རྣ་བ་འུར་བར་བརྟགས་ནས་ནད་རིགས་བྱེ་བྲག་པ་སོ་སོར་བཅོས་ཚུལ་སྐོར་བཤད་པ།
ཀུན་བཟང་རང་གྲོལ། སེར་ཤུལ་རྫོང་ལོ་ཕྱུག་ལྟེ་བའི་སྨན་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-25
མཐིང་སྔོན་བཻཌཱུར་མཛེས་པའི་འོད་མདངས་འཛིན། །
འགྲོ་མང་སྲོག་གི་འཇིགས་པ་ལས་སྐྱོབ་ཅིང་། །
བཅུ་གཉིས་སྨོན་པའི་བདེན་གྲུབ་སྨན་པའི་རྒྱལ། །
བྱང་ཆུབ་བར་དུ་འབྲལ་མེད་བརྩེ་བས་སྐྱོངས། །
གསོ་དཔྱད་གཞུང་ལུགས་མན་ངག་བྱེ་བའི་མཛོད། །
གསོ་དཔྱད་གཞུང་གི་དགོངས་དོན་རྒྱ་མཚོའི་འཇིངས། །
གངས་རིའི་ལྗོངས་སུ་འདྲེན་མཛད་གཡུ་ཐོག་ཟུང་། །
ཁོ་བོའི་སྤྱི་གཙུག་རྒྱན་དུ་ནམ་ཡང་མཆོད། །
གསོ་རིག་ཀུན་གསལ་ལྷ་ལམ་ཡངས་པོ་ལ། །
བློ་གསར་བློ་གྲོས་གཤོག་པའི་སྒྱུར་རྩལ་གྱིས། །
གང་འདོད་ངོམ་ལ་སྤྲོ་བའི་ངང་ཚུལ་འདི། །
གངས་རིའི་ཞིང་གི་མེས་པོ་གོང་མའི་ལུགས། །
འབྱུང་ལྔས་བསྡུས་པའི་འགྲོ་བའི་སྡུག་བསྔལ་དག །
གཅིག་ཅར་གཞོམ་ལ་ཅུང་ཟད་བརྩོན་ཁུལ་གྱིས། །
ཐོས་མང་གཞུང་གི་གབ་གནད་རྨོངས་པའི་མུན་། །
གྲོལ་ཕྱིར་ཟླ་བའི་འཛུམ་ཟེར་འདི་ནས་སྤྲོས། །
ཅེས་མཆོད་པ་བརྗོད་པ་དང་རྩོམ་པ་དམ་བཅའ་བ་སྔོན་དུ་སོང་ནས་ད་ནི་གཞུང་གི་བརྗོད་དོན་དངོས་བཤད་པར་བྱ་སྟེ། དེ་ཡང་འགྲོ་བ་མིའི་རིགས་ཀྱི་ལུས་སྲོག་ཡུན་རིང་དུ་འཚོ་བར་བྱེད་པའི་ཐབས་དམ་པ་མི་རིགས་སོ་སོར་ཚེ་ཡི་རིག་པའི་གཞུང་ལུགས་མཐའ་ཡས་པ་ཞིག་ཡོད་ནའང་དེ་དག་ལས་ཆེས་མཆོག་ཏུ་གྱུར་པའམ་ཁྱད་པར་དུ་འཕགས་པ་བོད་གངས་ཅན་ལྗོངས་ཀྱི་ཚེ་ཡི་རིག་པ་སྟེ་གསོ་བ་རིག་པ་གཞུང་ལུགས་འདི་ནི་མི་རིགས་གཞན་གྱི་གསོ་རིག་དང་མི་འདྲ་བ་འགྲོ་བ་མི་གཙོས་སྲོག་ལྡན་གང་ལའང་ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་དང་ལྡན་ཞིང་དེ་བཞིན་ཉམས་སུ་ལེན་པའི་ནང་བསྟན་རྒྱལ་བའི་གཞུང་ལུགས་དང་མཐུན་པ་འབྱུང་འཁྲུགས་ནད་ཀྱིས་གདུང་བའི་ཟུག་རྔུ་ལྡན་པའི་འགྲོ་བ་ནད་པ་དག་བྱམས་སྙིང་རྗེ་དང་ཀུན་སློང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རྩིས་ཟིན་པ་དང་། དེ་ཙམ་མ་ཚད་གསོ་རིག་རྒྱུད་ལས་བསྟན་པའི་སྨན་པའི་རྒྱུ་དྲུག་པོ་ཚང་བའི་སྒོ་ནས་ལག་ལེན་འདེབས་དགོས་པའི་ཕྱིར་ན་བོད་གསོ་རིག་གི་འཚོ་བྱེད་པ་ཞིག་ཡིན་ནས་བཟུང་གཞན་དང་མ་འདྲ་བའི་མི་གཤིས་ཡག་པོ་དང་རྒྱུད་དུལ་བ་ནད་པའི་དོན་ལ་བློ་སེམས་རྩེ་གཅིག་ཏུ་གཞོལ་དགོས་པ་ཞིག་ཡིན་དགོས་ལ་ཡིན་པ་ཞིག་རེད། དེས་ན་འགྲོ་བའི་འབྱུང་འཁྲུགས་ནད་ཀྱི་རྣམ་གྲངས་ལ་མིང་དང་གྲངས་ཀྱི་ཚད་འདི་དང་འདི་ཞེས་སུས་ཀྱང་ཚད་བཟུང་དཀའ་ཞིང་སུས་ཀྱང་ཁ་ཚོན་གཅོད་པར་དཀའ་ལ་ལྷག་པར་དུ་ནད་ཆུང་ཆུང་རྣ་བ་འུར་བ་ལ་ཡང་ནད་གཅིག་ཙམ་མ་ཡིན་པ་ནད་རིགས་མང་པོ་ཞིག་ལ་དོ་སྣང་བྱེད་དགོས་པའི་ཕྱིར་སྐབས་འདིར་རྣ་བ་འུར་བ་ཙམ་ལ་བརྟེན་ནས་ནད་རིགས་འགའི་ནད་རྟགས་དབྱེ་འབྱེད་དང་གསོ་བཅོས་བྱེད་ཚུལ་གྱི་ཐབས་ལམ་འགའ་འབྲི་བར་བྱ་སྟེ།
དེ་ལ་ཡང་སྤྱིར་རྣ་བ་འུར་བ་ཞེས་པའི་གོ་དོན་བཤད་པ་དང་། ནད་དེ་ཉིད་ཐོག་མར་འབྱུང་བར་བྱེད་པའི་རྒྱུ་རྐྱེན་བཞིན་མཐུན་དུ་བསྟན་པ། ནད་ཀྱི་རྣམ་གྲངས་སམ་དབྱེ་བ། རྣམ་འགྱུར་ནད་ཀྱི་མཚན་མ་ཕྱི་རོལ་དུ་མངོན་པའི་རྟགས་བསྟན་པ། དེ་ཉིད་ཁམས་སྙོམས་པར་བྱེད་པའི་གསོ་བཅོས་ཀྱི་ཐབས་ལམ་བསྟན་པ། མཇུག་གི་ཤིས་བརྗོད། དཔྱད་གཞིའི་ཡིག་རིགས་བསྟན་པ་བཅས་དོན་ཚན་རྣམ་པར་བདུན་གྱི་སྒོ་ནས་བཤད་དོ། །
དང་པོ། རྣ་བ་འུར་བའི་ནད་ཀྱི་གོ་དོན་བསྟན་པ།
སྤྱིར་རྣ་བ་འུར་བ་ཞེས་པ་ནི་ནད་རིགས་བྱེ་བྲག་པ་སོ་སོར་བརྟེན་ཏེ་རྣ་བའི་སྒྲ་ལེན་ལ་ཕོག་ཐུག་གཏོང་སྟེ་དེ་མཐུན་གྱི་སྒྲ་འུར་འུར་གྲགས་པ་ལ་རྣ་བ་འུར་བ་ཞེས་བྱའོ། །
གཉིས་པ། རྣ་བ་འུར་བའི་ནད་དེ་ཉིད་འབྱུང་བར་
བྱེད་པའི་རྒྱུ་རྐྱེན་གཞི་མཐུན་དུ་བསྟན་པ།
རྒྱུ་རྐྱེན་ནི་ཆམ་རིམས་གཉན་ནད་་ཀྱི་ནད་དུས་ཐོག་ཏུ་བཅོས་མ་ཐུབ་པ་བར་རྣར་ཚ་བ་བརྒྱབ་པ་དང་། རོ་མངར་བ་མང་དུ་བསྟེན་པས་སྲིན་འཁྲུགས་པ། སྣུམ་བཅུད་ལྡན་པའི་ཟས་སྐོམ་བསྟེན་ཆེ་བས་ཁྲག་གི་སྣུམ་ཞག་མང་བ་དང་། ཡང་ན་བཅུད་མེད་ཀྱི་ཟས་རིགས་ཡུན་དུ་བསྟེན་པ་དང་། ཚྭ་དང་རྣོ་ཚའི་རིགས་བསྟེན་དྲགས་པ། སྣ་ཁྲག་ཤོར་བའམ་ཟླ་མཚན་འབྱམས་པ་དང་ཡང་ན་ལུས་ཁམས་ལ་ཕྱི་རོལ་གྱི་རྨས་སྐྱོན་རིགས་ཀྱིས་ལུས་ལས་ཁྲག་མང་དུ་ཟགས་པ་དང་། ཁྲག་མང་དུ་གཏར་བ་དང་། དེང་རབས་ཀྱི་སྐོམ་ཆུའི་རིགས་མང་དུ་འཐུང་བའམ་རླན་གཤེར་ཆེ་བའི་ཡུལ་དུ་ཡུན་རིང་འགྲོ་སྡོད་བྱས་པ་སོགས་ཀྱིས་བསྐྱེད།
གསུམ་པ། རྣ་བ་འུར་བའི་ནད་ཀྱི་དབྱེ་བ་བསྟན་པ།
དབྱེ་བ་ནི་ཁྲག་གི་ཁམས་མཐོ་བ་ལས་བྱུང་བ་དང་། ཟུངས་ཁྲག་ཉམས་པ་ལས་བྱུང་བ། ཁྲག་ཤེད་མཐོ་བ་ལས་བྱུང་བ། མཁལ་མའི་ནད་ལས་བྱུང་བ། བར་རྣར་ཚ་བ་དང་གཉན་ཁ་བརྒྱབ་པ་ལས་བྱུང་བ་བཅས་དང་།
བཞི་པ། རྣ་བ་འུར་བའི་ནད་ཀྱི་སོ་སོའི་རྣམ་འགྱུར་ཚད་མ་ཕྱི་རོལ་དུ་མངོན་པའི་རྟགས་བསྟན་པ།
1.ཁྲག་གི་སྣུམ་ཞག་མང་བའི་རིགས་ལས་བྱུང་བའི་རྣ་བ་འུར་བའི་ནད་རྟགས།
གསོ་བྱ་དེའི་ངོ་གདོང་དམར་ལ་སྨུག་ཅིང་ཤ་ཚོན་པོ་དང་སྣུམ་རིགས་ལ་སྲེད་པ་ཆེ་དང་། མགོ་ཡུལ་འཁོར་ལ་རྣ་བ་འུར་བ། ས་བབས་མཐོ་པོའི་ཡུལ་དུ་ནད་ལྡང་སླ་བ་དང་། དབུགས་ཧལ་བ། རྩ་རྒྱུ་འབུར་ལ་འདྲིལ་བར་འཕར་ཞིང་ནང་ཁེངས་སྙམ་ཡོད་པ་དང་། དྲི་ཆུའི་ཁ་དོག་དམར་ལ་སྨུག་ཅིང་དྲི་དུགས་ལ་ལྦུ་བ་སངས་ཅུང་ཟད་སྐྱེན་པ་དང་ངོ་བོ་གར་བ་བཅས་སོ།
2.ཟུངས་ཁྲག་ཉམས་པ་ལས་བྱུང་བའི་རྣ་བ་འུར་བའི་ནད་ཀྱི་རྟགས་ནི།
སྣ་ཁྲག་ཤོར་བ་དང། ཟླ་མཚན་འབྱམས་པ་ཁྲག་མང་དུ་གཏར་བ་སོགས་ལུས་ལས་ཁྲག་མང་དུ་ཤོར་བའི་ལོ་རྒྱུས་ཡོད་ལ་སོ་རྙིལ་དང་སེན་མོ་ངོ་གདོང་བཅས་སྐྱ་བོར་ཆགས་པ་དང་རྣ་བ་འུར་བ། རོ་སྟོད་གང་སྙམ་བྱེད་པ། དབུགས་ཧལ་བ། ས་བབས་མཐོ་པོར་འཚོ་སྡོད་བྱེད་མི་ཐུབ་པ། སྙིང་གཡུག་པ་མགོ་ཡུལ་འཁོར་བ། མཚན་གཉིད་ཆུང་བ་དང་། རྩ་རྒྱུད་ཕྲ་ལ་གྲངས་ཅུང་ཟད་མགྱོགས་པ་དང་། མནན་ན་སྟོང་སྙམ་བྱེད་པ། དྲི་ཆུའི་ཁ་དོག་དཀར་ལ་སྔོ་བའི་ཞད་ཡོད་པ་དང་དྭངས་ཤིང་ལྦུ་བ་ཆེ་ལ་སངས་སྐྱེན་པ་བཅས་སོ། །
3.ཁྲག་ཤེད་མཐོ་བ་ལས་བྱུང་བའི་རྣ་བ་འུར་བའི་ནད་རྟགས་ནི།
མགོ་གཟེར་ལ་མགོ་ཡུལ་འཁོར་བ་དང་། རྣ་བ་འུར་བ། སྙིང་གཡུག་པ། ལུས་ཁམས་སྦྲིད་པ་དང་། གཉའ་རྒྱུས་གཟེར་བ་དང་། མིག་རབ་རིབ་བྱེད་པ། མཚན་གཉིད་ཆུང་བ། རྩ་རྒྱུད་སྦོམ་ལ་རྐྱལ་ཡང་མནན་ན་ནང་སྟོང་ཤས་ཡོད་པ་དང་ལྷག་པར་སྙིང་རྩ་འབུར་བ། དྲི་ཆུའི་མདོག་དམར་ལ་དྭངས་བ་དང་ལྦུ་བ་ཆེ་ཞིང་རྒོད་པ་བཅས་སོ།
4.མཁལ་མའི་ནུས་པ་ཉམས་པ་ལས་བྱུང་བའི་རྣ་བ་འུར་བའི་ནད་རྟགས་ནི།
དེང་སང་གསར་དར་སྐོམ་ཆུའི་རིགས་དགའ་བོ་ཡོད་པ་དང་རླན་གཤེར་གྱི་ཡུལ་དུ་འགྲོ་སྡོད་བྱས་པའི་ལོ་རྒྱུས་ཡོད་ལ་མཁལ་རྐེད་གཟེར་ཞིང་ལུས་ཁམས་འཁྱགས་པའི་ཚེ་སྡུག་ཏུ་འགྲོ་བ་དང་། གནམ་གཤིས་གྲང་བའི་ཚེ་སྡུག་ཏུ་འགྲོ་བ། གཅིན་ཁ་སྙི་བའམ་སྲ་བ་དང་། རྣ་བ་འུར་བ། ལུས་རྔུལ་བ་དང་། གཅིན་པ་གཏོང་བའི་སྐབས་གཅིན་ཁ་ཚ་བ་བཅས་ཀྱི་ནད་རྟགས་ཡོད་པ། རྩ་རྒྱུད་ཞན་ཞིང་བྱིང་ལ་མཁལ་རྩ་ཞར་བར་འཕར་བ་དང་གྲངས་དལ་བ་དང་། དྲི་ཆུའི་མདོག་དམར་ལ་སྐབས་འགར་དྲི་ཆུའི་མདོག་སྔོའམ་དཀར་ཀུ་ཡ་བྱེ་མ་འདྲ་བ་ཆུའི་གཏིང་ན་གནས་པ་དང་ལྦུ་བ་སངས་དལ་ལ་སྣོད་ཁེངས་པའང་འབྱུང་བ་ཡིན་ནོ། །
5.བར་རྣར་ཚ་བ་དང་གཉན་ཁ་རྒྱས་པ་ལས་བྱུང་བའི་རྣ་བའི་ནད་ཀྱི་རྟགས་ནི།
སྤྱིར་རྣ་བ་ཕྱི་ནང་བར་གསུམ་བཅས་ཀྱི་རིམ་པ་ཡོད་པ་ལས་འདིར་གཙོ་ཆེར་རྣ་བའི་བར་རྣར་ཚ་བ་གཉན་ཁ་ཡོད་པ་ཡིན་པས་དེའི་རྟགས་སུ་ཆམ་རིམས་ཀྱི་ནད་ཕོག་པའི་ལོ་རྒྱུས་ཡོད་པ་དང་རྣ་བ་ལས་རྣག་ཁྲག་འབྱུང་བ་དང་། རྣ་བའི་ཕྱི་ནང་དུ་ཟ་འཕྲུག་ཡོད་པ། རྣ་བ་འུར་བ་དང་། ཚ་བ་བརྒྱག་པ། རྣ་བ་ན་ཕྱོགས་ཀྱི་མགོ་ན་བ་དང་། སྐབས་སྐབས་སུ་རྣ་བས་སྒྲ་མི་གོ་བར་འོན་པ་བཅས་སོ། །
ལྔ་པ། རྣ་བ་འུར་བའི་ནད་དེའི་་ཁམས་མ་སྙོམས་པ་
དེ་ཉིད་སྙོམས་པར་བྱེད་པའི་ཐབས་སོ་སོར་བཤད་པ།
1.ཁྲག་གི་སྣུམ་ཞག་མང་བའི་རིགས་ལས་བྱུང་བའི་རྣ་བ་འུར་བའི་བཅོས་ཐབས་ནི།
གཞི་རྩའི་སྨན་བཅོས་རྩ་དོན་ནི་ཁྲག་གི་འཁོར་རྒྱུག་ཐུབ་པ་དང་ཁྲག་སླ་རུ་འགྲོ་བའི་ཐབས་ལ་བརྟེན་དགོས་པས། ཟས་སྐོམ་སྣུམ་བཅུད་ཀྱི་རིགས་འཛེམ་ལ་ཆུ་སྐོལ་མང་དུ་འཐུང་བ་དང་། སྔོ་ཚལ་གྱི་རིགས་མང་དུ་བསྟེན་པ་དང་། ལུས་ཁམས་ཧ་ཅང་དལ་བར་མི་སྡོད་པ་ལུས་མ་རྔུལ་ཙམ་དུ་འགྲོ་དགོས་པ་དང་། སྨན་དུ་མཛོ་མོ་ལྔ་ཐང་དང་། སྐྱུ་རུ་ཉེར་ལྔ། སྐྱུ་རུ་ཆིག་ཐང་། ཙན་དན་བཅོ་བརྒྱད། ཁྲག་འཁྲུགས་ཀུན་སེལ་བཅས་བསྟེན་པ་དང་། དཔྱད་དུ་ནད་ཀྱི་བབ་ཡུལ་ལ་་བརྟགས་ནས་དེ་མཐུན་གྱི་རང་རྩ་སོ་སོར་ཁྲག་གཏར་བ་དང་བཅས་སོ། །
2.ཟུངས་ཁྲག་ཉམས་པ་ལས་བྱུང་བའི་རྣ་བ་འུར་བའི་ནད་ཀྱི་བཅོས་ཐབས་ནི།
སྨན་བཅོས་ཀྱི་རྩ་དོན་ནི་ཕོ་བའི་མེ་དྲོད་དང་ལུས་ཟུངས་གསོ་བ་རླུང་ཁ་མནན་པ་བཅས་ཀྱི་ཐབས་ཤེས་གཙོ་བོར་བཟུང་སྟེ་བཅོས་དགོས་པའི་ཕྱིར། ཟས་སྐོམ་བཅུད་ཅན་དང་འཇུ་སླ་བའི་རིགས་བསྟེན་ཞིང་ཤིང་ཏོག་གི་རིགས་མང་དུ་བསྟེན་པ་དང་། སྤྱོད་ལམ་སྐམ་སའི་གནས་སུ་ཅུང་ཟད་རྩོལ་བ་བཅགས། སྨན་སེ་འབྲུ་དྭངས་གནས་དང་དྭངས་བཙོ། ཨ་གར་སོ་ལྔ་སོགས་ཨ་གར་གྱི་རིགས་དང་། དྭ་ལིས་བཅུ་དྲུག འབའ་སམ་སྨན་མར་སོགས་སྨན་མར་གྱི་རིགས་དང་བཅས་ནད་ཀྱི་རྒྱུར་བརྟགས་ཏེ་བཅོས་དགོས་པ་དང་། དཔྱད་དུ་རླུང་གསང་རྣམས་སུ་མེ་བཙའ་བྱ་ཞིང་རྣ་བར་སྣུམ་དུགས་དང་སྨན་གྱི་དྲོད་དུགས་སོགས་བྱ་དགོས་སོ། །
3.ཁྲག་ཤེད་མཐོ་བ་ལས་བྱུང་བའི་རྣ་བ་འུར་བའི་ནད་ཀྱི་བཅོས་ཐབས་ནི།
སྨན་བཅོས་ཀྱི་རྩ་དོན་ནི་རླུང་ཁྲག་གི་རྒྱུ་བར་སྙོམས་བྱེད་དང་། སྙིང་ཁམས་བདེ་སྲུང་དང་ཀླད་པར་ཕོག་ཐུག་མི་འགྲོ་བའི་ཐབས་ལམ་ལ་འབད་དགོས་པའི་ཕྱིར། ཟས་སྐོམ་ཚ་རྣོ་དང་སྣུམ་བཅུད་ཆེ་བའི་རིགས་དང་ཧ་ཅང་བཅུད་མེད་ཀྱི་རིགས་ཡང་ན་ལན་ཚྭའི་རིགས་བཅས་ལ་འཛེམ་པ་དང་། སྔོ་ཚལ་དང་ཤིང་ཏོག་སྨིན་པའི་རིགས། ཡང་ཞིང་འཇུ་སླ་བའི་ཟས་སྐོམ་བཟའ་ཞིང་བསྟེན་པ་དང་། སྤྱོད་ལམ་ཉིན་ཚན་དུ་དྲག་ཤུལ་གྱི་རིགས་སྤོང་ལ་བསིལ་དྲོད་སྙོམས་པའི་གནས་སུ་དལ་བུར་རྩོལ་བས་བཅགས་པ་དང་། སྨན་དུ་མུ་ཏིག་བདུན་ཅུ་དང་། བྱུར་དམར་ཉེར་ལྔ། སོ་ཙན། ཨ་གར་བརྒྱད་པ། ཨ་གར་ཉི་ཤུ། མུ་ཏིག་ཉེར་ལྔ། མི་ཕམ་ཁྲག་འཁྲུགས་ཀུན་སེལ་སོགས་བསྟེན་པ་དང། དཔྱད་དུ་ཁྲག་ཤས་དང་རླུང་ཤས་ཆེ་་ཆུང་ལ་བརྟགས་ཏེ་མེ་བཙའ་དང་ཁྲག་གཏར་བ་སོགས་ཀྱིས་བཅོས་དགོས་པ་ཡིན་ནོ། །
4.མཁལ་མའི་ནུས་པ་ཉམས་པ་ལས་བྱུང་བའི་རྣ་བ་འུར་བའི་ནད་ཀྱི་བཅོས་ཐབས་ནི།
གཞི་རྩའི་སྨན་བཅོས་རྩ་དོན་མཁལ་ནུས་དང་ལུས་ཀྱི་མེ་དྲོད་གསོ་བའི་ཐབས་ལ་འབད་དགོས་པའི་ཕྱིར། ཟས་སྐོམ་སྐམ་ས་ལས་བྱུང་བའི་འབྲུ་རིགས་དང་ལྷག་པར་དུ་ཡང་ཞིང་འཇུ་སླ་བའི་རིགས་དང་དྲོད་ཅན་གྱི་ཟས་སྐོམ་བསྟེན་པ་དང་། རླན་གཤེར་ལས་བྱུང་བའི་རིགས་དང་དེང་སང་གི་གསར་དར་གྱི་སྐོམ་ཆུའི་རིགས་ལ་ཧ་ཅང་འཛེམ་དགོས་པ་དང་། སྤྱོད་ལམ་སྐམ་སའི་གནས་སུ་རྩོལ་བས་བཅགས་ལ་རླན་གྲང་གི་གནས་སུ་འགྲོ་བ་སྤོང་། སྨན་ནི་ཕོ་བ་དང་མཁལ་མའི་མེ་དྲོད་གསོ་བྱེད་སེ་འབྲུའི་རིགས་དང་། ཨ་རུ་བཅུ་པ། གོ་ཡུའི་རིགས། སུག་སྨེལ་བཅུ་པ་བཅས་བསྟེན་པ་དང་། དཔྱད་དུ་མཁལ་མའི་གནས་སུ་དྲོད་དུགས་《རྒྱུད་ལས། མཁལ་རྐེད་གྲང་བར་གཡུ་སྤྱང་སྤུ་དུགས་བསྟེན།》ཞེས་པ་ལྟར་དང་། ཚིགས་པ་བཅུ་བཞི་པ་ལ་མེ་བཙའ་བྱེད་དགོས་སོ། །
5.བར་རྣར་ཚ་བ་དང་གཉན་ཁ་རྒྱས་པ་ལས་བྱུང་བའི་རྣ་བ་འུར་བའི་ནད་ཀྱི་བཅོས་ཐབས་ནི།
སྨན་བཅོས་ཀྱི་གཞི་རྩའི་གཙོ་བོ་ནི་རྣ་བའི་གཉན་ཚད་བཅག་ནས་དུག་སྲིན་འགོག་བྱེད་ཀྱི་ཐབས་ལ་བརྟེན་དགོས་པས་རྣ་བའི་ཕྱི་ནང་དུ་ཆང་བཅུད་ཀྱིས་དུག་སེལ་ལེགས་པོ་བྱེད་དགོས་པ་དང་། སྔོ་སྟག་ཤའི་ཁཎྡ་དང་། ཡུ་གུ་ཤིང་གི་ཁཎྡ་བྱུགས་པ་བྱས་ལ་ཁོང་སྨན་སྤང་རྩི་བཅུ་གཉིས་དང་། རྡོ་རྗེ་རབ་འཇོམས། ཁྱུང་ལྔ། འཆི་མེད་སྲིན་སེལ། ཨུག་ཆོས་ལྔ་བ་དང་བཅུ་པ་གང་རུང་བཅས་བསྟེན་ནས་བཅོས་དགོས་པ་དང་། དཔྱད་དུ་ཚ་ཤས་ཆེ་ན་དེ་མཐུན་གྱི་གཏར་དང་། ཚ་བ་འཇགས་རྗེས་དྲོད་དུགས་བྱེད་པ་བཅས་ལ་བསྟེན་ནས་བཅོས་དགོས་སོ། །
དྲུག་པ། མཇུག་གི་ཤིས་བརྗོད།
ཞེས་པའི་དཔྱད་རྩོམ་《རྣ་བ་འུར་བར་བརྟགས་ནས་ནད་རིགས་བྱེ་བྲག་པ་སོ་སོར་བཅོས་ཚུལ་སྐོར་བཤད་པ།》ཞེས་པ་འདི་ནི་དེང་དུས་ཀྱི་སྨན་པ་རེ་འགས་རྣ་བ་འུར་བའི་ནད་ནི་རྣ་བའི་ནང་གི་ནད་རྐྱང་པར་ངོས་འཛིན་ནས་རྣ་བར་རྐྱང་པར་གསོ་བཅོས་བྱེད་པའི་རྣམ་པ་ཞིག་མཐོང་བར་བསྟེན་དེ་ནི་དུག་ཤིང་གི་རྩ་བ་མ་གཅོད་པ་ལོ་མ་བྲེག་པ་དང་འདྲ་བའི་ཕྱིར་རང་དང་རང་འདྲ་བའི་ཤེས་རིག་གི་ཆུ་ཚད་དམའ་བའི་འཚོ་བྱེད་པ་རྣམས་ལ་གསལ་འདེབས་ཙམ་དང་ཟུག་རྔུའི་དུ་ཁས་གདུང་བའི་གསོ་བྱ་ནད་པ་དག་ལ་ཕན་རེ་ཨེ་ཐོགས་སྙམ་པའི་ཀུན་སློང་བཟང་པོས་ཟུར་རྒྱན་ཏེ་འབྲི་ཁུལ་བྱས་པས་ལེགས་ཆ་དང་རྣམ་དཀར་གྱི་དགེ་བ་ཞིག་མཆིས་ན་འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་ལས་གྲོལ་ཞིང་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་དང་རང་རེའི་གསོ་རིག་གི་བསྟན་པ་འདི་ཉིད་མི་ཉམས་པ་དབྱར་གྱི་ཆ་གཏེར་བཞིན་རྒྱས་པའི་རྒྱུར་གྱུར་ཅིག །
གསོ་དཔྱད་གཞུང་ལུགས་ཟབ་གནད་རྒྱ་མཚོའི་འཇིངས། །
ལག་ལེན་མན་ངག་འཛད་མེད་གངྒའི་རྒྱུན། །
སྤེལ་མཛད་གཡུ་ཐོག་ཟུང་དེའི་རིང་ལུགས་ཀྱི། །
བསྟན་པ་མི་ཉམས་དབྱར་མཚོ་བཞིན་རྒྱས་ཤོག །
ནང་བསྟན་གཞུང་གི་དགོངས་བཅུད་ཟབ་མོའི་གནད། །
མ་ནོར་ཇི་བཞིན་གཏན་ལ་འབེབས་མཁས་པའི། །
བྱང་ཟུར་མཁས་པའི་ལུགས་ཀྱི་གསོ་དཔྱད་གཞུང་། །
མ་འོངས་ཕྱོགས་མཐའ་ཀུན་ཏུ་ཁྱབ་གྱུར་ཅིག།
གསོ་དཔྱད་འོ་མའི་མཚོ་ལས་ཆ་ཤས་ཙམ། །
སྣོད་ལྡན་བློ་གསར་དག་གིས་བཏུང་འདོད་ན། །
བློ་ལྡན་བློ་ལས་བྱུང་བའི་ཤེས་རིག་བཅུད། །
རོ་བརྒྱའི་ཡང་བཅུད་འོ་ལས་མར་བཞིན་ནོ། །
སརྦ་མངྒལཾ། །