ཁམས་པའི་རྩོམ་རིག་གི་སྐྱེད་ཚལ་དུ།ནང་ཆེན་དུས་དེབ་ཀྱི་འདབ་བརྒྱ་གྲོལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ་། སྤེལ་དུས། 07-29


   

2019ལོའིཁམས་པའི་རྩོམ་རིག་སྒྱུ་རྩལནང་ཆེན་དུས་དེབ་ཞིབ་ཀློག་བཞུགས་མོལ་གྲོས་ཚོགས་དེ་སྤྱི་ཟླ7པའི་ཚེས21ཉིན་འཛམ་གླིང་ཟིན་ཐོ་བརྒལ་བའི་ནང་ཆེན་སྦྲ་མོ་ཆེ་ཡི་ནང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཚོགས་ཐོག་ཏུ་ནང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་མཚན་བཟང་པོ། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བུ་ཚེ་དབང་། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཀརྨ་དོན་འགྲུབ། གཞན་ཡང་ནང་ཆེན་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་རྩོམ་པ་པོ་སུམ་ཅུ་ལྷག་མཉམ་འཛོམས་བྱུང་ཡོད། མདོ་འཛིན་པ་དགའ་ཆུང་གིས་དབུ་ཁྲིད་དང་སྐུ་མགྲོན་རྣམས་ངོ་སྤྲོད་ཞུས་འོག་ཚོགས་འདུ་གཙོ་སྐྱོང་བྱས། ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རྒྱལ་མཚན་བཟང་པོས་ནང་ཆེན་གྱི་རྩོམ་རིག་དང་ས་གནས་ཀྱི་རིག་གནས་ལ་རང་ནུས་གང་ཡོད་ཀྱིས་ཤུགས་བརྒྱག་རྒྱུ་དང་ལྷག་པར་དུ་མ་འོངས་པར་དཔེ་རྟགས་ཚད་ལྡན་ཅན་གྱི་རྩོམ་དེབ་དང་དུས་དེབ་སོགས་གང་མང་འབྱུང་ཐུབ་པར་ང་ཚོ་ཚང་མས་ཤུགས་བསྣན་དགོས་ཞེས་བཤད་པ་རེད།ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྒན་བུ་ཚེ་དབང་གིས་འདས་པའི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་ནང་ཆེན་གྱི་ས་གནས་འདི་ནི་རིག་གནས་ཕུན་སུམ་ཚོགས་པ་དང་། ཆོས་སྲིད་གང་ཅིའི་ཐད་ཁམས་པའི་རིག་གནས་ཀྱི་ལྟེ་བ་ལྟ་བུར་ཆགས་ཡོད་གཤིས། ང་ཚོ་ཚང་མས་རིག་གནས་སྔོག་འདོན་དང་དར་སྤེལ་གྱི་ཐད་ནུས་ཤུགས་ཡོད་དགུ་འདོན་རྒྱུ་ཡིན་ཞེས་བཤད།

    ནང་ཆེན་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཀརྨ་དོན་གྲུབ་མཆོག་གིས་ང་ཚོ་ནང་ཆེན་གྱི་དུས་དེབ་འདི་ལྟར་དཔེ་རྟགས་ཚད་ལྡན་གྱི་འོག་རྒྱུན་འཁྱོངས་གནང་བར་བཀའ་དྲིན་ཆེ་ཞེས་དང་། ལྷག་པར་དུ། གཞན་ལ་ངོ་གནོང་མི་དགོས་པའི་རྩོམ་འབྲི་བ་དང་རྩོམ་པ་པོ་མང་པོ་ས་གནས་རང་ལ་བཞུགས་ཡོད་པར་ང་ཧ་ཅང་དགའ་སྤྲོ་ཆེ་ཞེས་བཤད།

   《ཁམས་པའི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་སྦྲ་ནག་པས་ད་ཐེངས་ཀྱི་ཚོགས་འདུའི་ངོ་བོ་དང་ཁ་ཕྱོགས། མ་ཚད་ནང་ཆེན་དུས་དེབ་ཀྱི་ལོ་ངོ་བཅུ་ཕྲག་གཉིས་མ་ཟིན་ཙམ་གྱི་གོང་འཕེལ་དང་འགྱུར་བ། 2019ལོའི་དུས་དེབ་ནས་བཟུང་ཁམས་པའི་རྩོམ་རིག་སྒྱུ་རྩལ་གྱི་ཆོག་མཆན་འོག་ནས་གོང་འཕེལ་དུ་གཏང་རྒྱུ་དང་། ལྷག་པར་དུ་དུས་དེབ་འདི་ཉིད་གཙོ་བོ་ཁམས་པའི་རྩོམ་འབྲི་བར་ཁ་ཕྱོགས་པ་དང་། ས་གནས་ཀྱི་རྩོམ་པ་པོ་སྐྱེད་སྲིང་བྱ་བ་དམིགས་འབེན་དུ་བཟུང་སྟེ་ཇུས་འགོད་དང་སྒྲིག་སྦྱོར་སོགས་གང་ཅིའི་ཐད་རྩོམ་སྒྲིག་པ་དག་གིས་མཐུས་སྒོ་ཇེ་ཚང་དང་སྤུས་ཚད་མཐོར་འདེགས་ཀྱི་ཐད་ལ་སྔར་བས་ལྷག་པའི་ཤུགས་སྣོན་བྱ་རྒྱུ་ཡིན་ཞེས་བཤད་ཅིང་། ང་ཚོ《ཁམས་པའི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གི་མི་སྣ་རུ་བླ་མ་དང་། མཁན་པོ། གྲྭ་པ། གཞུང་ཞབས་པ། དགེ་རྒན་སོགས་ལས་རིགས་ཀུན་གྱི་མི་སྣ་འཛོམས་ཡོད་པར་མ་ཟད། མི་སྣ་ལྔ་པོ་ཚང་མ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་དང་། ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན་པས། རྒྱུ་མཚན་དེའི་དབང་གིས་ང་ཚོས་དུས་ནམ་ཡང་རྩོམ་རིག་གི་ལས་དབང་དང་རང་ཉིད་ཀྱི་མི་ཚེ་མཉམ་དུ་སྦྲེལ་ནས། སྐྱ་སེར་གཉིས་ཀའི་རིག་གནས་ལ་ཀུན་སྙོམས་ཀྱི་ལྟ་བ་དང་། སྐྱ་སེར་གཉིས་ཀའི་ཐད་ནས་རྩོམ་རིག་ལ་ནུས་པ་འདོན་ཐུབ་པའི་ཆ་རྐྱེན་བཟང་པོ་ཞིག་གྲུབ་ཡོད་པར་བཤད་དོ།།

   《ཁམས་པའི་རྩོམ་རིག་སྒྱུ་རྩལ》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྷ་རྩེའི་ཁུ་བྱུག་ལགས་ཀྱིས། ནང་ཆེན་དུས་དེབ་འདི་ནི་དོན་གྱིས་བཤད་ན་ཁམས་པའི་རྩོམ་རིག་གི་ཞིང་ས་ལྟ་བུར་གྲུབ་ཡོད་པ་དང་། རྩོམ་པ་པོའི་གྲངས་ཚད་ཀྱི་ཆ་ནས་བཤད་ན་ཡང་གྲངས་འབོར་ཧ་ཅང་མང་པོ་རེད། ལྷག་པར་ང་ཚོ་ནང་ཆེན་གྱི་རྩོམ་པ་པོ་རྣམས་ཕན་ཚུན་གདེང་འཇོག་དང་སྐུལ་འདེད། ཡང་ན་རྩོམ་པ་པོ་རྣམས་མཉམ་འབྲེལ་དང་ཕན་ཚུན་རོགས་འདེགས་ཀྱི་འོག་ནས་རྩོམ་རིག་གོང་འཕེལ་དུ་གཏང་རྒྱུ་ཧ་ཅང་གལ་ཆེ་བར་སྣང་། ནང་ཆེན་དུས་དེབ་འདི་ནི་ད་ལོ་ནས་བཟུང་ཁམས་པའི་རྩོམ་རིག་སྒྱུ་རྩལ་ཞེས་བཏགས་ཡོད་གཤིས་མིང་དོན་མཚུངས་ཤིང་འཐུས་སྒོ་ཚང་བའི་ཁམས་པའི་རྩོམ་རིག་གི་ཞིང་ས་ངོ་མ་ཞིག་ཏུ་འགྱུར་བར་འབད་པ་གནང་རྒྱུ་ཡིན་ཞེས་བཤད།

   《ཁམས་པའི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་ངང་སེར་ལགས་ནས། ནང་ཆེན་དུས་དེབ་ཀྱི་འདས་པའི་ལོ་ངོ་དག་ལ་ཕྱིར་མིག་ཅིག་བལྟས་ནས་གྲྭ་གྲོང་གི་སྤྱི་ཚོགས་གང་ནས་ཀྱང་རྒྱབ་སྐྱོར་དང་རོགས་འདེགས་ཕལ་ཆེར་ཐོབ་མྱོང་མེད་ཀྱང་རྩོམ་སྒྲིག་པ་དག་གིས་སེམས་སྟོབས་ལྷོད་མེད་ཀྱིས་དེ་རིང་བར་དུ་སླེབས་པ་རེད། མ་འོངས་པར་ཁྱེད་ཅག་རྩོམ་པ་པོ་རྣམ་པས་རྒྱབ་སྐྱོར་གནང་རྒྱུར་ཧ་ཅང་གལ་ཆེ། རྩོམ་པ་པོ་ཞིག་ལ་མཚོན་ན་ཚིགས་བཅད་དུམ་བུ་རེ་འཁྱོངས་པ་ཙམ་གྱིས་མི་ཆོག་པར་དཔེ་ཀློག་མང་པོ་བྱེད་ཅིང་རིག་གཞུང་གི་རྒྱབ་ལྗོངས་ལྡན་པའི་རྩོམ་རེ་འབྲི་བར་འབད་རྒྱུ་ནི་རྩོམ་རིག་རང་གི་རིན་ཐང་གི་ངོས་ནས་བཤད་ན་ཡང་དོན་དག་གལ་ཆེན་ཞིག་ཡིན། ལྷག་པར་འདིར་བཞུགས་ཀྱི་རྩོམ་པ་པོ་རྣམ་པས་ས་གནས་ཀྱི་ཡུལ་སྐད་ཉེ་ཚེ་བ་དག་དོར་ཏེ་སྤྱི་སྐད་དང་མཐུན་པའི་བརྡ་ཆད་ཚད་ལྡན་གྱི་ཐོག་ནས་རྩོམ་ཡིག་བྲིས་ན་སྤྱི་སྐད་གཅིག་གྱུར་དང་རིག་གཞུང་ལ་ཞབས་ཕྱི་ངོ་མར་འགྱུར་བས། ཅིས་ཀྱང་སྤྱི་པའི་བརྡ་དག་དང་མཐུན་པའི་མིང་ཚིག་བཀོལ་སྤྱོད་གནང་རྒྱུའི་རེ་འདུན་ཞུ་བ་ཡིན་ཞེས་བཤད།

རྩོམ་པ་པོ་འཕགས་ཆེན་གྱིས། ཐོག་མར་ནང་ཆེན་དུས་དེབ་ཀྱི་རྩོམ་སྒྲིག་པ་དག་ལ་བཀའ་དྲིན་ཆེ་ཞུ། རྒྱུ་མཚན་ནི་ཁྱེད་ཅག་གི་འབད་འབུངས་དང་བྱ་བཞག་ལ་བརྟེན་ནས་རྩོམ་པ་པོ་མང་པོ་བསྐྱེད་བསྲིངས་གནང་བས་ས་གནས་ཀྱི་རིག་གནས་ལ་བྱས་རྗེས་བླ་མེད་གནང་སོང་། གཉིས་ནས་ད་ལོར་ནང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དབུ་བརྙེས་པར་རྟེན་འབྲེལ་ཞུ་བ་དང་། སྐྱ་སེར་རིས་མེད་ལ་རྩོམ་རིག་གི་ལམ་སྟོན་དང་རྩོམ་འབྲིའི་གོ་སྐབས་གནང་བཞིན་པར་བཀའ་དྲིན་ཆེ་ཞུ་བ་དང་མ་འོངས་པར་ཡང་འབད་པ་ལྷོད་མེད་གནང་རོགས་ཞུ་རྒྱུ་དང་།

    གསུམ་ནས་རྩོམ་པ་པོ་རྒན་གྲས་རྣམ་པས་རྐང་འཛིན་གནང་འོག་ང་ཚོ་ཚང་མས་ནང་ཆེན་དུས་དེབ་དང་ཁམས་པའི་རྩོམ་རིག་གི་ཐད་ལ་འབད་པ་བྱ་རྒྱུ་དང་རྐང་འཛིན་རྩོམ་པ་པོ་དང་རྩོམ་པ་པོ་རྒན་རབས་རྣམས་ཀྱིས་གསར་སྐྱེས་དག་ལ་ལམ་སྟོན་གནང་རྒྱུ་ཡང་ཧ་ཅང་གལ་ཆེ། བཞི་ནས་གནའ་བོའི་བོད་ཀྱི་རྩོམ་རིག་ནི་སེར་མོ་བའི་སྡེ་ཁོ་ནས་བདག་གིར་བྱས་ཏེ་འཕེལ་རྒྱས་སུ་སོང་བ་ཡིན་ལ། ད་ལྟའི་དུས་རབས་ནི་དེ་ལས་བརྒལ་ཏེ་སྐྱ་སེར་རིས་མེད་ཀྱི་སྤྱི་ཚོགས་ཡོངས་ལ་ཁྱབ་ནས་ཡོད་ལ། རྩོམ་པ་པོ་རྣམས་ནི་སྤྱི་ཚོགས་ཀྱི་མགྲིན་ཚབ་པ་དང་སྤྱི་ཚོགས་ཀྱི་ལམ་སྟོན་པ་ཞིག་ཏུ་འགྱུར་དགོས་པས་རྩོམ་པ་པོ་རྒན་པ་རྣམ་པས་ཕྱག་ལས་ཀྱི་རྒྱུན་བསྐྱང་རྒྱུ་དང་ད་དུང་འཐུས་སྒོ་ཇེ་ཚང་དུ་གཏང་རྒྱུ། རྩོམ་རིག་གི་མཁའ་དབུགས་ལ་དྭངས་གཙང་གི་བྱི་དོར་བྱ་རྒྱུ་ཧ་ཅང་གལ་ཆེ་ཞེས་བཤད་པ་རེད།

    རྩོམ་པ་པོ་སྨྱུག་རྒོད་ཀྱིས་ཐོག་མར་སྐུ་མགྲོན་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་། འཛམ་གླིང་སྤྱི་ཡོངས་ཀྱི་རྩོམ་རིག་དང་སྙན་ངག་གི་སྐད་ཆ་བཤད་མི་ཤེས་མོད། ང་ཚོའི་ས་གནས་ལ་མཚོན་ན་ནང་ཆེན་དུས་དེབ་འདི་ནི་རྩོམ་སྒྲིག་པ་རྣམས་ཀྱིས་འདས་མ་ད་གསུམ་དུ་དཀའ་ལས་ཀྱི་འོག་ནས་སྐྱེ་འཕེལ་བྱུང་བ་དང་དུས་དེབ་འདི་ནི་ང་ཚོའི་ས་གནས་དང་དེ་མིན་ཁམས་པའི་རྩོམ་རིག་གི་ཐད་སྐུ་དྲིན་ཧ་ཅང་ཆེ་ཞེས་བཤད།

   ཟུར་མང་དུས་དེབ་ཀྱི་རྩོམ་སྒྲིག་པ་ཁམས་སྨྱོན་ཧེ་རུ་ཀས་བསམ་བློ་ཕྱིར་གཏོང་བྱེད་དུས་ཁ་མིན་དོན་གྱིས་གླེང་ན་ནང་ཆེན་དུས་དེབ་ཀྱིས་ས་གནས་འདིར་རྩོམ་རིག་གི་ཟིན་ཐོ་གསར་པ་ཞིག་བསྐྲུན་སོང་བའི་མི་སྒེར་གྱི་སྣང་ཚུལ་ཡོད། ལྷག་པར་དུ་རྩོམ་སྒྲིག་པ་འདི་དག་གི་སྐུ་དྲིན་ལས་ཡུལ་ཤུལ་རྩོམ་རིག་གི་ཕྱོགས་ནས་བསམས་ན་ནང་ཆེན་རྩོམ་རིག་གིས་གོ་ས་ངེས་ཅན་བཟུང་འདུག་ལ། རྩོམ་པ་པོ་རྒན་རབས་ཁོང་ཅག་གི་ཕྱག་ལས་ཀྱི་རྒྱུན་འཛིན་རྒྱུ་ནི་ང་ཚོ་ས་གནས་ཀྱི་གསར་སྐྱེས་ཁོ་ནའི་འོས་འགན་ཡིན་པས་འབད་པ་ལྷོད་མེད་གནང་རྒྱུ་གལ་ཆེན་དུ་འཁུམས་ཞེས་བཤད།

    དུས་དེབ་འོད་ཀྱི་རྩོམ་སྒྲིག་པ་གངས་ཆུ་མིག་ལགས་ཀྱིས། ནང་ཆེན་སྤྱི་ཡོངས་ནས་བསམས་ན་ཉག་ལ་ནི་རྩོམ་འབྲི་དང་རྩོམ་དེབ་ཀྱི་ཕྱོགས་ནས་ཅུང་རྗེས་ལུས་ཀྱི་རྣམ་པ་ལྟ་བུར་མངོན་པས་དུས་དེབ་འོད་འདི་ཉིད་ང་ཚོ་གཞོན་སྐྱེས་སྐོར་ཞིག་གིས་རྩོམ་སྒྲིག་བྱས་པ་ཡིན། མ་འོངས་པར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུགས་ཁུར་འོག་སློབ་གྲྭ་ཆུང་འབྲིང་གི་རྩོམ་རིག་འགྲན་སྡུར་གྱི་གོ་སྐབས་གནང་རྒྱུའི་རེ་བ་ཞུ་ཞེས་བཤད།

དྲི་ཟའི་གླིང་བུའི་རྩོམ་སྒྲིག་པ་གངས་བུ་ཡིད་དགས་ནང་ཆེན་དུས་དེབ་འདི་ནི་ངས2004ལོར་ཐོག་མར་མཇལ་ཞིང་དུས་དེབ་འདིས་རྩོམ་འབྲིའི་ཐད་ལ་སྐུལ་འདེད་དང་རྒྱབ་སྐྱོར་གནང་བ་གྲངས་ཀྱིས་མི་ལོངས་པ་ཞིག་ཡིན། ལྷག་པར་ད་ལྟའི་ཆར་རྩོམ་རིག་གི་ལེའུ་ཚན་བགོ་སྟངས་དང་ཡི་གེའི་དག་ཆ། ཐ་ན་བར་བཅུག་པར་རིས་སོགས་གང་ཅིའི་ཐོག་ཧ་ལས་པ་ཡག་པོ་འདུག་ཅེས་བཤད།

    ཀ་སྨད་ཀྱི་དུས་དེབ་རྫི་བོ་ཡི་རྩོམ་སྒྲིག་པ་ཁྲག་སྨྱུག་གིས་ད་ལྟའི་ཆར་སྔོག་འདོན་བྱུང་བའི་ཡིག་རྙིང་དང་བྲག་བརྐོས་རི་མོ་མང་པོར་བལྟས་ན་ཀ་སྨད་ནི་ལོ་རྒྱུས་རིང་བའི་ས་གནས་ཤིག་ཡིན་པ་འདུག་མོད། ཡིན་ན་ཡང་ལོ་རྒྱུས་པ་དང་། དཔྱད་བརྗོད་པ། ཞིབ་འཇུག་པ། རྩོམ་པ་པོ་ཚོས་མ་མཁྱེན་པའམ་སྣང་མེད་ལྟ་བུའི་སྣང་ཚུལ་མངོན་པས་འདི་དག་སྔོག་འདོན་དང་དཔྱད་པ། ཁ་སྐོང་གནང་རོགས་ཞུ་ཞེས་བཤད།

    དུས་དེབ་མེ་ཏོག་ཟླ་མཛེས་ཀྱི་རྩོམ་སྒྲིག་པ་ལྷ་རྩེའི་ཁུ་བྱུག་གིས་མེ་ཏོག་ཟླ་མཛེས་དུས་དེབ་འདི་ནི་གཙོ་བོ་སྲོལ་རྒྱུན་སྙན་ངག་ལ་ཁ་ཕྱོགས་པའི་དགོན་སྡེའི་དུས་དེབ་གཅིག་ཡིན་ལ་གསར་དུ་འབུས་པའི་སྙན་ངག་གི་མཆོད་པ་ཞིག་ཀྱང་ཡིན་ཞེས་བཤད།

རྩོམ་པ་པོ་ཤིང་གི་ལྷ་མོས། བདག་གིས་ཐོག་མར་སྙན་ངག་ཅེས་པའི་ཐ་སྙད་འདི་ནི་ཕ་ཡུལ་གྱི་དུས་དེབ་དྲི་ཟའི་གླིང་བུ་དང་ཤེད་ཀྱིས་རྡུང་པའི་ཅོང་བརྡ་ཡིས་ཤེས་པ་ཡིན་ལ། ཧ་ཅང་སྐུ་དྲིན་ཆེན་པོ་ཡིན། ལྷག་པར་ང་ཚོའི་ས་གནས་ཀྱི་དགེ་རྒན་དང་ཤེས་ཡོན་པ་དག་གིས་འབད་པ་གནང་སྟེ་སློབ་གྲྭ་ཆུང་འབྲིང་གི་ཚགས་པར་འདོན་རྒྱུ་དང་གྱེར་འདོན་འགྲན་ཚོགས་སོགས་ཀྱི་བྱ་འགུལ་སྤེལ་ཅི་ཐུབ་བྱ་སྟེ་སློབ་མའི་རྩོམ་འབྲིའི་ནུས་པ་ཆེ་རུ་གཏང་རྒྱུ་གལ་ཆེ་ཞེས་བཤད།

     ཤེས་ཡོན་པ་ཆོས་དབྱིངས་རྡོ་རྗེས་རྩོམ་པ་པོ་ཞིག་གིས་མི་རིགས་ཤིག་གཉིད་ལས་དཀྲོག་ཐུབ་གསུངས་པ་བཞིན། རྩོམ་པ་པོ་ནི་སྤྱི་ཚོགས་ཐོག་ནས་ཧ་ཅང་གལ་ཆེན་པོ་རེད་འདུག དེ་བས་རྩོམ་པ་པོ་བསྐྱེད་བསྲིང་བྱ་རྒྱུ་དང་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀྱི་བར་ཐག་ཇེ་ཉེར་གཏང་རྒྱུ། ལྷག་པར་རྩོམ་པ་པོ་ཞིག་ཡིན་ན་ངེས་པར་དུ་ཀློག་པ་པོ་ཞིག་ཡིན་དགོས་ལ་ནམ་ཡང་དཔེ་ཀློག་དང་མི་འབྲལ་བ་བྱ་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་། ལྷག་པར་རང་ཅག་རྣམས་འགན་འཁྲི་ལྡན་པའི་རྩོམ་པ་པོ་ཞིག་ཡིན་དགོས་གཤིས་འཚོ་བ་དངོས་དང་འབྲེལ་བའི་དཔྱད་རྩོམ་འབྲི་རྒྱུ་ཧ་ཅང་གལ་ཆེ་ཞེས་བཤད།

    ཤེས་ཡོན་པ་ཀུན་འགྲུབ་ཚེ་རིང་གིས་ང་རང་ལ་མཚོན་ན་ནམ་རྒྱུན་ཕ་ཡུལ་ལ་རྒྱུན་འདུག་བྱེད་ཀྱིན་མེད་པས་གང་ཅིའི་ཐོག་ཆ་རྒྱུས་ཆེར་མེད། འོན་ཀྱང་ས་གནས་གཞན་ལ་སློབ་སྦྱོང་གི་ཞོར་དུ་རྩོམ་སྒྲིག་དང་རྩོམ་འབྲིའི་ལས་ཀར་ཅི་ཐུབ་ཀྱིས་འབད་བཞིན་ཡོད། ས་གནས་གཞན་ལ་ཅུང་རྒྱུས་ལོན་བྱས་ཏེ་ང་ཚོ་ནང་ཆེན་གྱི་ས་གནས་ལ་ཕྱིར་མིག་ལྟ་དུས་སྟོང་ཆ་ཞིག་ཡོད་པ་ནི། ཆེད་ལས་རང་བཞིན་ཅན་གྱི་སློབ་སྦྱོང་ཉུང་བའི་སྟོང་ཆ་འདི་བསྐང་རྒྱུ་གལ་ཆེན་དུ་མཐོང་ལ། ནང་ཆེན་དུས་དེབ་རྩོམ་སྒྲིག་པ་རྣམ་པས་ལོ་དང་ཟླ་བ་མཐུད་ནས་དུས་དེབ་འདོན་སྤེལ་གནང་བར་བཀའ་དྲིན་ཆེ་ཞེས་བཤད།

    རྩོམ་པ་པོ་སེར་ཚང་པས། རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ནས་དེ་རིང་འདི་འདྲའི་ཚོགས་ར་ནས་གཏམ་བཤད་བྱ་རྒྱུ་ཧ་ཅང་མི་འོས་མོད། ཁམས་པའི་རྩོམ་རིག་སྒྱུ་རྩལ་ནང་ཆེན་དུས་དེབ་ཀྱིས་གཙོས་དུས་དེབ་ཁག་གི་དགེ་མཚན་གླེང་རྒྱུ་ཁོ་ནར་མ་བཞག་པར་དུས་དེབ་ཁག་གི་རྩོམ་སྒྲིག་དང་རྩོམ་གྱི་སྐྱོན་ཆའི་ཕྱོགས་ནས་གླེང་རྒྱུ་གལ་ཆེ། ད་བཞུགས་ཀྱི་རྩོམ་པ་པོ་རྒན་རབས་རྣམས་ཀྱི་ལོ་རབས་འདིའི་རྗེས་ང་ཚོ་གཞོན་སྐྱེས་ཚོས་རྒྱུན་འཛིན་ཇི་ལྟར་བྱ་བ་འདི་ནི་འདྲི་རྟགས་གལ་ཆེན་ཞིག་རེད་ལ། དེ་བས་སློབ་གྲྭ་ཆུང་འབྲིང་ནང་གི་རྩོམ་འབྲིའི་མི་སྣ་གསོ་སྐྱོང་གནང་རྒྱུའི་སྐོར་དང་སྲོལ་རྒྱུན་ཕ་སྐད་ཀྱིས་རྐང་ཟིན་པའི་རྩོམ་འབྲི་རྒྱུར་ཐུགས་བསམ་གནང་རྒྱུ་དང་། རྩོམ་པ་པོ་ལས་གཞན་པའི་ཀློག་པ་པོ་ཞིག་ཇི་ལྟར་གསོ་སྐྱོང་གནང་རྒྱུ་བཅས་ལ་བསམ་གཞིགས་བྱ་རྒྱུ་གལ་ཆེ་ཞེས་བཤད།

རྒན་བཀྲ་རྡོ་ལགས་ཀྱིས་ནང་ཆེན་དུས་དེབ་ཀྱི་ཀློག་པ་པོ་ཞིག་ཡིན་པའི་ངོས་ནས་དུས་དེབ་འདི་ལ་ལྟ་ཀློག་བྱེད་བཞིན་ཡོད་ལ། རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་སེམས་ཚོར་ཞིག་ཞུ་འདོད་པ་ནི། སློབ་གྲྭ་ཆུང་འབྲིང་གི་ནང་དུ་རྩོམ་འབྲི་བར་དགའ་བའི་སློབ་གྲོགས་མང་པོ་ཞིག་ཡོད་ཀྱང་དེབ་ཏུ་འགོད་པའི་གོ་སྐབས་མེད་སྟབས་སྐུལ་ལྕག་ཐོབ་པའི་གོ་སྐབས་ཧ་ཅང་ཉུང་ཉུང་རེད། དེ་བས་ནང་ཆེན་དུས་དེབ་ཏུ་སློབ་གྲྭ་ཆུང་འབྲིང་གི་རྩོམ་ཡིག་ལེ་ཚན་ཞིག་སྒྲིག་འགོད་གནང་རོགས་ཞེས་བཤད།

《ཁམས་པའི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་གངས་སྨྱུག་ལགས་ཀྱིས་ཐོག་མར་འདིར་ཕེབས་པའི་རྩོམ་པ་པོ་ཡོངས་ཀློག་པ་པོར་འགྱུར་བའི་རེ་འབོད་ཞུ་བ་དང་ཁྱད་པར་དུ་ནང་ཆེན་དུས་དེབ་ཀྱི་སྐྱོན་ཆའི་སྐོར་ངག་ཐོག་དང་ཡིག་ཐོག་གཉིས་ཀ་ནས་ལྷུག་བརྗོད་གནང་རོགས་ཞུ་ཞེས་ནང་ཆེན་དུས་དེབ་རྩོམ་སྒྲིག་པ་ཡོངས་ཀྱི་ཚབ་ཞུས་ཏེ་བཤད།

རྩོམ་པ་པོ་རྫ་ཁའི་ཡུ་མོས། རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་བོད་ཡིག་དང་བོད་སྐད་ཀྱི་ཐོག་ནས་སློབ་ཁྲིད་དང་སློབ་གསོའི་ཐད་ནས་འབད་པ་གནང་རྒྱུ་ཡིན་ཞེས་བཤད།

རྩོམ་པ་པོ་སྦྲ་ནག་པས་ཡག་བཙོག་ཅི་རིགས་ཀྱི་སྙན་ངག་ནི་སུས་ཀྱང་འབྲི་ལ་དེང་གི་དུས་སུ་སྨྱུ་གུ་འགུལ་ཙམ་གྱིས་སྙན་ངག་ནི་ཆུ་བོ་བཞུར་བཞུར་བྱེད་བཞིན་འདུག ཡིན་ན་ཡང་། ང་ཚོ་སྙན་ངག་ཁོ་ན་འབྲི་ཞིང་སྙན་ངག་ཁོ་ན་གླེང་ནས་འདུག་རྒྱུ་མ་ཡིན་པར། མ་འོངས་པར་ལྷུག་རྩོམ་དང་སྒྲུང་རྩོམ་གྱི་ཕྱོགས་ལ་འབད་པ་གནང་དགོས་ཞེས་ཁ་གསབ་ཚུལ་དུ་བཤད།

《ཁམས་པའི་རྩོམ་རིག་སྒྱུ་རྩལ》གྱི་རྩོམ་སྒྲིག་པ་དགའ་ཆུང་གིས། དེ་རིང་འདིར་ཕེབས་པའི་དབུ་ཁྲིད་དང་ཚོགས་མི་ཡོངས་ལ་མཚོན་ན་དེ་རིང་ཚོགས་འདུ་འདིར་དཀའ་ལས་དང་དུས་ཚོད་ལ་མ་བསམ་པར་ཁྱད་དམིགས་ཀྱིས་ཕེབས་པར་བཀའ་དྲིན་ཆེ་ཞུ། མ་ཚད་ཁོང་ཅག་དབུ་ཁྲིད་རྣམས་ནི་འཇོན་ཐང་ལྡན་པ། ཤེས་ཡོན་ལྡན་པ། ཐུགས་རྒྱ་ཡངས་པ་ཡིན་པས་ང་ཚོར་མ་འོངས་པར་རྩོམ་རིག་དང་རིག་རྩལ་གྱི་འཕེལ་རྒྱས་ལ་རེ་བ་ཆེན་པོ་ཡོད་པ་རེད། དེ་བས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་སློབ་གྲྭའི་དབུ་ཁྲིད་ང་ཚོ་དང་ཐུགས་ལྷོད་ལྷོད་ཀྱིས་བསམ་ཚུལ་འདོན་པ་དང་གྲོས་མོལ་བྱས་ན་དེ་རིང་གི་བསམ་ཚུལ་དང་རེ་འདུན་དག་འགྲུབ་ངེས་པ་ཅི་ལ་མིན། ཡིན་ན་ཡང་དེ་རིང་འདིར་ཕེབས་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ། དགེ་རྒན་རྣམས་ཀྱིས་ཆེད་ལས་དང་རྩོམ་འབྲིའི་བྱ་བར་རྒྱུན་འཁྱོངས་གནང་རྒྱུ་ནི་ཡོད་ཚད་ལས་གལ་ཆེ། མ་ཚད་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ན་རིག་གནས་ཀྱི་རྒྱབ་ལྗོངས་དང་སྒྲོམ་གཞི་ངེས་ཅན་ཞིག་དགོས་པས་དཔེ་ཀློག་དང་དཔེ་གཟིགས་གནང་རྒྱུ་ནི་ཧ་ཅང་གལ་ཆེ་ཞེས་དང་། མཇུག་མཐར་དེ་རིང་འདིར་ཕེབས་པའི་དབུ་ཁྲིད་དང་སྐུ་མགྲོན་ཡོངས་ལ་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞེས་ཞུས་པ་དང་ཚོགས་མི་དག་མཉམ་པར་བསྒྲོན་ཞིང་གུང་ཚིགས་ལ་རོལ་ཏེ་འཛུམ་མདངས་དང་དགོད་སྒྲའི་ཁྲོད་ནས་ཚོགས་འདུའི་མཇུག་གྲོལ་ལོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1