཁས་པ་གཅེས། ། ཅེས་གསུངས་པ་ལྟར། སྲིན་སྐྲན་ནད་ནི་ཟས་སྤྱོད་མི་གཙང་བས་འགོས་ཁྱབ་བྱུང་བའི་ནད་ཞིག་ཡིན་པས། རྒྱུན་པར་ཁྱི་ལ་ཐུག་རེག་མི་བྱ་བ། དོན་མེད་ཀྱི་སྲོག་ཆགས་ཤི་བ་མཐོང་ན་གང་བྱུང་གི་ཐུག་ རེག་བྱེད་མི་ཉན། སྲིན་སྐྲན་ན་བའི་སར་སྲོག་ཆགས་ཀྱི་ཤ་རློན་མི་བཟའ་བ་དང་། ཆུ་འཁྱག་ མི་འཐུང་བ། ཟས་མ་ཟོས་སྔོན་དུ་ལག་པ་གཙང་མ་བཀྲུས་པ། ལག་པའི་སེན་མོ་དཀར་ནག་མཚམས་ནས་གཅོད་རྒྱུ་སོགས་དང་། སྲོག་ཆགས་དེ་ཚོའི་སྤུ་དང་ལྤགས་པར་ཐུག་རེག་གཟབ་པ། དེ་འདྲའི་རང་གི་ལུས་ཁམས་བདེ་ཐང་ལ་རང་གི་འགན་ཁུར་བ་དང་། འཕྲོད་བསྟེན་ཞན་པའི་ས་གནས་དང་མི་སྒེར་ལའང་གཙང་སྦྲ་སློབ་གསོ་དང་། ཟས་སྤྱོད་སྤང་བླངས་ཀྱི་གོམས་གཤིས་ལེགས་པོ་མཐོ་རུ་གཏོང་ནས་སྲིན་སྐྲན་ནད་ལས་རྒྱལ་བར་འགྱུར་ཕྱིར། ང་ཚོས་རྡོག་རྩལ་ཅིག་སྒྲིལ་གྱི་དཀའ་དཔྱད་འབད་བརྩོན་ཧུར་ཐག་བྱེད་དགོས་པ་སེམས། མཐར་རྣམ་དཀར་དགེ་བའི་ཆ་ཏིལ་འབྲུ་ཙམ་མཆིས་ནའང་རིག་དྲུག་ནད་ལས་གྲོལ་བའི་རྒྱུ་གྱུར་ཅིག །