བོད་ཡིག་གིས་རྒྱ་ཡིག་ལ་སྒྲ་གདངས་སྦྱར་བ་ནི་རྒྱའི་སྐད་ཡིག་གི་རྣམ་པ་གཞན་ཞིག་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 07-26


    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། “ཏོན་ཧོ་གོ་ཛང་བུན་འགྱེན་གྱིའུ་”ཞེས་པའི་ཡི་གེ་དེ་དག་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་གི་ཞིབ་འཇུག་པ་གཞོན་པ་ལིའུ་དབྱིང་ཧྭ་ཡིས་“ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་སྐབས་གཉིས་པའི་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་ལས་སྒྲུབ་ཁང་དང་མཐོ་རིམ་ཞིབ་འཇུག་སློབ་སྦྱོང་འཛིན་གྲྭའི”ཐོག་གཏམ་བཤད་གནང་བའི་བརྡ་ཆད་གཙོ་བོའི་གྲས་རེད། “ཏོན་”དང་“ཧོ་”ལྟ་བུར་མཚོན་ན་བོད་སྐད་དུ་ནང་དོན་བཤད་རྒྱུ་མེད་པ་དང་། “གོ”ཡི་དོན་ནི་“བར་གསེང་”དང་“ཛང་”ལ་ནང་དོན་མེད། “བུན”ཞེས་པ་ནི་“བུ་ལོན”གྱི་དོན་ཡིན་ལ་“འགྱེན”དང་“གྱིའུ་”ལ་ནང་དོན་མེད། གོང་གསལ་བོད་ཡིག་གི་ཡིག་འབྲུ་རྣམས་མཉམ་དུ་བཀླགས་ཀྱང་ནང་དོན་ཅི་ཡང་གོ་མི་ཐུབ། འོ་ན་ལིའུ་དབྱིན་ཧྭ་ཡིས་ཡང་སྙིང་ཅི་ཞིག་བཤད་རྒྱུ་ཡིན་ནམ། 
པར་འདི་ནི་སྐབས་གཉིས་པའི་ཏུན་ཧོང་ཡིག་རྙིང་ཞིབ་འཇུག་ལས་སྒྲུབ་ཁང་དང་མཐོ་རིམ་ཞིབ་འཇུག་སློབ་སྦྱོང་འཛིན་གྲྭའི་བྱེད་སྒོའི་ཡུལ་དངོས་ཡིན།
            མ་གཞིར་“ཏོན་”ཞེས་པར་རོ་མའི་སྒྲ་གདངས་ལྟར་ན་tonཞེས་བཀླགས་ཤིང་། དེ་བཞིན་དུ་“ཧོ”(ho)དང་། “གོ”(go)“ཛང་”(dzang)“བུན”(bun)“འགྱེན་”(gyen)“གྱིའུ་”(gyi’u)བཅས་ཀྱང་རོ་མའི་སྒྲ་གདངས་ལྟར་བཀླགས་ནུས་ལ། དེ་དག་མཉམ་དུ་སྦྱར་ནས་བཀླགས་ཚེ་“ཏུན་ཧོང་བོད་ཡིག་ཡིག་རྙིང་ཞིབ་འཇུག”ཅེས་པའི་རྒྱ་ཡིག་གི་སྒྲ་གདངས་ཇི་བཞིན་དུ་ཐོན་ཐུབ་པ་རེད། 
            སྤྱི་ལོ་དུས་རབས་8–9པའི་བར་གྱི་ཏུན་ཧོང་ས་ཆའི་མི་རྣམས་ཀྱིས་བོད་ཡིག་གིས་སྒྲ་སྦྱར་བ་ལ་བརྟེན་ནས་རྒྱ་ཡིག་གི་ཆ་འཕྲིན་བརྒྱུད་སྤྲོད་བྱེད་ཀྱིན་ཡོད། ལིའུ་དབྱིན་ཧྭ་དང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་སྐད་ཡིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཞང་པའེ་གཉིས་ཀྱིས་མི་ལོ་དུ་མར་ཏུན་ཧོང་ཡིག་རྙིང་གི་ཞིབ་འཇུག་ལ་རྩེ་གཅིག་ཏུ་གཞོལ་གྱིན་ཡོད། ཁོང་ཚོས་ཏུན་ཧོང་བོད་ཀྱི་བརྡ་རྙིང་ཡིག་ཚང་ལས་དཔེར་ན་《དགུ་མཐའི་སྒྱུར་ཐབས་ཀྱི་མན་ངག་》དང་། 《ཡིག་འབྲུ་སྟོང་ཕྲག་མ》《བོད་རྒྱ་ཤན་སྦྱར་གྱི་ཐ་སྙད་རེའུ་མིག》ཆོས་དཔེ། རྩིས་ཐོ་སོགས་སུ་བོད་ཡིག་གིས་རྒྱ་ཡིག་གི་སྒྲ་གདངས་ཇི་བཞིན་སྒྲ་སྦྱར་བའི་ཡི་གེ་དང་ཐ་སྙད། ཐ་ན་བོད་ཡིག་གིས་སྒྲ་སྦྱར་བའི་རྒྱ་སྐད་ཀྱི་རྩོམ་ཡིག་ཀྱང་བྲིས་པའི་སྣང་ཚུལ་ཇི་སྙེད་ཅིག་རྙེད་པ་རེད། 
            “རྒྱ་བོད་ཀྱི་སྒྲ་གདངས་ཤན་སྦྱར་བའམ་སྒྲ་གདངས་གཅིག་པུ་སྦྱར་བ། བོད་ཀྱི་དབྱངས་གསལ་གྱིས་རྒྱ་སྐད་བྲིས་པའི་ཡིག་ཚང་དེ་དག་རྒྱལ་ཁབ་ཕྱི་ནང་གི་མཁས་པ་རྣམས་ཀྱིས་སྔ་མོ་ནས་ཞིབ་འཇུག་བྱས་ཡོད་ལ། དེ་ནི་ང་རང་གིས་ཐོག་མར་རྙེད་པ་ཞིག་མིན། ང་ཚོའི་ཞིབ་འཇུག་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཀྲོའུ་ཅི་ཝུན་སོགས་སྔ་རབས་པའི་དཔྱད་འབྲས་རྨང་བྱས་ཏེ། ང་ཚོའི་སྡོམ་ཚིག་དང་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་གཉིས་ཟུང་གཅིག་ཏུ་སྦྲེལ་ནས་དཔྱད་པ་ཞིག་ཡིན་ལ། དེ་ལྟར་དཔྱད་ཚེ་རྒྱ་ཡིག་གི་སྒྲ་སྦྱོར་ཡི་གེ་སྔ་ཤོས་ནི་བོད་ཡིག་གི་གསལ་བྱེད་ལས་གྲུབ་པ་ཞིག་ཡིན་པ་རྟོགས་ཐུབ། དཔྱད་འབྲས་ཀྱི་རང་ལུགས་གསར་པ་འདི་སྔོན་ཆད་ཀྱི་ཞིབ་འཇུག་པས་སྒྲུབ་མེད།”ཅེས་ལིའུ་དབྱིན་ཧྭ་ཡིས་དེ་ལྟར་གསུངས་ཤིང་། ཁོང་གིས་ཞིབ་འཇུག་གི་གྲུབ་འབྲས་གསར་པ་དེའི་སྐོར་གླེང་སྐབས་ནན་ནན་ཏིག་ཏིག་གིས། “དཔྱད་འབྲས་དེ་ལས་ཤེས་གསལ་ལྟར། བོད་བཙན་པོའི་དུས་སྐབས་སུ་བོད་ཡིག་གིས་རྒྱ་ཡིག་ལ་སྒྲ་སྦྱར་བ་ནི་འདྲ་གཟུགས་ཡི་གེ་ཕུད་པའི་རྒྱ་ཡིག་གི་རྣམ་པ་གཞན་ཞིག་ཡིན་པ་དང་། འདི་ནི་རྒྱ་ཡིག་གི་སྒྲ་སྦྱོར་གྱི་ཐོག་མའི་རྣམ་པ་ཞིག་སྟེ། རྒྱ་ཡིག་གི་འཕེལ་རིམ་ཐོག་ནས་བཤད་ནའང་དོན་རྐྱེན་གལ་ཆེན་ཞིག་ཏུ་བརྩི་བ་ཡིན།”ཞེས་གསུངས། 
པར་འདི་ནི་བོད་ཡིག་གིས་རྒྱ་ཡིག་ལ་སྒྲ་སྦྱར་བའི་ཡིག་ཚང་《དམ་ཆོས་པདྨ་དཀར་པོའི་མདོ》ཞེས་པ་(ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་ཡིག་ཚང་)ཡིན།
            ལིའུ་དབྱིང་ཧྭ་ཡིས་ངོ་སྤྲོད་བྱས་པ་ལྟར། བོད་བཙན་པོའི་དབང་སྒྱུར་འོག་ཏུ་གནས་པའི་ཏུན་ཧོང་ས་ཁུལ་ལ་མཚོན་ན། བོད་ཡིག་ནི་གཞུང་སྐད་ལྟར་མི་རིགས་དང་ཚོ་ཁག་སོ་སོའི་བར་གྱི་སྨྱན་བྱེད་ཅིག་ཏུ་གྱུར་ཡོད། སྐབས་དེའི་སྤྱི་ཚོགས་སུ་ཏུན་ཧོང་གི་རྒྱ་རིགས་རྣམས་ཀྱིས་བོད་ཡིག་གིས་རྒྱ་ཡིག་གི་འདྲ་གཟུགས་ཡི་གེའི་ཚབ་བྱས་ཏེ་རྒྱ་ཡིག་འབྲི་ཤས་ཆེ། བོད་ཡིག་གིས་རྒྱ་སྐད་ལ་སྒྲ་སྦྱར་བ་ནི་ད་ལྟའི་བར་དུ་མཐོང་བའི་སྦྱོར་ཀློག་བྱེད་རུང་བའི་རྒྱ་སྐད་ཀྱི་སྒྲ་སྦྱོར་ཡི་གེ་རྣམས་ལས་སྔ་ཤོས་དེ་ཡིན་ལ།  ཨ་རབ་ཀྱི་ཡི་གེ་དང་པར་སིག་གི་ཡི་གེས་རྒྱ་སྐད་ལ་སྒྲ་སྦྱར་བ་དང་རོ་མའི་ཡི་གེས་རྒྱ་སྐད་ལ་སྒྲ་སྦྱར་བ་ལས་ཀྱང་སྔ་བ་ཡིན། བོད་ཡིག་གིས་རྒྱ་སྐད་ལ་སྒྲ་སྦྱར་ཞིང་བོད་ཡིག་གིས་སྒྲ་སྦྱར་ཏེ་རྒྱ་སྐད་ཀྱི་ཡི་གེ་བྲིས་པ་དེ་ནི་རྒྱ་བོད་རིག་གནས་བརྗེ་རེས་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་རིག་གནས་ཀྱིས་ནང་ལོག་ས་ཁུལ་གྱི་རིག་གནས་ལ་ཤུགས་རྐྱེན་ཐེབས་པའི་མཚོན་རྟགས་ཤིག་ཀྱང་ཡིན། 
            “རང་རྒྱལ་ནི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ཞིང་། བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་པོའི་ཁོངས་མི་ཡིན་ལ། འདི་ལ་ཡུན་རིང་པོའི་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད།” ལིའུ་དབྱིང་ཧྭ་ཡིས་བོད་ཀྱི་རིག་གནས་གླེང་སྐབས་སེམས་གཏིང་ནས་བསྟོད་བསྔགས་བྱེད་བཞིན། “བོད་ཡིག་ནི་རམ་འདེགས་ལག་ཆ་ཞིག་ཡིན་པའི་ངོས་ནས་དར་གོས་ཚོང་ལམ་ས་ཁུལ་དུ་ཁྱབ་གདལ་བཏང་བ་དང་། བོད་བཙན་པོའི་དབང་འོག་གི་མི་དམངས་རྣམས་ཀྱིས་བོད་ཡིག་གིས་སྒྲ་སྦྱར་ནས་རྒྱ་སྐད་སྦྱངས་པ་དེས། སྔ་དུས་དར་གོས་ཚོང་ལམ་གྱི་ས་ཁུལ་དུ་མི་རིགས་མཉམ་འདྲེས་དང་རིག་གནས་དར་རྒྱས་ཆེ་བའི་སྣང་ཚུལ་མངོན་པར་མཚོན་པ་ཡིན།”ཞེས་གསུངས།
པར་འདི་ནི་བོད་ཡིག་གིས་རྒྱ་སྐད་ལ་སྒྲ་སྦྱར་བའི་ཡིག་ཚང་《དགུ་མཐའི་སྒྱུར་ཐབས་མན་ངག》ཅེས་པ་(ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་པའི་ཏུན་ཧོང་ཡིག་ཚང་)ཡིན། 
            ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭ་ཤེས་རིག་གི་འཕེལ་རྒྱས་ལོ་རྒྱུས་ནི་མི་རིགས་ཕན་ཚུན་དབར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་བྱས་པའི་ལོ་རྒྱུས་ཤིག་ཡིན། ལིའུ་དབྱིང་ཧྭ་ཡིས། “བོད་བཙན་པོའི་སྟོབས་ཤུགས་ཏུན་ཧོང་ས་ཁུལ་ནས་ཟད་པ་དང་བསྟུན་ནས། བོད་ཡིག་ཀྱང་གཞུང་ཕྱོགས་ཀྱི་ཡི་གེ་མིན་ལ། བོད་སྐད་ཀྱང་མི་རིགས་མི་འདྲ་བའི་བར་གྱི་སྨྱན་བྱེད་སྐད་ཆ་དེ་མིན། བོད་མི་རྣམས་ཀྱིས་རྒྱ་ཡིག་སྦྱངས་པ་དང་། རྒྱ་མི་སོགས་མི་རིགས་དང་ཚོ་ཁག་སོ་སོས་བོད་ཡིག་སྤྱོད་པ་ཁད་ཀྱིས་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན། དེར་བརྟེན་བོད་ཡིག་གིས་རྒྱ་སྐད་ལ་སྒྲ་སྦྱོར་བའམ་བོད་ཡིག་གིས་སྒྲ་སྦྱར་བའི་རྒྱ་སྐད་ཀྱིས་རྩོམ་འབྲི་བ་སོགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་ཏེ་མཐའ་མར་སྤྱོད་མཚམས་གཏན་ནས་བཞག་གོ། །”ཞེས་གསུངས།
            “ཏུན་ཧོང་ཡིག་རྙིང་ཞིབ་འཇུག”གི་དོན་སྙིང་གླེང་སྐབས། ལིའུ་དབྱིང་ཧྭ་ཡིས་“བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རིག་གནས་ཀྱི་གདེང་ཚོད་ལ་མཐོང་སྣང་ཆེན་པོ་བྱེད་བཞིན་པའི་དུས་སྐབས་འདིར། ཏུན་ཧོང་ཡིག་རྙིང་ལ་སློབ་སྦྱོང་དང་གསལ་འགྲེལ་བྱས་པ་བརྒྱུད་ནས། སྐད་བརྡའི་བེད་སྤྱོད་དང་བོད་རྒྱ་ལོ་ཙཱའི་མཐོང་སྣེ་ནས་བོད་བཙན་པོའི་དུས་སྐབས་ཀྱི་ཏུན་ཧོང་ལོ་རྒྱུས་ལ་བགྲོ་གླེང་དང་ཞིབ་འཇུག་བྱེད་པ་ནི་བོད་རྒྱ་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་ཁུངས་སྣེ་ལ་རྒྱུས་ལོན་དང་ཚོར་རྟོགས་ཐུབ་པ་མ་ཟད། སྲོལ་རྒྱུན་ལེགས་པོ་རྒྱུན་འཛིན་བྱས་ནས་ཞི་མཐུན་འཕེལ་རྒྱས་མངོན་འགྱུར་ཡོང་བར་ལོ་རྒྱུས་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་གསུངས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1