༄༅།། མདོ་སྨད་ཁྭ་ཏི་ཁ་བ་དགོན་གྱི་རྗེ་རྩ་ཐང་གཞན་ཕན་ཆེན་མོའི་ངག་རྒྱུན་དང་འབྲེལ་ནས་རྗེ་བླ་མའི་རྟེན་ཐང་གི་འཕྲིན་ལས་སྐོར་བརྗོད་པ།

བུ་བཞི་བསམ་པའི་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 08-01


 བུ་བཞི་བསམ་པའི་དོན་གྲུབ།

[ནང་དོན་གནད་བསྡུས།] ངག་རྒྱུན་ལྟར་ན་ཁྭ་ཏི་ཁའི་དགོན་གྱི་རྟེན་གཙོ་རྗེ་རྩ་ཐང་གཞན་ཕན་ཆེན་མོ་ནི། རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་པའི་སྐབས་ཤིག་ན། རྗེ་ཉིད་ཆུང་དུས་ནས་མ་ཡུམ་དང་རིང་དུ་བྲལ་བས་ཤིན་ཏུ་དྲན་པའི་ཁར། ད་ལྟ་མ་ཡུམ་ཀྱང་ལོ་ན་རྒས་པས་ཐེངས་གཅིག་མཇལ་འདོད་པའི་འདུན་པ་དྲག་པོ་མཚོན་བྱེད་དུ་དབུ་སྐྲ་དཀར་པོ་ལན་བུ་གཅིག་དང་འཕྲིན་ཡིག་བསྐུར་ནས་ཕ་ཡུལ་དུ་ལོག་པར་ནན་གྱིས་བསྐུལ་བ་ན། དམ་པ་འདིས་རང་གི་ཤངས་མཚལ་བསྲེས་པའི་ཚོན་གྱིས་བཞེངས་པའི་ཞལ་ཐང་ཞིག་བསྐྲུན་ནས་ཚོང་དཔོན་ནོར་བུ་བཟང་པོ་ལ་བསྐུར་མོད། ཚོང་དཔོན་གྱིས་ལམ་རྐེད་ནས་ཞལ་ཐང་ཚབ་མ་ཞིག་བཞེངས་ནས་ཡུམ་ལ་དེ་ཕུལ་བ་དང་། རྗེ་བླ་མའི་ཕྱག་བཟོས་ཀྱི་སྐུ་ཐང་ངོ་མ་དེ་རང་གི་དགོན་གནས་ཁྭ་ཏི་ཁར་གདན་དྲངས་ནས་ནང་རྟེན་དུ་བཞུགས་པ་ཡིན་ཟེར་བའི་ངག་སྒྲོས་ད་ལྟའི་བར་མདོ་སྨད་སྐྱེ་བོ་ཀུན་གྱི་ཁ་ན་ཡོད་མོད། ངག་རྒྱུན་ནི་ངག་རྒྱུན་ཏུ་ཟད་དེ། 《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ་》དང་《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་》སོགས་ལོ་རྒྱུས་ཚད་ལྡན་གང་མང་དུ། རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་བཞེས་དུས། རྗེ་དཔོན་གྲགས་པ་རྒྱལ་མཚན་ཆེད་དུ་མངགས་ནས་ཞལ་ཐང་དངོས་མ་དེ་སྐུ་འབུམ་དུ་མ་ཡུམ་ལ་ཕུལ་བའི་ཚུལ་གསལ་པོར་གསུངས་ཡོད་པ་མ་ཟད། ཡུམ་ཆེན་ལ་གནང་བའི་རྟེན་ཐང་དེ་ད་ལྟའི་བར་སྐུ་འབུམ་དགོན་གྱི་ཀླུ་རྒྱ་འོག་མའི་བཙན་ཁང་གི་ནང་རྟེན་དུ་བཞུགས་པ་དང་། རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག་བསྐུར་བ་དེ་དཔར་འབུམ་གྲངས་དུ་བཏབ་ནས། གོས་ཆེན་གྱིས་བྲེས་པའི་ཙནྡན་གྱི་སྡོང་པོ་དང་མཉམ་དུ་གསེར་སྡོང་ཆེན་མོའི་ནང་རྟེན་དུ་བཞུགས་པ་དང་། ཨ་ཅེ་ལ་གནང་བའི་སྐུ་ཐང་གསུང་འབྱོན་མ་དེ་ཡང་ཡར་ནང་ཆོས་གྲྭའི་ལྟག་གི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་གི་ནང་རྟེན་དུ་བཞུགས་ཡོད་པ་གསལ་པོར་བཀོད་འདུག་གོ།①
[བརྡ་ཆད་གཙོ་བོ།] ཁྭ་ཏི་ཁ། རྗེ་རྩ་ཐང་། སྐུ་རྟེན། འཕྲིན་ལས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-01-0003-15
གཅིག བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པའི་ལོ་རྒྱུས།
             ཁྭ་ཏི་ཁའི་དགོན་པ་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་བཀའ་མ་ལོག་གི་ས་ཁོངས། ད་ལྟའི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་མཱིང་ཧོ་རྫོང་ཀཱན་ཀོའུ་ཞང་གི་ཅཱིན་ཉིན་སྡེ་པར་(民和县甘沟乡静宁村)ཆགས་ཡོད་ལ། རྒྱའི་ཡིག་ཚང་རྙིང་པར་ཅཱིན་ཉིན་ཟི་(静宁寺)ཡང་ཟེར། དེ་ནི་ཏཱ་མིང་རྒྱལ་པོའི་སྐབས་སུ་མདོ་སྨད་བཀའ་མ་ལོག་གི་ས་ཁོངས་སུ་བཏབ་པའི་བོད་རྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་གསུམ་དུ་འབོད་པ་སྟེ། མཛོ་མོ་མཁར་དང་ལིན་གཙང་དགོན། ཁྭ་ཏི་ཁའི་དགོན་པ་བཅས་ཡིན།
             ཁྭ་ཏི་ཁ་བའི་ཡུལ་ཁམས་ལ་བཀའ་མ་ལོག་གི་ས་ཐོགས་དོན་ནི། ཐོག་མའི་ཡུལ་འབངས་རྣམས་དམག་སྡེ་ཡིན་ཞིང་། རྒྱལ་པོའི་བཀའ་མ་ཕོག་ན་ཕྱིར་ལོག་མི་ཆོག་པས་བཀའ་མ་ལོག་གི་ས་ཟེར། ལོ་རྒྱུས་ཐོག་ས་ཆ་འདི་ཆབ་སྲིད་ཀྱི་ལྟེ་གནས་གལ་ཆེན་ཞིག་ཡིན་ལ། བོད་ཀྱི་དམག་དོན་དང་རིག་གནས་ཀྱི་ཕྱོགས་སུའང་ལོ་རྒྱུས་ངོ་མཚར་ལྡན་ཡོད།
             ས་གནས་ཀྱི་བཤད་རྒྱུན་ལྟར་ན། རྒྱ་རྗེ་ཐང་ཞོན་ཙུང་དང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ཁྲི་རབས་སུ་(སྤྱི་ལོ་680ལོ)། ཁྲི་སྲོང་ལྡེ་བཙན་གྱིས་དམག་དཔོན་འཇོན་ཐང་ཅན་ངན་ལམ་སྟག་སྒྲ་ཀླུ་ཁོང་མངགས་ནས་ས་ཁུལ་འདི་ཞི་འཇགས་སུ་བཏང་སྟེ་མཐའ་དམག་ཡུལ་ཁམས་འདིར་ཆགས་ལ། དམག་དཔོན་འཇོན་ཐང་ཅན་དགུ་གདམས་ནས་དེ་དག་གི་དཔུང་དམག་མང་པོ་དང་བཅས་པས་ས་འདི་བསྲུང་ཞིང་བཀའ་མ་ཕོག་བར་ཕྱིར་ལོག་མི་ཆོག་པར་བྱས། དེ་ནས་བཟུང་བོད་དམག་ས་ཁམས་འདི་ལ་གཞིས་ཆགས་ཤིང་དགོན་པ་བཏབ་ནས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་ཚུགས། སྐབས་དེ་དག་ནས་བཟུང་སྐུ་རྟེན་ཆོས་གསུམ་གྱི་རྟེན་བཞེངས་གཙོ་བོར་གྱུར་བ་ནང་པའི་བསྟན་པའི་ཆོས་རྒྱུན་ཆད་མ་མྱོང་བར་གསུངས།
             《མདོ་སྨད་ཆོས་འབྱུང་》དུ་“མཁན་སློབ་ཆོས་གསུམ་བཀའ་བགྲོས་ཏེ་བེ་ཧར་སྐུ་ལྔ་བསམ་ཡས་སྲུང་མར་འགུག་ཆེད། རྒྱལ་པོས་ངན་ལམ་ཏ་ར་ཀླུ་གོང་དམག་དཔོན་དུ་བསྐོས་ཏེ་དམག་བཏང་། བྷཏ་ཧོར་གྱི་སྒོམ་གྲྭ་བཅོམ། རྒྱལ་བུ་ངྷརྨ་པ་ལ་དང་གཡུའི་ཐུབ་པ་རང་བྱོན། བསེ་འགག་སྨུག་ཆུང་སོགས་རྫས་དང་ཡོ་བྱད་ཐམས་ཅད་ཁྱེར། སློབ་དཔོན་པདྨས་ཕྱག་རྡོར་གྱི་ཏིང་ངེ་འཛིན་མཛད་དེ་རྣམ་སྲས་འཁོར་བཅས་ཀྱི་དམག་གིས་ཆོས་སྐྱོང་བཀུག་ནས། བེ་ཧར་དཀོར་མཛོད་གླིང་གི་ལྕོག་ཏུ་རྟེན་བཙུགས་དམ་ལ་བཏགས། ཞེས་བཤད་པའི་ཧོར་ཡུལ་ནི་ཀན་གྲུའུ་②(ད་ལྟ་སོའོ་ནན་རྫོང་བྷཏ་ཞང་སྲིད་གཞུང་གནས་ས་དེ་གདོད་མ་བྷཏ་ཧོར་གྱི་སྒོམ་གྲྭ་ཆགས་ཡུལ་ཡིན།) དང་ཉེ་བའི་ཡུ་གར་གྱི་སར་ངོས་འཛིན་ཅིང་། བྱང་གྲུ་གུའི་རྒྱལ་ཁབ་ཏུ་དམག་དྲངས་པར་བཤད་པའང་ལྷོ་རྒྱུད་གྲུ་གུའི་ཡུལ་ཁམས་ལ་བཤད་དོ།། ཧོར་གྱི་དགོན་གྲྭ་བཅོམ་སྐབས་དམག་ནང་ནས་སྐྱེན་པོ་བཏུས་པའི་དཔའ་བོ་མི་དགུ་དམག་དང་བཅས་པ་ཧོར་བོད་ཀྱི་མཚམས་སུ་བཞག་སྟེ་རྒྱལ་པོའི་བཀའ་མ་བྱུང་བར་དུ་ལྡོག་ཏུ་མེད་གསུངས་པས་དཔའ་བོ་མི་དགུའི་རྒྱུད་པ་ལ་ཀ་མ་ལོག་ཏུ་ཐོགས་ཤིང་། མདོ་སྨད་ལྷོ་བྱང་གི་མི་རྒྱུད་ཕལ་ཆེར་བོད་ཆོས་རྒྱལ་གྱིས་རྒྱ་བོད་སོ་མཚམས་སུ་བཞག་པ་ལས་མཆེད་པ་ཤ་སྟག་ཡིན་པས་སྐད་རིགས་ལའང་བརྡ་རྙིང་མ་འགྱུར་བ་མང་།”③ཞེས་བྱུང་བའི་མདོ་སྨད་ལྷོ་བྱང་གི་སོ་མཚམས་ནི་ད་ལྟའི་ཁྭ་ཏི་ཁའི་དགོན་པ་ལྟེ་བ་ཡིན་པའི་མཱིང་ཧུའུ་རྫོང་དང་ཕཱིང་ཨན་རྫོང་ཡན་ཆད་ཀྱི་ལྷོ་བྱང་གི་ཡུལ་ཁམས་དེ་དག་ཡིན་ནོ།།
             《ཐང་ཡིག་གསར་རྙིང་》ལྟར་ན། ཁྲི་འབྲིང་དང་བཙན་བྲོད་ཀྱིས་མཚོ་སྔོན་པོ་མཐའ་འཁོར་གྱི་འ་ཞ་རྗེ་ལ་དམག་དྲངས་ནས་དབང་དུ་བསྡུས་རྗེས། མཚོ་སྔོན་པོ་སྟག་ལ་སྒང་སྟེ་ཆོས་རྗེ་ས་ཁོངས་སུ་ཐང་དམག་ཁྲི་བཅུ་ཕམ་པར་བཅོམ། དམག་དཔོན་ལིའུ་ཧྲིན་ལེ་དང་ཝང་ཞའོ་ཅེ་གཉིས་(左部大将军刘审礼,副总管王孝杰)འཛིན་བཟུང་བྱས། ཐང་དབྱི་ཧྥུན་ཁྲི་ལོ་དང་པོ་(唐仪凤元年676年)བོད་དམག་གིས་ཧྲན་ཀྲོའུ་དང་ཀུའོ་ཀྲོའུ་།(鄯、为青海平安་及民和,廓、为青海化隆) ཧུ་དང་ཧྥུ།(河、扶,为甘肃文县) ཧྥང་(芳,为岷县及甘南迭部一带)སོགས་དབང་དུ་བསྡུས། མདོར་ན་ད་ལྟའི་ཁྭ་ཏི་ཁ་ནས་ཟི་ལིང་བར། ཀུང་ཧོ་རྫོང་དང་དཔའ་ལུང་རྫོང་། ཀན་སུའུ་ས་ཆའི་ཐེ་བོ་རྫོང་སོགས་ཀྱི་ཀྲོའུ་ཁག་མཐའ་དག་དབང་དུ་བསྡུས། མཚུངས་སུ་དབུས་གཙང་ས་ཁུལ་གྱི་རུ་སྡེ་དང་ཚོ་རྒྱུད་དེ་ལ་གནས་སྤར་ནས། ས་གནས་དེ་དག་བཙན་པོ་རྒྱལ་རབས་སྐབས་ཀྱི་བོད་མི་གཙོ་བྱས་པའི་འདུས་སྡོད་ས་ཁུལ་དུ་གྱུར།
             《སྲིད་སྐྱོང་མེ་ལོང་》དུ་བཀོད་པ་ལྟར་ན། “ཐང་གི་ཀྲི་ཏི་ཁྲི་ལོ་གཉིས་པར།(唐至德二年757)བོད་དམག་སླར་ཡང་ཙོང་ཆུའི་འབབ་རྒྱུན་གྱི་རྒྱ་དམག་གི་སྟེང་དུ་བསྡོངས།ཞི་ཕེན་(西宁)དང་ཧྲན་ཀྲོའུ་(鄯州,青海平安་及民和)ཡི་ས་གནས་སོགས་བོད་ལ་ཤོར། ཧྲང་ཡོན་ཁྲི་ལོ་དང་པོ་ལ་(上元元年760)ཀུའོ་ཀྲོའུ་(廓州,青海化隆)ཡང་བོད་ཀྱི་ལག་ཏུ་ཤོར། དེ་ནས་བཟུང་ཙོང་ཆུའི་འབབ་རྒྱུན་གྱི་ས་ཆ་ཡོངས་སུ་བོད་ཀྱི་ལག་ཏུ་ཤོར་བ་ཡིན་”④ཞེས་བྱུང་། དེ་ནས་བཟུང་ས་གནས་འདི་དག་གི་མཐའ་སྲུང་དམག་སྡེ་རྣམས་ཡུལ་ཁམས་དེ་དག་གི་གཏན་སྡོད་ཡུལ་མིར་གྱུར་ལ། རྒྱལ་པོའི་བཀའ་ལུང་མ་བྱུང་ཚུན་ཆད་དུ་ཕྱིར་རང་ཡུལ་དུ་ལོག་མི་ཆོག་པའི་བཀས་བཀག་པ་ན་ས་དེ་དག་ལ་བཀའ་མ་ལོག་གི་ས་ཞེས་འབོད་སྲོལ་བྱུང་བ་ཡིན།
             དགོན་སྡེ་འདི་འདེབས་མཁན་ནི་བྱང་བླ་མ་ཆོས་ཀྱི་རྒྱལ་པོ་སྟེ། རྗེ་ཙོང་ཁ་པའི་དངོས་སློབ་ཏཱ་མིང་རྒྱལ་རབས་ཀྱི་ཏི་ཤྲི་གཉིས་ཀྱི་ནང་ཚན་ཏཱ་མིང་ཡེ་དབང་(明朝耶王)རྒྱལ་པོའི་ཏི་ཤྲི་བྱང་བླ་མ་ཆོས་ཀྱི་རྒྱལ་པོ་ཡིན་ལ། བོད་ཀྱི་ཕག་གྲུ་སྲིད་དབང་དང་རྒྱ་ནག་གི་མིང་རྒྱལ་རབས་ཡུང་ལོའི་ཁྲི་རབས་ཀྱི་སྐབས་སུ་བཏབ་པ་ཞིག་ཡིན། དེ་ཡང་བྱང་བླ་མ་ཆོས་ཀྱི་རྒྱལ་པོ་དེ་ཏཱ་མིང་ཡེ་དབང་རྒྱལ་པོའི་ཏི་ཤྲི་མཛད་སྐབས་དགོན་འདི་ཉིད་བཏབ་པར་མ་ཟད། གཞན་ཡང་ལང་ཇུའི་ཕྱོགས་སུ་ཆོས་སྡེ་འགའ་དང་། དབུས་སུའང་བཙུན་མོ་ཚལ་དགོན་པའི་གཞི་བཏིངས་ཞེས་《མདོ་སྨད་ཆོས་འབྱུང་》དུ་གསུངས་ཤིང་། བཤད་སྒྲུབ་ལོངས་སྤྱོད་ཀྱི་བསྟན་པའི་མཛེས་རྒྱན་ཆོས་སྡེ་ཆེན་པོ་རྣམ་པ་ལྔ་བསྐྱངས་པ་ལ། མཚན་སྙན་གྱི་དར་ལུང་ཡུལ་གྲུ་ཀུན་གྱི་འགྲོ་བའི་རྣ་རྒྱན་དུ་གྱུར་ཞིང་། རང་གི་རྩ་བའི་བླ་མ་རྗེ་རིན་པོ་ཆེ་ཡང་ཤིན་ཏུ་མཉེས་ནས། མདོ་སྨད་ཅེས་བྱའི་རྒྱལ་ཁམས་དེར།།ལྷ་མིའི་བསོད་ནམས་ཞིང་གི་མཆོག། ཐུབ་པའི་བརྟུལ་ཞུགས་ལེགས་བཟུང་ནས།། ལུང་གི་བསྟན་པ་འཛིན་པའི་གཞི།།ཆོས་སྡེ་ཆེན་པོ་རྣམ་པ་ལྔ་།། ཉིད་ཀྱིས་ལེགས་པར་བཙུགས་སོ་ཞེས།། བཀའ་བསྩལ་གསུང་ཡིག་འཕྲོད་པའི་ཚེ།། ཡིད་ནི་དགའ་བས་བསྐྱོད་པ་ལས།། སྙིང་ནས་ངོ་མཚར་ཆེན་པོ་སྐྱེས།།⑤ ཞེས་བསྔགས་བརྗོད་གཟེངས་སུ་མཐོ་བ་མཛད།
             དགོན་སྡེ་འདི་ཐོག་མར་མཁར་རྫོང་གི་ཁྲོད་དུ་ཆགས་ཤིང་། དར་རྒྱས་ཆེ་བའི་དུས་སུ་ས་ཁྱོན་ལ་མུའུ་60ལྷག་དང་།ལྷ་ཁང་ཆེ་ཆུང་⑥དང་། དགེ་འདུན་པ་སྟོང་ལ་ཉེ་བ་ཡོད་པ་དང་། དགོན་ལག་ལ་ད་ལྟའི་བཀའ་མ་ལོག་ཡུལ་ཁམས་ཀྱི་མདོ་བ་དགོན་དགའ་ལྡན་ཆོས་འཁོར་གླིང་དང་། ནོར་བ་དགོན་བཀྲ་ཤིས་བསམ་གཏན་གླིང་། བ་ཡན་རྫོང་ཐ་ཀྱཱ་དགོན་བཀྲ་ཤིས་བསམ་གཏན་གླིང་། གོང་དུ་བགྲང་བའི་མཛོ་མོ་མཁར་དང་ལིན་གཙང་དགོན། ཁྭ་ཏི་ཁའི་དགོན་བསྣན་པས་དགོན་སྡེ་དྲུག་འདུས།
             “བེེ་སེར་དུ། རྒྱ་ནག་རྒྱལ་པོ་ཧུ་མ་ཨུ་ལུས་དྲུང་ཆེན་ཆོས་རྒྱལ་ལ་ཏཱ་ཀུ་ཤྲིའི་ལུང་ལས་དང་(པོ)དགོན་གནས་འདེབས་ཡུལ་ཤེས་སུ་བཅུག་པ་དང་། རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་ཏེ་དགོན་གནས་བྱིན་གྱིས་བརླབས། མགོན་ཁང་ལ་རབ་གནས་མཛད། ཏི་ཀུ་ཤྲི་བསོད་ནམས་རྩེ་མོ་ལ་བཀའ་གནང་སྟེ་སེ་ར་རྗེ་བཙུན་པའི་ཡིག་ཆའི་སྟེང་ནས་འཆད་ཉན་བཙུགས། གདན་སར་རིམ་བཞིན་ལི་ཀྱཱ་ཤེས་རབ་མཆོག་ལྡན། ཁ་ཐི་ཀ་ཤེས་རབ་རྒྱལ་མཚན། ཀ་ཀྱཱ་ཤེས་རབ་རིན་ཆེན། དགོན་རྙིང་ཤེས་རབ་ཡོན་ཏན། འཕྲིན་ལས་རྣམ་རྒྱལ། ཀ་སྐྱ་ཤེས་རབ་མཆོག་ལྡན་བར་བཤད་ལ། རྗེ་སྐལ་ལྡན་གྱིས་ཀུ་འཕོང་རབ་འབྱམས་པས་འཆད་ཉན་མཛད་བཞིན་པའོ་གསུངས།”⑦
             ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་ཁྲི་རབས་སུ།མཚོ་སྔོན་པོའི་སོག་སྡེ་ཧུ་ཧྲོའུ་ཐུ་ཡི་རྗེ་བོ་བློ་བཟང་བསྟན་འཛིན་གྱིས་ཆིང་གོང་མས་མཚོ་སྔོན་པོ་ས་ཁུལ་དུ་དབང་བསྒྱུར་བར་ངོ་རྒོལ་དམག་འཁྲུག་བསླངས་པ་དང་། ཆིང་གོང་མས་ཉན་ཀུན་ཡའོ་(年羹尧)དམག་དཔོན་དུ་བསྐོས་ནས་དྲག་གནོན་བྱས་པར་འཕྲད། (清康熙年间“172年康熙帝已去世,皇十四子允禵领兵”)ཆིང་དམག་གིས་ངོ་ལོག་ཟིང་འཁྲུག་ཞོལ་འཇགས་བྱེད་སྐབས་མེ་ལ་བསྲེགས། རྗེས་སུ་དགོན་བདག་ཞིན་གྱ་བླ་མས་སོག་རིགས་ས་ཁུལ་དུ་བསོད་སྙོམས་བསླངས་ཏེ་སླར་གསོ་བྱས་མོད། སླར་གསོ་བྱས་པ་དེ་སྔར་ལས་ཅུང་རྒྱ་ཆུང་ལ། དགོན་སྡེ་འདིར་གཙོ་བོ་འདུ་ཁང་ཆེན་མོ་དང་། མགོན་ཁང་། བག་རྩེ་ལྷ་ཁང་། ཐུན་ལྔའི་ལྷ་ཁང་སོགས་བཞེངས་འདུག་ཅིང་། རྟེན་གཙོ་བོ་ལ་རྗེ་ཙོང་ཁ་པ་གཙོ་བྱས་པའི་ཁོང་གི་ཡོངས་འཛིན་དང་དགེ་ཕྲུག་རྣམས་ཟུར་རྒྱན་དུ་བཀོད་པའི་མཛེས་ཤིང་རིན་ཐང་གཞལ་དུ་མེད་པའི་ཞལ་ཐང་གསུང་འབྱོན་མ་ཞེས་པ་དེ་བཞུགས་ཡོད།
གཉིས། རྗེ་བླ་མ་དང་ཚོང་དཔོན་ནོར་བུའི་ཆོས་འབྲེལ་དང་རྟེན་ཐང་གི་ངག་རྒྱུན།
             ཚོང་དཔོན་ནོར་བུ་བཟང་པོ་ནི་བཙན་པོའི་རྒྱལ་རབས་སྐབས་སུ་བོད་པའི་དམག་སྡེ་བཀའ་མ་ལོག་གི་ཡུལ་ཁམས་སུ་ཕེབས་ནས་སོ་སྲུང་དུ་གནས་བཅས་པའི་གདུང་རྒྱུད་ལས། མིང་རྒྱལ་རབས་ཀྱི་སྐབས་སུ་རྗེ་རིན་པོ་ཆེ་དང་དུས་མཉམ་གྱི་ཚོང་པ། དབུས་གཙང་ཡུལ་དུ་ཚོང་འགྲུལ་དུ་བསྐྱོད་པའི་མཚུངས་སུ་མདོ་སྨད་ཡུལ་ནས་རྗེ་རིན་པོ་ཆེ་ལ་མཁོ་རྫས་དང་འཕྲིན་ཡིག་བསྐུར་ས་དང་། རྗེ་རིན་པོ་ཆེ་དང་ཆོས་འཇིག་རྟེན་གཉིས་ཀའི་ཆ་ནས་འབྲེལ་བ་བཟང་ཞིང་བློ་འཁེལ་བའི་མི་སྣ་ཞིག་ཡིན།
             ཚོང་དཔོན་ནོར་བུ་བཟང་པོ་ཁོང་དགུང་ལོ་ཉེར་དྲུག་སྟེང་མཚོ་སྔོན་དང་ཉིན་ཞ། རྒྱ་ནག་དང་དབུས་གཙང་ཕྱོགས་སོ་སོར་ཚོང་ལ་འགྲིམས་ནས་ཚོང་པ་ཆེན་པོར་གྱུར་ལ། ཁོང་རྒྱ་བོད་སོག་གསུམ་གྱི་སྐད་ལ་བྱང་ཞིང་དགུང་ལོ་སོ་བརྒྱད་སྟེང་ཁོང་གི་ཚོང་ལས་ཀྱི་ཁྱབ་རྒྱ་སོག་ཡུལ་དང་ལི་ཡུལ་སོགས་སུ་བསྐྱེད་པས། དུས་དེ་ནས་བཟུང་ཁོང་ལ་ཚོང་དཔོན་ནོར་བུ་བཟང་པོ་ཞེས་མཚན་སྙན་ཐོབ་པ་དང་རྔ་གཡག་སྟོང་ཕྲག་ལྷག་ལ་ཚོང་ཟོག་རིན་ཆེན་མང་པོ་བཀལ་ཏེ་རྒྱུ་ནོར་སྤེལ་ནས། རང་གི་གཞིས་ཀ་བསྐྱར་བཞེངས་མཛད་དེ་མཚན་ལ་ཕོ་བྲང་ནོར་བུ་གླིང་ཀ་ཞེས་བཏགས། ཕོ་བྲང་དེའི་ཕྱི་མཁར་ནི་རྒྱ་ནག་བཀྲ་ཤིས་ཁྲི་སྒོའི་རྒྱལ་མཁར་ལ་བཟོ་ལྟ་བྱས་ཤིང་། དེའི་ཞིང་ཚད་མཛོ་མོ་མཁར་ལས་ཀྱང་འཐུག་པས་བརྗིད་ཉམས་ཧ་ཅང་ཆེ། དེར་བརྟེན་ཚོང་དཔོན་ནོར་བུ་བཟང་པོའི་སྙན་གྲགས་ཀྱང་སྐྱེ་བོ་ཀུན་གྱི་ཐོས་ལམ་དུ་བྱང་བར་གྱུར་ཡོད།
             ཚོང་དཔོན་ནོར་བུ་བཟང་པོ་ལྷ་སར་ཐེངས་གསུམ་ལ་ཕེབས་པར་གྲགས། ཕེབས་ཐེངས་རེར་ཚོང་གཉེར་ཁོ་ནའི་དོན་དུ་མ་ཡིན་པར་རྗེ་ཙོང་ཁ་པ་ཆེན་པོར་བསྐུར་རྫས་དང་འཕྲིན་ཡིག་བསྐྱལ་བ་དང་། རྗེ་རིན་པོ་ཆེ་དང་ཆོས་འབྲེལ་ཡོད་པས་ཞལ་མཇལ་དང་ཆོས་ཀྱི་མཆོད་རྫས་གྱ་ནོམ་པ་མང་པོ་ཕུལ་བ་སོགས་ཀྱི་ལས་ཀ་རྣམས་མཉམ་དུ་བྱེད་པར་འགྲོ་བ་ཡིན་གསུངས།
             ཚོང་དཔོན་ནོར་བུ་བཟང་པོ་ཐེངས་བཞི་པར་ལྷ་སར་མ་ཕེབས་གོང་རྗེ་ཙོང་ཁ་པའི་མ་ཡུམ་ལ་མཇལ་དུ་ཕྱིན། མ་ཡུམ་དུས་ཡུན་རིང་པོར་བུ་དང་མཇལ་འཕྲད་ཀྱི་སྐལ་པ་མ་ལྡན་པས། རང་གི་བུ་ཆུང་དྲན་དྲགས་ནས་སྐྲ་དཀར་ཉག་གཅིག་བསྐུར་བ་དང་བཅས་ཏེ་ཨ་མས་བུ་ཆུང་ཁྱོད་དྲན་པ་ཧ་ཅང་དྲགས་པས། ཁྱོད་ཀྱིས་ཨ་མར་སྐོར་བ་ཞིག་རྒྱག་ཐུབ་ན་ཅི་མ་རུང་གི་ངག་འཕྲིན་དབུས་སུ་བསྐུར། རྗེ་ཙོང་ཁ་པས་ཨ་མས་བསྐུར་བའི་སྐྲ་དཀར་ལན་བུ་དང་འཕྲིན་ཡིག་མཇལ་རྗེས་ཐུགས་སེམས་རབ་ཏུ་སྐྱོ་ཡང་བསྟན་པའི་འཕྲིན་ལས་ལ་ཞབས་ཏོག་ཆེན་པོ་སྒྲུབ་པའི་སྒང་ཡིན་པས། སྙིང་པོ་གང་ཆེ་གང་ཆུང་ལ་བསམས་ནས་མདོ་སྨད་དུ་ཞབས་ཀྱིས་མ་བཅགས། མ་ཡུམ་དྲགས་ཏུ་དྲན་པའི་སྐྱོ་གདུང་གིས་རེ་ཞིག་བརྒྱལ་ནས་སངས་པ་ན་ཤངས་ཁྲག་མང་དུ་བབས། དེ་ནས་ཁོང་གིས་ཤངས་འཚལ་དང་ཚོན་རྫས་བསྲེས་ནས་བྲིས་པའི་རང་གི་ཞལ་ཐང་ཞིག་ཚོང་དཔོན་ནོར་བུ་བཟང་པོ་ལ་བསྐུར་ཏེ། ཞལ་ཐང་འདི་མཇལ་ན་ངེད་མ་བུ་གཉིས་དངོས་མཇལ་བྱུང་བ་དང་གཅིག་འདྲ་ཡིན་པ་དང་། ཨ་མ་ཞེས་པའི་གདུང་འབོད་ཀྱི་གསུང་ཀྱང་འབྱོན། ཉིན་ཞག་དྲུག་བར་ལ་ཞལ་ཏ་གླེང་མོ་ཡང་བྱེད་པར་འོང་ཞེས་ངག་འཕྲིན་དང་བཅས་པ་མདོ་སྨད་དུ་བསྐུར་བའི་ངག་རྒྱུན་ཡོད་དོ།།⑧
             རྒན་པོ་རྣམས་ཀྱི་ངག་རྒྱུན་ལྟར་ན། ཚོང་དཔོན་ནོར་བུ་བཟང་པོ་དགུང་ལོ་དགུ་བཅུའི་འཁྲུངས་སྐར་སྟེང། རྗེ་ཙོང་ཁ་པའི་དངོས་སློབ་བྱང་ཆུབ་བླ་མ་ཆོས་ཀྱི་རྒྱལ་པོས་ཁོང་ལ་ཚེ་དབང་བསྐུར་རྗེས། ཁོང་གཉིས་ཀ་ཚོང་དཔོན་ནོར་བུ་བཟང་པོའི་གླིང་ཀ་རུ་འཆམ་འཆམ་བྱེད་དུས། ཙན་དན་གྱི་སྡོང་མགོ་ཞིག་ཏུ་བྱ་ཁྭ་ཏ་ཞིག་བསྟུད་མར་ཐེངས་གསུམ་གྲགས་རྗེས། ཁ་ནས་གསེར་མདོག་གི་འོད་སྐྱུགས། མ་འགྱངས་པར་ཚོང་དཔོན་ནོར་བུ་བཟང་པོའི་གླིང་ཀ་ཧྲིལ་པོར་གསེར་མདོག་གི་འོད་ཟེར་གྱིས་ཁྱབ། ལྟས་བཟང་དེ་མཐོང་བས་ཚོང་དཔོན་ནོར་བུ་བཟང་པོས་བྱང་བླ་མ་ཆོས་ཀྱི་རྒྱལ་པོར་འདི་རྐྱེན་ཅི་ཡིན་པར་རྒྱུ་མཚན་ཞུས། བྱང་བླ་མ་ཆོས་ཀྱི་རྒྱལ་པོས་འདི་ནི་ཁྱེད་ཀྱི་ནོར་བཟང་གླིང་ཀ་འདི་མི་འགྱངས་པར་བསོད་ནམས་ཀྱི་ཚོགས་བསོག་སའི་དགོན་པ་ཞིག་ཏུ་འགྱུར་བའི་བཀྲ་ཤིས་ལྟས་བཟང་ཡིན་པར་གསུངས།
             《མདོ་སྨད་ཆོས་འབྱུང་》ལྟར་ན། “ཡང་འགའ་རེས་ཀུ་ཤྲི་བསོད་ནམས་བཟང་པོས་ཇོ་སྐུ་བྱིན་ཅན་ཞིག་གདན་དྲངས། གཙུག་ལག་ཁང་གང་དུ་བཞེངས་པར་དགོངས་པའི་ཕྱི་ཉིན་ཁ་བ་བབས་པའི་སྟེང་དུ། བྱིས་པའི་རྐང་རྗེས་གསལ་བ་རྗེས་འདེད་ཀྱིས་ཕྱིན་པས་ཙན་དན་སྡོང་པོ་ཞིག་གི་རྩར་སླེབས། རྩེ་མོ་ན་ཁྭ་ཏ་ཞིག་སྐད་སྙན་པར་སྒྲོགས་ཤིང་ཁ་ནས་ཆུ་གསེར་སྐུད་ལྟ་བུ་བ་དན་དང་ལྡ་ལྡའི་རྣམ་པར་ཐོན་པའི་ལྟས་བྱུང་བས། དེར་གཙུག་ལག་ཁང་དང་དགོན་པ་བཏབ་པས་ཁྭ་ཏའི་ཁར་གྲགས་ཤིང་། བསོད་ནམས་སེང་གེ། དཔལ་འབྱོར་བཟང་པོ། བསོད་ནམས་རིན་ཆེན།བསོད་ནམས་དཔལ་བཟང་། བསོད་ནམས་དོན་འགྲུབ་སོགས་ཀྱིས་རིམ་པར་བསྐྱངས་ཏེ་རྟེན་བཞེངས་མཛད་ཚུལ།གོང་མ་རིམ་བྱོན་གྱི་བཀའ་ཤོག་དང་རྡོ་རིང་རྣམས་སུ་གསལ་ཟེར་”⑨ཞེས་བྱུང་།
             ཚོང་དཔོན་ནོར་བུ་བཟང་པོ་ཐུགས་ཧ་ཅང་དགྱེས་ཏེ་བྱང་བླ་མ་ཆོས་ཀྱི་རྒྱལ་པོར་དགོན་པར་མཚན་བསྩོལ་བའི་རེ་བ་ནན་གྱིས་ཞུས་པས། བྱང་བླ་མ་ཆོས་ཀྱི་རྒྱལ་པོས་འདི་ནི་ལྟས་བཟང་གི་མཐོང་སྣང་དུ་བྱུང་བའི་བྱ་ཁྭ་ཏ་དེར་རག་ལས་པས་དགོན་པའི་མཚན་ལ་ཁྭ་ཏི་ཁ་བ་ཞེས་གསོལ། དེར་བསྟུན་ནས་ཁོང་རྣམ་པ་གཉིས་ཀྱིས་དགོན་པའི་མ་འོང་འཕེལ་རྒྱས་ཀྱི་ཐད་ལ་གྲོས་མོལ་ཡང་ཡང་མཛད། དུས་དེ་ནས་བཟུང་ཚོང་དཔོན་ནོར་བུ་བཟང་པོ་ཁྭ་ཏི་ཁའི་དགོན་པའི་ཡོན་བདག་གཙོ་བོར་གྱུར། ཁོང་གིས་མི་གྲངས་ཉིས་སྟོང་ལྷག་ཤོང་བའི་འདུ་ཁང་ཆེན་མོ་དང་བཙུན་ཤག་ཆིག་སྟོང་ལྷག་གསར་བཞེངས་མཛད་པ་མ་ཟད། ད་དུང་ཁོང་གི་ཕོ་བྲང་ལས་ཁང་མིག་ཆེས་བཟང་ཤོས་དེ་བྱང་བླ་མ་ཆོས་ཀྱི་རྒྱལ་པོར་གཟིམ་ཤག་ཏུ་ཕུལ། དེའི་རྗེས་ནས་ཚོང་དཔོན་ནོར་བུ་བཟང་པོས་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་གྲྭ་བཙུན་ཆིག་སྟོང་ལྷག་རྒྱུན་བཞུགས་བྱེད་དུ་བཅུག དགེ་འདུན་པ་ཚོར་མཐུན་རྐྱེན་གང་ལེགས་བསྐྲུན་པ་དང་དགོན་པའི་སྨོན་ལམ་ཆེན་མོ་འཚོགས་དུས་བྱང་བླ་མ་ཆོས་ཀྱི་རྒྱལ་པོས་དབུ་འཛིན་མཛད་དེ་བཀའ་ཆོས་གསུངས་⑩ཞེས་བྱུང་།
གསུམ། ཁྭ་ཏི་ཁའི་རྟེན་ཐང་ནི་རྗེའི་ཚེ་སྨད་ལ་ཞུ་བའི་རྟེན་ཐང་གཞན་ཞིག་ཡིན།
             མཁས་དབང་ཚེ་ཏན་ཞབས་དྲུང་ལྟར་ན། ཁྭ་ཏི་ཁའི་“ཞལ་ཐང་འདི་ཉིད་བཞེངས་དཀོད་ཀྱི་ཚུལ་ནི་བདག་གིས་དངོས་མཇལ་ཞུས་པའི་ཟིན་ཐོ་ལྟར་ན། རས་གཞིའི་སྲིད་དུ་ཁྲུ་ཙི་དོ་ཙམ་དང་། ཞེང་དུ་ཁྲི་ཙི་གང་དང་ཕྱེད་ཙམ་གྱི་དབུས་སུ་སེང་གེ་གཉིས་ཀྱིས་བཏེགས་པའི་ཁྲི་དང་། རྒྱབ་ཡོལ་གཡས་གཡོན་དུ་འབྲུག་མགོ་གསུམ་རེ་ཡོད་པའི་གཟུགས་རིས་ཡ་མཚན་དང་། ཁྲིའི་རྩེ་མོར་ནོར་བུ་ཆ་དགུ་བ་མེ་རི་ཅན། ཁྲིའི་གཡས་གཤམ་དུ་འདོད་ཡོན་རྣམ་པ་ལྔ་དང་། གཡོན་གཤམ་དུ་ནོར་བུ་སྤུངས་པའི་མཆོད་རྫས།གཙོ་སྐུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་དབུ་ལ་པཎ་ཞྭ། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཅན། པད་སྡོང་གཡས་པར་རལ་གྲི་དང་གཡོན་པར་གླེགས་བམ། ཆོས་གོས་རྣམ་གསུམ་གསོལ་བའོ།། འདྲ་ཐང་གི་དབུ་ན་མཆོག་ལྷ་གསུམ་པོ་ཡོད་པ་ལས་དབུས་མ་ནི་སྤྱན་རས་གཟིགས་དོན་ཡོད་ཞགས་པ་ཡིན་ནམ། ཞལ་གསུམ་པ། དབུ་ན་འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཕྱག་བཞི་ལས་གཡས་ཀྱི་དང་པོ་བུས་མགོར་མཆོག་སྦྱིན་མཛད་པ། གཉིས་པས་ཁ་ཊྭཱཾ་ག་འཛིན་པ། གཡོན་དང་པོ་རིན་ཆེན་ཞགས་པ་དང་། གཉིས་པས་ཐལ་མོ་ཕྱིར་བསྟན་པའོ།། གཡས་ཟུར་གྱི་མཆོག་ལྷ་ནི། སྣེ་རིང་ཅན། གཡས་ཆོས་འཆད། གཡོན་ལྷུང་བཟེད་བསྣམས་པའི་བླ་སྐུ་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ནམ་སྙམ་པའོ།། གཡོན་ཟུར་གྱི་མཆོག་ལྷ་ནི། སྣེ་རིང་ཅན། གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པའི་བླ་སྐུ་བླ་མ་དབུ་མ་བ་ཡིན་ནམ་སྙམ་པའོ།། ཁྲིའི་གཡས་གཡོན་དུ་སློབ་མའི་ཐུ་བོ་གཉིས་ཀྱི་འདྲ་སྐུ་ཡོད་པ་ལས་གཉིས་ཀའང་སྣེ་རིང་ཅན། གཡས་ཆོས་འཆད་དང་གཡོན་གླེགས་བམ་བསྣམས་པ་གང་ཡིན་ངོས་འཛིན་དཀའ་ཞིང་། སྐུ་ཚེ་སྟོད་ཀྱི་དུས་ཡིན་པས་ཡོངས་གྲགས་ཀྱི་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ནི་ཡིན་པར་ངེས་སོ།།”⑾ཞེས་བྱུང་།
             《མདོ་སྨད་ཆོས་འབྱུང་》ལས། “ཁྭ་ཏི་ཁའི་ཚོང་དཔོན་གྱིས་གདན་དྲངས་པའི་རྗེ་གླིང་འཕུར་མའི་སྐུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཕྱག་པར་དུ་གྲགས་པ། རི་བོ་པོ་ཏ་ལའི་རྡོ་ལ་སངས་རྒྱས་ཀྱི་གཙོ་འཁོར་གྱི་སྐུ་རང་བྱོན། རི་བོ་རྩེ་ལྔའི་རྡོ་ལ་མཐོང་སྣང་སྣ་ཚོགས་གཟུགས་བརྙན་དུ་འཆར་བ།ཙནྡན་གྱི་མཆོད་རྟེན་ཆེ་ཆུང་ལྔ་ལ་སངས་རྒྱས་སྟོང་གི་སྐུ་བཞུགས་པའི་ཁྱད་འཕགས། སངས་རྒྱས་འོད་སྲུང་གི་ཚེམས་རིལ་བོ་བཞུགས་པའི་མཆོད་རྟེན་ཆེན་པོ་སྔོན་དུས་བཟང་རྣམས་སུ་འོད་འཕྲོ་པའི་བྱིན་ཅན་བཅས་རྟེན་མང་། བཀའ་འགྱུར་བ་སྤྲུལ་པའི་སྐུའི་དགོན་ལཱ་ཀྱཱ་ཟི། ཅང་ཀྱཱ་ཟི་ནི་སྡེ་བ་ཆོས་རྗེའི་རྣམ་ཐར་དུ། ཁྭ་ཏི་ཁར་ཕེབས་དུས་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་རྗེས་སུ་བཟུང་བའི་ལི་ཀྱཱ་སློབ་དཔོན་ཤེས་རབ་སེང་གེ་རང་གི་གཞིས་དགོན་ཅང་ཀྱཱ་བྲག་ཏུ་གདན་དྲངས། གཙུག་ལག་ཁང་གསར་བཞེངས་ལ་རབ་གནས་དང་། ཟབ་ཆོས་མང་དུ་གསན་པར་གསུངས་པ་དེར་མངོན་”⑿ཞེས་བྱུང་།
             འོ་ན་ཁ་ཏི་ཁའི་དགོན་པར་བཞུགས་པའི་རྗེ་རྩ་ཐང་གཞན་ཕན་ཆེན་མོ་བྱ་བ་ནི་ཚོང་དཔོན་ནོར་བུ་བཟང་པོས་རྗེ་ཙོང་ཁ་པའི་སྐུ་ཚེ་སྨད་ཙམ་ལ་མདོ་སྨད་དུ་གདན་དྲངས་པའི་ཞལ་ཐང་རྗེས་མ་ཞིག་ཡིན་པ་གདོན་མི་ཟ་སྟེ། ཞལ་ཐང་དེའི་ངོས་ན་རྗེ་ཙོང་ཁ་པའི་སྐུ་བརྙན་ལས་གཞན་ད་དུང་ཁོང་གི་ཐུགས་སྲས་གཙོ་བོ་རྣམ་གཉིས་ཏེ། ཁྲིའི་གཡས་གཡོན་དུ་སློབ་མའི་ཐུ་བོ་གཉིས་ཀྱི་འདྲ་སྐུ་ཡོད་པ་ལས་གཉིས་ཀའང་སྣེ་རིང་ཅན། གཡས་ཆོས་འཆད་དང་གཡོན་གླེགས་བམ་བསྣམས་པ་གང་ཡིན་ངོས་འཛིན་དཀའ་ཞིང་།ཡོངས་གྲགས་སུ་རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་རྣམ་གཉིས་ཡིན་པར་ངེས་ཞེས་གསུངས་པ་ལ་ནང་འགལ་ཆེ་སྟེ། 《མདོ་སྨད་ཆོས་འབྱུང་》དང་། 《རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས》 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་》སོགས་སུ།རྗེ་དགུང་ལོ་ཉེར་གཉིས་བཞེས་པ་(སྤྱི་ལོ་1378ལོ་)རབ་བྱུང་དྲུག་པའི་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟའི་ལོ་ཡི་ལོ་སྟོད་རྟེན་ཐང་མདོ་སྨད་དུ་བསྐུར་བ་དང་། དེའི་ཕྱི་ལོའི་ལོ་སྨད་(སྤྱི་ལོ་1379ལོ་)ཡུམ་ལ་འབྱོར་བ་ཀུན་གྱི་ཞལ་མཐུན་པ་གཞིར་བཞག་ན། རྗེ་ཙོང་ཁ་པ་དགུང་ལོ་ང་གཅིག་ལོན་པ་ན་མཁས་གྲུབ་རྗེ་དགུང་ལོ་ཉེར་གསུམ་སྟེང་ཁོང་གཉིས་དགེ་སློབ་དུ་གྱུར་བ་བདེན་པས། ཁོང་གཉིས་བར་ན་དགུང་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་ཆོན་ཡོད་པ་དང་། རྗེ་ཙོང་ཁ་པ་དང་རྒྱལ་ཚབ་རྗེ་བར་དུའང་དགུང་ལོ་བདུན་གྱི་བར་ཆོན་ཡོད། རྗེ་ཙོང་ཁ་པ་ལ་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ཆོས་ཐོག་མར་ཞུ་སྐབས། རྗེ་དགུང་ལོ་ཞེ་གཅིག་དང་རྒྱལ་ཚབ་དགུང་ལོ་སོ་བཞི་ཡིན་པ་རྣམ་ཐར་ཐམས་ཅད་ཞལ་མཐུན་པར་ཡོད་པས། རྗེའི་ཚེ་སྟོད་དགུང་ལོ་ཉི་ཤུའི་ནང་ཁོང་དགེ་སློབ་གསུམ་ཀ་རྟེན་ཐང་གཅིག་གི་ངོས་སུ་འདུས་པའི་གནས་ལུགས་མེད་དོ།།
             དེས་ན་《མདོ་སྨད་ཆོས་འབྱུང་》ལས། ཁྭ་ཏི་ཁའི་ཚོང་དཔོན་གྱིས་གདན་དྲངས་པའི་རྗེ་གླིང་འཕུར་མའི་སྐུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་ཕྱག་པར་དུ་གྲགས་པ། རི་བོ་པོ་ཏ་ལའི་རྡོ་ལ་སངས་རྒྱས་ཀྱི་གཙོ་འཁོར་གྱི་སྐུ་རང་བྱོན།རི་བོ་རྩེ་ལྔའི་རྡོ་ལ་མཐོང་སྣང་སྣ་ཚོགས་གཟུགས་བརྙན་དུ་འཆར་བ། ཙནྡན་གྱི་མཆོད་རྟེན་ཆེ་ཆུང་ལྔ་ལ་སངས་རྒྱས་སྟོང་གི་སྐུ་བཞུགས་པའི་ཁྱད་འཕགས། སངས་རྒྱས་འོད་སྲུང་གི་ཚེམས་རིལ་བོ་བཞུགས་པའི་མཆོད་རྟེན་ཆེན་པོ་སྔོན་དུས་བཟང་རྣམས་སུ་འོད་འཕྲོ་བའི་བྱིན་ཅན་བཅས་རྟེན་མང་།ཅེས་པ་དང་། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན་》ལས། དེ་ནས་རྗེ་དགུང་ལོ་ཉེར་གཉིས་བཞེས་པ། རྒྱ་ནག་གོང་མའི་རྒྱལ་སར་ཏཱའི་མིང་རྒྱལ་རབས་ཐོག་མ་ཐའི་ཙུས་དབང་བསྒྱུར་བའི་གནམ་ལོ་བཅུ་གཅིག་པར་རབ་བྱུང་དྲུག་པའི་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟའི་ལོར། ཡུམ་གྱིས་རྒས་ཚུལ་དང་མདོ་སྨད་དུ་འབྱོན་དགོས་ཀྱི་ཞུ་ཡིག་སྐྲའི་ལན་བུ་དཀར་པོ་དང་བཅས་ཕུལ་བར། ཁྱད་པར་དགེ་ལྡན་བསྟན་པའི་ཆུ་རྒྱུན་གང་ལས་འབྱུང་བའི་གངས་རི་ཆེན་པོ་གཙུག་ལག་ཁང་གི་གཞི་དང་རྟེན་གྱི་སྙིང་པོར་བྱིན་གྱིས་བརླབས་པའི་སླད་དུ། ཡུམ་དང་ཨ་ཅེ་གཉིས་ལ་རྗེ་ཉིད་ཀྱི་སྐུ་ཐང་རེ་དང་། རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་གནང་བའི་ལན་སྐྱེལ་བར་རྗེ་དཔོན་གྲགས་པ་རྒྱལ་མཚན་གཏོང་བ་མཛད།ཅེས་བྱུང་བའི་ལུང་གཉིས་བསྡུར་ནས་དཔྱད་ན་ཤུགས་སུ་རྟོགས་པ་འདི་འདྲ་ཡོད།
             དེས་ན་རྗེ་རིན་པོ་ཆེས་མདོ་སྨད་དུ་རྟེན་ཐང་བསྐུར་བ་དེ་བསྐུར་ཐེངས་གཉིས་སུ་ཟད་དེ། 1.རྗེའི་ཚེ་སྟོད་དང་ཚེ་སྨད་དུས་མི་འདྲ་བ་སྔ་ཕྱི་གཉིས་བྱུང་བ་དང་། 2.ཚོང་དཔོན་གྱིས་དྲངས་པ་བློ་བཟང་ཡེ་ཤེས་ཀྱི་ཕྱག་པར་དང་། རྗེ་དཔོན་གྲགས་པ་རྒྱལ་མཚན་གྱིས་དྲངས་པ་རྗེ་རང་གིས་དངོས་སུ་བྲིས་པས་ལྷ་རིས་པ་མི་འདྲ་བ་གཉིས། 3.ཚོང་དཔོན་གྱིས་དྲངས་པ་རྗེ་གླིང་འབུར་མའི་སྐུ་པར་དུ་གྲགས་པ་དང་། རྗེ་དཔོན་གྲགས་པ་རྒྱལ་མཚན་གྱིས་དྲངས་པ་རྗེ་རང་གིས་ཤངས་མཚལ་གྱིས་བྲིས་པའི་སྐུ་ཐང་གཉིས་ཡིན་པས་རྟེན་རྫས་མི་འདྲ་བ་གཉིས། 4.ཁྭ་ཏི་ཁའི་རྟེན་ཐང་འདྲེན་པའི་ཕོ་ཉ་ཚོང་དཔོན་ནོར་བུ་རང་ཉིད་ཡིན་པ་དང་། སྐུ་འབུམ་དུ་འདྲེན་པའི་ཕོ་ཉ་རྗེ་དཔོན་གྲགས་པ་རྒྱལ་མཚན་ཡིན་པས་ཕོ་ཉ་མི་འདྲ་བ་གཉིས་འབྱུང་བས། ལུང་མི་འདྲ་བ་འདི་དག་ལ་རིགས་པས་དཔྱད་ན་རྟེན་ཐང་མི་འདྲ་བ་དེ་གཉིས་བསྐུར་ཐེངས་དང་བསྐུར་གནས་སོ་སོ་བ་ཡིན་པ་ཤིན་ཏུ་གསལ་ན་ཡང་། དམངས་ཁྲོད་ངག་རྒྱུན་དུ་བསྐུར་ཐེངས་དེ་གཉིས་ཐེངས་གཅིག་དུ་ནོར་བ་དང་། ལན་སྐྱེལ་ཕོ་ཉ་གཉིས་གང་ཟག་གཅིག་ཏུ་ནོར་བ། རྟེན་ཐང་དང་མཆོད་རྫས་རྣམས་ཀྱང་དངོས་པོ་གཅིག་ཏུ་ནོར་ལ། སྐུ་ཐང་འབྲི་མཁན་ལྷ་བཟོ་ཡང་གཅིག་ཏུ་ནོར་བ། དེ་གཉིས་སོ་སོར་འཕྲོད་པ་དང་གནས་སའི་ཡུལ་ཡང་གཅིག་ཏུ་ནོར་བ་ནི་དམངས་ཁྲོད་ངག་རྒྱུན་གསར་རྩོམ་གྱི་རང་དབང་གི་ཁྱད་ཆོས་ཡིན།
             སྔ་ཕྱིར་མདོ་སྨད་དུ་བསྐུར་བའི་རྟེན་ཐང་དང་མཆོད་རྫས་དེ་དག་གི་ལོ་རྒྱུས་ཟིན་བྲིས་ནོར་བའམ་ཡང་ན་ངག་རྒྱུན་དུ་གྱུར་བ་གང་ཡང་རུང་གིས། དེ་དག་གི་ལོ་རྒྱུས་ཀྱི་བདེན་རྫུན་འབྱེད་པ་དེ་གཙོ་བོ་མ་ཡིན་ཏེ། ཆེས་གལ་ཆེ་བ་ནི་རྟེན་ཐང་དང་མཆོད་རྫས་དེ་རྣམས་མདོ་སྨད་གཞི་དགོན་དག་གི་ནང་རྟེན་གྱི་གཙོ་བོར་གྱུར་ཡོད་པ་དང་།ལོ་རྒྱུས་མཚར་པོ་དང་ངག་རྒྱུན་སྙན་མོ་དེ་དག་ལ་བརྟེན་ནས་དད་ལྡན་སྐྱེ་བོ་ཁྲི་མ་འབུམ་གྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས། རྗེ་རིན་པོ་ཆེའི་མཛད་རྣམ་ལ་སྙིང་ནས་ངོ་མཚར་ཞིང་བཀུར་བཟོ་ཚད་མེད་ཐོབ་པ་དང་།སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་རུས་ནས་དད་ཅིང་ཞབས་ཏོག་རྒྱུན་མ་ཆད་པར་མཛད་པ། མི་རིགས་ཀྱི་རིག་གནས་ལ་བདག་གཅེས་དང་བཀུར་བཟོ་ཐོབ་པའི་དཔང་རྟགས་སུ། སྐུ་རྟེན་དག་གི་སྙན་པར་གྲགས་པའི་བ་དན་ད་ལྟའི་བར་དུ་སྲིད་རྩེར་གཡོ་ཞིང་གནས་པ་དེ་ནི་སེམས་ཅན་གྱི་བསོད་ནམས་དང་དམ་པ་འདིའི་མི་ཚེ་གང་བོ་བསྟན་འགྲོའི་དོན་དུ་བརྔོས་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པར་གནས་པ་ཡིན་ནོ།།
བཞི། རྟེན་གྱི་གཙོ་བོ་རྗེ་རྩ་ཐང་གཞན་ཕན་ཆེན་མོ་སྐུ་འབུམ་དགོན་དུ་བཞུགས་ཚུལ།
             གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་སྐུ་འབུམ་གདན་རབས་ལྟར་ན། “དེ་ནས་རྗེ་དགུང་ལོ་ཉེར་གཉིས་བཞེས་པ། རྒྱ་ནག་གོང་མའི་རྒྱལ་སར་ཏཱའི་མིང་རྒྱལ་རབས་ཐོག་མ་ཐའི་ཙུས་(明太祖朱元璋1368-1398)དབང་བསྒྱུར་བའི་གནམ་ལོ་བཅུ་གཅིག་པར་(སྤྱི་ལོ་1378ལོ་)རབ་བྱུང་དྲུག་པའི་དུས་ཀྱི་ཕོ་ཉ་ཞེས་པ་ས་རྟའི་ལོར། ཡུམ་གྱིས་རྒས་ཚུལ་དང་མདོ་སྨད་དུ་འབྱོན་དགོས་ཀྱི་ཞུ་ཡིག་སྐྲའི་ལན་བུ་དཀར་པོ་དང་བཅས་ཕུལ་བར། མདོ་སྨད་དུ་ཕེབས་པ་དགོས་པ་ཆུང་བར་གཟིགས་ནས་མི་ཕེབས་པར་ཐག་བཅད་དེ། ཡུམ་དང་ཕྱོགས་འདིའི་འགྲོ་བ་རྣམས་རྗེས་སུ་བཟུང་བ་དང་། ཁྱད་པར་དགེ་ལྡན་བསྟན་པའི་ཆུ་རྒྱུན་གང་ལས་འབྱུང་བའི་གངས་རི་ཆེན་པོ་གཙུག་ལག་ཁང་གི་གཞི་དང་རྟེན་གྱི་སྙིང་པོར་བྱིན་གྱིས་བརླབས་པའི་སླད་དུ། ཡུམ་དང་ཨ་ཅེ་གཉིས་ལ་རྗེ་ཉིད་ཀྱི་སྐུ་ཐང་རེ་དང་། རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་བཅས་གནང་བའི་ལན་སྐྱེལ་བར་རྗེ་དཔོན་གྲགས་པ་རྒྱལ་མཚན་གཏོང་བ་མཛད། གསུང་ཤོག་འདིར་འབྱོར་བའི་སྐབས་རྗེ་བླ་མའི་ཡེ་ཤེས་ཀྱི་སྣང་ཆ་གདུལ་བྱའི་སྣང་ངོར་ལྗོན་ཤིང་གི་རྣམ་པར་འཁྲུལ་བ་འདིའི་ལོ་འདབ་འབུམ་ཡོངས་སུ་རྫོགས་པར་སྐྱེས་ཤིང་། ལོ་མ་རེ་རེའི་སྟེང་དུ་རྒྱལ་བ་སེངྒེའི་ང་རོའི་སྐུ་བརྙན་ལྷ་བཟོ་མཁས་པས་བྲིས་པ་ལས་ཀྱང་བརྒྱ་འགྱུར་གྱི་རི་མོའི་བཀོད་པ་ཕུན་སུམ་ཚོགས་ཤིང་། ཆ་ཚད་དང་ལྡན་པ་མིག་གི་བདུད་རྩི་བླ་ན་མེད་པར་གྱུར་བ་རང་བྱོན་དུ་འཁྲུངས་པར་མ་ཟད། ཡལ་ག་དང་ཤུན་པ་རྣམས་ལ་སྐུ་གཟུགས་དང་ཡིག་འབྲུ་དང་ཕྱག་མཚན་རྣམས་ཀྱང་རང་བྱོན་དུ་བྱུང་བ་ལུས་ཅན་ཡོངས་ཀྱི་འདྲེན་བྱེད་ཀྱི་ཡུལ་དུ་དངོས་སུ་མཐོང་བ་བྱུང་། དེ་ནས་གནམ་ལོ་བཅུ་གཅིག་པ་བར་དུས་དོན་གྲུབ་ས་ལུག་ལོར་(སྤྱི་ལོ་1379ལོ་)གསུང་ཡིག་གི་དོན་བཞིན་ཡུམ་གྱིས་ཐུགས་ཁུར་བཞེས་ཤིང་དད་ལྡན་སྐྱེས་བུ་མང་པོས་གྲོགས་བྱས་ཏེ། རྒྱལ་བ་སེངྒེའི་ང་རོའི་སྐུ་བརྙན་འབུམ་ཡང་དག་པར་བཏབ་པས་ནང་རྟེན་དང་། ཙན་དན་གྱི་སྡོང་པོ་ཉིད་གོས་ཆེན་གྱི་ན་བཟས་ལེགས་པར་བྲེས་པ་སྙིང་པོའི་སྲོག་ཤིང་གི་ཚུལ་དུ་བཞུགས་སུ་གསོལ།མཐའ་སྐོར་དུ་རྡོ་བརྩིག་གི་ར་བ་བརྟན་པར་བརྩིགས་པའི་སྟེང་དུ་པདྨ་སྤུངས་པའི་མཆོད་རྟེན་བཞེངས་ཤིང་། དེའི་སྟེང་དུ་ལྷ་ཁང་གྱོ་ཐོག་ཅན་གསར་བསྐྲུན་བྱས་ཏེ་རབ་གནས་རྒྱས་པར་མཛད་དོ།།”⒀ཞེས་བྱུང་།
             དེས་ན་སྐུ་ཐང་དང་མཉམ་དུ་བསྐུར་བའི་རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག་དང་བདེ་མཆོག་གི་བུམ་སྐུ་གཉིས་སྐུ་འབུམ་བྱམས་པ་གླིང་བཞེངས་པའི་སྟ་གོན་གྱི་ནང་རྟེན་དུ་བསྐུར་བ་ཡིན་ལ། རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་དེ་དཔར་འབུམ་གྲངས་དུ་བཏབ་ནས། ལོ་འདབ་ཏུ་སྐུ་བརྙན་འབུམ་དང་ལྡན་པའི་ཙནྡན་གྱི་སྡོང་པོ་ཉིད་གོས་ཆེན་གྱིས་ལེགས་པར་བྲེས་ནས་གཉིས་ཀ་མཉམ་དུ་མཆོད་སྡོང་ཆེན་མོའི་ནང་རྟེན་དུ་བཞུགས་པ་དང་། མཐའ་ལ་རྡོ་བརྩིག་གི་ར་བ་བརྩིགས་པའི་སྟེང་དུ་མཆོད་རྟེན་བཞེངས་པ་དེང་སང་གསེར་སྡོང་ཆེན་མོར་འབོད་པ་འདི་ཡིན་ལ། མ་ཡུམ་ལ་བསྐུར་བའི་ཞལ་ཐང་གསུང་འབྱོན་མ་དེ་ཀླུ་རྒྱ་འོག་མའི་བཙན་ཁང་གི་ནང་རྟེན་དུ་བཞག་པར་གསལ།
             “གནམ་ལོ་བཅུ་གཅིག་པ་(སྤྱི་ལོ་1379ལོ་)རབ་ཕྱོགས་ཉི་མ་ཆུ་ལུག་ལོར། རྒྱལ་དབང་བསོད་ནམས་རྒྱ་མཚོ་ཇིང་གིར་རྒྱལ་རྒྱུད་ཐུ་མིད་ཨལ་ཐན་རྒྱལ་པོ་ཡབ་སྲས་ཀྱིས་གདན་དྲངས་པའི་རྗེས་མའི་སྐབས། ཞིང་སྐྱོང་ནང་སོས་གདན་དྲངས་པ་བཞིན་སྐུ་འབུམ་བྱམས་པ་གླིང་འདིར་ཞབས་ཀྱི་པདྨོ་རྣམ་པར་བཀོད། ཉིད་ཀྱི་བཀའ་བཞིན་གཟིམས་ཁང་ཆུང་བ་ལྷས་སྐོར་གཅིག་གསར་བསྐྲུན་བྱས་པའི་ནང་དུ་ཉིན་ཁ་ཤས་ཀྱི་རིང་ལ་སྐུ་མཚམས་བསྡམས། གཟིམས་ཁང་དེ་ལ་དེང་སང་གཟིམས་ཁང་གོང་མ་ཞེས་པའི་རྩ་བ་འདི་ཡིན། དེ་ནས་འདུལ་འཛིན་ཆོས་རྗེ་སྒོམ་ཆེན་རིན་ཆེན་བརྩོན་འགྲུས་རྒྱལ་མཚན་དང་། ཚོ་པ་ལྔའི་ནང་སོས་གཙོ་བྱས་པའི་སྦྱིན་བདག་རྣམས་ལ་ཙོང་ཁའི་ལྟེ་བའི་གནས་འདིར་དགོན་སྡེ་ཞིག་ཚུགས་ན་འཕྲལ་ཕུག་ལེགས་ཚུལ་དང་།འཛུགས་ཀྱང་ངེས་པར་དགོས་པའི་བཀའ་ལུང་བཟང་པོ་བསྩལ་བ་ཀུན་གྱིས་དགའ་དད་སྤྲོ་བཞིན་སྤྱི་བོར་མནོས་ཏེ་ཁ་ཞེ་གཉིས་ཀའི་སྒོ་ནས་དང་དུ་བླངས། རྒྱལ་དབང་རིན་པོ་ཆེ་ཉིད་ནས། ས་འདུལ་དང་གནས་ལ་བྱིན་ཆེན་དངོས་སུ་ཕབ་པའི་བཀའ་དྲིན་བསྐྱངས། ཟི་ན་ཀླུ་རྒྱའི་སྡེ་བར་བྷ་ཏ་ཧོར་ཏེ་དེང་སང་ཞཱ་ར་ཡུ་གུར་དུ་གྲགས་པའི་མི་རྒྱུད་ཁྱིམ་ཚང་ཞིག་ཡོད་པ་ལ་(པེ་ཧར་རམ་གནས་ཆུང་འདི་བྷ་ཏ་ཧོར་ཤཱ་ར་ཡུ་གུར་གྱི་སྐུ་ལྷ་ཡིན།) བཀའི་བསྟན་བསྲུང་གསུང་རྒྱལ་དགྲ་ལྷ་སྐྱེས་གཅིག་ལུས་ཁོག་ཏུ་ཞུགས་དགོས་པའི་དམ་བསྒྲགས་མཛད་པར། སྲུང་མ་ཉིད་ནས་མི་རབས་བཅུ་གསུམ་གྱི་བར་འཁོར་བར་དམ་བཅས་པས། ཉིད་ཀྱི་ཤངས་མཚལ་ལས་བསྐྲུན་པའི་ཆོས་སྐྱོང་གི་རྟེན་ཐང་གནང་བ་ད་ལྟའི་བར་དུ་ཀླུ་རྒྱ་འོག་མའི་བཙན་ཁང་ན་བཞུགས་པ་དེ་ཡིན། དེང་དུས་མི་རབས་བཅུ་གསུམ་འདས་སོང་བས་ཆོས་སྐྱོང་ཁོག་ཞུགས་མེད་ཅིང་གལ་སྲིད་ཞུགས་ཀྱང་ཡེ་ཤེས་པ་དངོས་ཕེབས་པ་དཀའ་བར་གནང་ངོ །།”⒁ཞེས་བྱུང་། དེས་ན་ཉིད་ཀྱི་ཤངས་མཚལ་ལས་བསྐྲུན་པ་ཡུམ་ཆེན་ལ་གནང་བའི་ཆོས་སྐྱོང་གི་རྟེན་ཐང་དེ་ནི་ཟི་ནའི་ཀླུ་རྒྱ་སྡེ་བས་འགན་ཁུར་ནས་བཞེངས་པའི་ད་ལྟའི་བར་དུ་ཀླུ་རྒྱ་འོག་མའི་བཙན་ཁང་དུ་འབོད་པ་དེར་ནང་རྟེན་གྱི་ཚུལ་དུ་བཞུགས་པ་དེ་ཡིན།
             དེས་ན་མཆོད་སྡོང་གི་ནང་རྟེན་དུ་བཞུགས་པའི་རྒྱལ་བ་སེངྒེའི་ང་རོའི་སྐུ་འདྲ་དཔར་མ་འབུམ་ཚོ་བཞུགས་པ་ཙམ་གྱིས་སྐུ་འབུམ་ཞེས་མིང་དུ་བཏགས་པ་ཡང་མ་ཡིན་པར། མཆོད་རྟེན་གྱི་སྙིང་པོའི་སྲོག་ཤིང་དུ་བཞུགས་པའི་ཙནྡན་གྱི་ལོ་མ་འབུམ་ལ་དེ་བཞིན་གཤེགས་པ་སེངྒེའི་ང་རོའི་སྐུ་འབུམ་ཕྲག་དངོས་སུ་བཞུགས་པ་དེ་ལ་བརྟེན་ནས་སྐུ་འབུམ་ཞེས་བཏགས་པ་ཡིན་མོད། ཙནྡན་གྱི་ལོ་མའི་སྟེང་དུ་སྤྲུལ་པའི་དེ་བཞིན་གཤེགས་པ་སེངྒེའི་ང་རོའི་སྐུ་བརྙན་རྣམས་ཀྱང་ཡུམ་ཆེན་ལ་བསྐུར་བའི་རྒྱལ་བ་སེངྒེའི་ང་རོའི་སྐུ་བརྙན་དཔར་བྱང་དེ་རྗེ་བླ་མའི་ཡེ་ཤེས་ཀྱི་སྣང་ཆ་གདུལ་བྱའི་སྣང་ངོར་ལྗོན་ཤིང་གི་རྣམ་པར་འཁྲུལ་ཞིང་ལོ་མར་འཕོས་པའོ།།
             གཞན་ཡང་སྐུ་འབུམ་གདན་རབས་ལས། སྐུ་འབུམ་དགོན་པའི་རྟེན་དང་བརྟེན་པ་ཇི་ལྟར་བཞུགས་པའི་རིག་དངོས་མཆོད་རྫས་ངོ་སྤྲོད་ཐོ་ཡིག་ལས། “ཡར་ནང་ཆོས་གྲྭའི་ལྟག་གི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་དུ། དབུས་ཀྱི་རྟེན་གཙོ་བོར་བཟོ་བོ་བི་ཤྭ་ཀརྨའི་རྣམ་འཕྲུལ་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱིས་བཞེངས་པའི་འཇམ་དབྱངས་ཀུན་གཟིགས་ཀྱི་སྨན་སྐུ་ཆེ་བ་ནང་བཞུག་ཏུ་བདེ་བར་གཤེགས་པའི་འཕེལ་གདུང་བྱ་སྒོང་མ། རྗེ་བླ་མས་ཨ་ཅེ་ལ་གནང་བའི་རྗེའི་འདྲ་ཐང་གསུང་འབྱོན་མ་སོགས་རིང་བསྲེལ་འཁྲུལ་མེད་རྣམ་བཞིས་ཕྱུར་བར་གཏམས་པ་བྱིན་རླབས་ཀྱི་གཟི་འོད་འབར་བ། སྐྱབས་རྗེ་ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་པོས་ཕུལ་བའི་མུ་ཏིག་གི་མཛོད་སྤུ་དང་བཅས་པ་བཞུགས་”⒂ཞེས་བྱུང་།
             དེས་ན་རྗེ་འདི་ཉིད་ནས་རང་གི་ཨ་ཅེ་ལ་གནང་བའི་སྐུ་ཐང་གསུང་འབྱོན་མ་དེ་ཡང་ཡར་ནང་ཆོས་གྲྭའི་ལྟག་གི་འཇམ་དབྱངས་ཀུན་གཟིགས་ཀྱི་ལྷ་ཁང་གི་ནང་རྟེན་དུ་བཞུགས་པ་གསལ་བས། ལན་སྐྱེལ་པ་རྗེ་དབོན་གྲགས་པ་རྒྱལ་མཚན་ལ་བསྐུར་བའི་སྐུ་ཐང་གཉིས་དང་རྒྱལ་བ་སེངྒེའི་ང་རོའི་སྐུ་དཔར་གཅིག བདེ་མཆོག་གི་བུམ་སྐུ་གཅིག་དང་བཅས་པ་རྟེན་བཞི་ཀ་རེ་རེ་བཞིན་གང་དུ་གནས་པ་ཤིན་ཏུ་གསལ་ལོ།།
ལྔ། རྗེ་རྩ་ཐང་ཆེན་མོ་ཕ་ཡུལ་དུ་བསྐུར་བའི་དགོངས་གཞི་དང་ཕན་ཡོན་ལ་བསྟོད་པ།
             1.བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་པའི་དོན་དུ་ཕ་ཡུལ་དུ་ཕྱིར་མ་ཕེབས་པ། སྤྱིར་འཇིག་རྟེན་གྱི་མཛའ་གཤེས་དང་ཉེ་འབྲེལ་ཀུན་མི་རྟག་ཅིང་ཕུགས་སུ་ཕན་པ་ཆུང་བར་གཟིགས་ནས། དེ་ལ་མི་ཞེན་ཞིང་མི་ཚེ་གཅིག་ལ་ཕྱིར་མི་འབྱོན་པའི་ཐུགས་ཐག་བཅད་ནས། ཡུམ་ལ་རྗེ་རང་གི་སྐུ་བརྙན་མཆོད་རྫས་སོགས་བསྐུར་ནས་སེམས་གསོ་མཛད་པ་དང་། མདོ་སྨད་དགོན་སྡེ་རྣམས་གསར་བཞེངས་ཀྱི་ནང་རྟེན་དང་སྲོག་ཤིང་གི་མཐུན་རྐྱེན་བསྐྲུན་པ།“དགུང་ལོ་ཉེར་གཉིས་བཞེས་པའི་ས་རྟ་ལོའི་དཔྱིད།་་་་་་། ཡུལ་ནས་སྤྲིངས་པའི་སྐྱེས་དང་ཡི་གེ་རྣམས་བཞེས་པའི་ཁྲོད་ན། ཡུམ་གྱི་ཡི་གེ་ལ། ཁོ་མོ་ན་སོ་རྒས། བུ་ཁྱོད་སློབ་གཉེར་ལ་བྱིན་ནས་ལོ་ཡང་མང་དུ་སོང་བས་ད་ལྟ་ཅིས་ཀྱང་ཤོག ཁོ་མོ་མ་ཤིའི་གོང་དུ་འཕྲད་པར་འདོད་དོ་ཞེས་སོགས་ནན་ཆེ་བའི་ཡི་གེ་དང་། མ་རང་གི་དབུ་སྐྲ་ནས་ཤིན་ཏུ་དཀར་བ་དུམ་གཅིག་བསྐུར་བ་གཟིགས་པའི་རྐྱེན་གྱིས།མདོ་སྨད་དུ་ལན་གཅིག་འབྱོན་པར་བཞེད་ནས། མལ་གྲོ་ལྷ་ལུང་དུ་བྱོན། སྔགས་ཀྱི་ཚོ་ག་ལག་ལེན་ལ་ཐུགས་སྦྱོང་མཛད་པའི་སྐབས་ཤིག སྤྱིར་འཇིག་རྟེན་གྱི་མཛའ་གཤེས་དང་།ལོངས་སྤྱོད། ཡུལ་གཞི། བདེ་སྐྱིན་ཀུན་མི་རྟག་ཅིང་ཕུགས་སུ་ཕན་པ་མེད་པ་དང་། རང་གཞན་སེམས་ཅན་ཐམས་ཅད་ལ་སྐྱེ་བ་ཐམས་ཅད་དུ་ངེས་པར་ཕན་པ་ནི་དམ་པའི་ཆོས་ཁོ་ན་ལས་གཞན་མེད་པའི་རྒྱུ་མཚན་རྣམས་བསམ་ནས། ཡུལ་དུ་སོང་བས་ཅི་བྱེད། དེ་འདྲ་བྱ་བ་དགོས་པ་མི་འདུག ད་ནི་སྤྱིར་མདོ་ཁམས་ཀྱི་ཕྱོགས་དང་། ཁྱད་པར་རང་ཡུལ་དུ་འགྲོ་བར་མི་བྱ་སྙམ་པའི་དགོངས་པ་ཤུགས་དྲག་འཁྲུངས། ཚེ་གཅིག་ལ་ཚུར་མི་འབྱོན་པ་དང་། ཉེ་འབྲེལ་སོགས་ལ་མི་ཞེན་པའི་ཐུགས་ཐག་ཆོད་པར་གྱུར། ཡུམ་ལ་རྗེ་རང་གི་སྐུ་བརྙན་སོགས་བསྐུར་གནང་མཛད་དོ།།”⒃ཞེས་བྱུང་། 
             རྗེ་རིན་པོ་ཆེ་དགུང་ལོ་ཉེར་གཉིས་པའི་དཔྱིད་(སྤྱི་ལོ་1378ལོ་)ཐང་རྟེན་དང་མཆོད་རྫས་རྣམས་མདོ་སྨད་དུ་བསྐུར་བ་དང་། (སྤྱི་ལོ་1379ལོ་)རབ་ཕྱོགས་ཉི་མ་ཆུ་ལུག་ལོའི་སྟོན་གྱི་དུས་སུ་ལན་སྐྱེལ་བ་རྗེ་དཔོན་གྲགས་པ་རྒྱལ་མཚན་སྐུ་འབུམ་བྱམས་པ་གླིང་དུ་འབྱོར་ནས་སྐུ་རྟེན་རྣམས་ཡུམ་གྱི་ཕྱག་ཏུ་གཏད། སྐབས་དེར་སྐུ་འབུམ་ཚོ་པ་ལྔའི་ཁྲོད་ནང་སོ་ཚོ་པས་གཙོ་བྱས་པའི་སྦྱིན་བདག་རྣམས་ཀྱིས་རྗེ་རིན་པོ་ཆེའི་འཁྲུངས་ཡུལ། ཙོང་ཁའི་ལྟེ་གནས་འདིར་དགོན་སྡེ་ཞིག་ཚུགས་ན་འཕྲལ་ཕུག་ལེགས་ཚུལ་ལ་དགོངས་ནས་དགོན་པ་འདེབས་པའི་སྟ་གོན་བྱེད་པའི་སྒང་ལ་རྟེན་འབྲེལ་ལྷ་ཡིས་བསྒྲིགས་ནས། རྗེ་རིན་པོ་ཆེའི་ནང་རྟེན་ལ་གནང་བའི་སྐུ་རྟེན་མཆོད་རྫས་རྣམས་འབྱོར་བར་མ་ཟད། རྒྱལ་དབང་བསོད་ནམས་རྒྱ་མཚོ་ཐུ་མིད་ཨལ་ཐན་རྒྱལ་པོ་ཡབ་སྲས་ཀྱིས་གདན་དྲངས་པར་ཕེབས་པའི་ལམ་བར་དང་ཡང་འཕྲད་པས། ཞིང་སྐྱོང་ནང་སོ་དཔོན་པོས་གདན་དྲངས་པ་བཞིན་སྐུ་འབུམ་བྱམས་པ་གླིང་འདིར་ཞབས་ཀྱི་པདྨོ་རྣམ་པར་བཀོད་ལ། ཐོག་མར་ས་འདུལ་དང་གནས་ལ་བྱིན་ཆེན་དངོས་སུ་ཕབ་པའི་བཀའ་དྲིན་བསྐྱངས། ཉིད་ཀྱི་བཀའ་བཞིན་གཟིམས་ཁང་ཆུང་བ་ལྷས་སྐོར་གཅིག་གསར་སྐྲུན་བྱས་པའི་ནང་དུ་ཉིན་ཁ་ཤས་ཀྱི་རིང་ལ་སྐུ་མཚམས་བསྡམས། དེ་བཞིན་སྐུ་འབུམ་བྱམས་པ་གླིང་འདི་འདེབས་པའི་དབུ་ཚུགས་ཏེ་མ་ཡུམ་ལ་བསྐུར་བའི་སྐུ་རྟེན་ཞལ་ཐང་ཀླུ་རྒྱ་འོག་མའི་བཙན་ཁང་གི་ནང་རྟེན་དུ་གསོལ་བ་དང་། རྒྱལ་བ་སེངྒེའི་ང་རོའི་སྐུ་བརྙན་རྣམ་གྲངས་འབུམ་དུ་དཔར་ནས་ཙནྡན་རང་བྱུང་དང་བཅས་པ་གོས་ཀྱིས་བྲིས་ནས་དེང་སང་གསེར་སྡོང་ཆེན་མོར་འབོད་པ་འདིའི་སྲོག་ཤིང་དུ་བཞུགས་སུ་གསོལ་བ་ཡིན།
             དེས་ན་རྗེ་དཔོན་གྲགས་པ་རྒྱལ་མཚན་མངགས་ནས་རྗེ་རང་གི་མ་ཡུམ་ལ་གནང་བའི་སྐུ་རྟེན་དང་། ཚོང་དཔོན་ནོར་བུ་བཟང་པོ་མངགས་ནས་ཁྭ་ཏི་ཁར་གནང་བའི་སྐུ་རྟེན་གང་ཡིན་རུང་། རང་གི་མ་ཡུམ་གྱི་དབུགས་འབྱུང་དང་སེམས་ཁམས་གསོ་བའི་དགོས་པ་དང་ཕན་ཡོན་དེ་ཙམ་མ་ཡིན་པར། རྟེན་དེ་གཉིས་ཀ་ད་ལྟའི་བར་དུ་མདོ་སྨད་དགོན་ཆེན་དག་གི་རྟེན་གྱི་གཙོ་བོར་གྱུར་ཡོད་ལ། རྗེ་འདི་ཉིད་ཀྱིས་བསྟན་འགྲོས་འཕྲིན་ལས་རླབས་པོ་ཆེ་རྒྱ་ཆེར་དར་ཞིང་འཕེལ་བའི་སེམས་ཀྱི་འདུན་པ་དང་རིག་གནས་ཀྱི་སྙིང་སྟོབས་མཚོན་ཡོད་པ་ཡིན།
             2.བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་པའི་དོན་དུ་རྒྱ་གར་དུ་སློབ་གཉེར་ལ་མ་བྱོན་པ། སྤྱིར་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་མཐོ་དམན་ངོ་སོ། བདེ་སྐྱིད་ལོངས་སྤྱོད་ཀྱི་སྣང་བ་ཀུན་མི་རྟག་ཅིང་ཕུགས་སུ་ཕན་པ་ཆུང་བར་གཟིགས་ནས། དེ་ལ་མི་ཞེན་ཞིང་མི་ཚེ་གཅིག་ལ་བོད་ཡུལ་གྱི་བསྟན་པ་དག་པར་གསོ་བའི་ཕྱིར་རྒྱ་གར་ལ་སློབ་གཉེར་དུ་མི་འབྱོན་པའི་ཐུགས་ཐག་བཅད་ནས།དགུང་ལོ་སོ་དྲུག་པ་ལོན་པའི་དགུན་གྱི་སྟོན་ཟླ་བཅུ་པ་ལ།སྔགས་ཕྱོགས་ལ་མཁས་པའི་འཁོར་རྣམ་བརྒྱད་ཁྲིད་དེ་དབེན་གནས་འབྱོན་པའི་ཆེད་དུ་སྐྱོར་མོ་ལུང་ནས་ཕྱག་བཏེགས་ཏེ་དབུས་ཀྱི་གཞུང་ཆུ་བརྒལ་ནས་འོལ་ཁ་ཆོས་ལུང་གི་རི་ཁྲོད་དུ་ཕེབས། འཁོར་རྣམ་བརྒྱད་དང་བཅས་པ་དད་བརྩོན་དང་དཀའ་ཐུབ་ལ་ཐུགས་བཞེད་ཆེ་བས། བཟའ་བཏུང་གཞན་མ་བཞེས་པར་ཤུག་འབྲུ་ཅུང་ཟད་ལ་བརྟེན་ནས་སྒོམ་སྒྲུབ་དཀའ་ཐུབ་མཛད།
             “སྐབས་འདིར་རྗེ་རིན་པོ་ཆེས། ད་ལྟ་བོད་དུ་ཡོད་པའི་བཀའ་བསྟན་བཅོས་མན་ངག་རྣམས་ལས་མ་ཐོས་པ་རྣམས་ཉན་ཚར་ནས། ཟབ་མོ་ལྟ་བའི་སྐོར་ལ་སྒྲོ་འདོགས་གཅོད་པ་དང་། དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་གསང་འདུས་དང་བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་བྱོན་ནས་ཨོ་ཏནྟ་པཱུ་རི་དང་ན་ལེནྡྲ་སོགས་སུ་བྱིན་ཏེ་སློབ་དཔོན་ཀླུ་བྱང་སོགས་ལ་གཏུགས་པར་དགོངས་ཏེ།་་་་་་། དགོས་དོན་འགའ་ཞིག་དྲི་བའི་ཆེད་དུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་པ་འཕྲིན་ཡིག་ཕུལ།་་་་་་། དེའི་སང་ཉིན་རྗེ་རིན་པོ་ཆེའི་གསུང་ཡིག་སླེབས།་་་་་་། ཕྱི་ཉིན་ཅིག་རྗེ་འདིས་གྲུབ་ཆེན་པ་ལ། བདག་གིས་ལྟ་བའི་སྐོར་གྱི་ཐེ་ཚོམ་སེལ་བ་སོགས་ཀྱི་ཆེད་དུ་རྒྱ་གར་དུ་འགྲོ་འདོད་ཡོད། དེ་ལ་བགེགས་མེད་པར་འགྲུབ་བམ་ཞེས་པ་ལ། གྲུབ་ཆེན་གྱིས་ཕྱག་ན་རྡོ་རྗེ་ལ་ཞུས་ནས་ལན་གསུང་བ་ནི། ལྟ་བའི་གནད་རྣམས་བདག་གིས་ཡིད་དམ་ལ་ཞུ་ཡི། རྒྱ་གར་དུ་བྱོན་ན་ཤིང་གི་རི་ལ་མི་ཏྲ་ཛོ་ཀི་བཞུགས་པས་དེ་ལ་མཇལ་བ་སོགས་ངོ་མཚར་བ་འོང་ཞིང་། རིགས་གནས་བཅོ་བརྒྱད་ལ་མཁས་པའི་པཎྜི་ཏ་ཆེན་མོར་འགྱུར་ཏེ། རྡོ་རྗེ་གདན་གྱི་ཁྲིར་བཞུགས་པའི་མཁན་པོ་མཛད་པ་འོང་ནའང་། སྐུ་ཚེ་ཐུང་ཞིང་བོད་དུ་མི་འབྱོན་པར་འདུག ཁྱེད་ཀྱིས་འཁོར་འདི་རྣམས་ཀྱང་ཚོགས་ལམ་པ་དང་སྦྱོར་ལམ་པ་ཡིན་པར་འདུག་པས། ཡུལ་དེའི་ཚ་བ་མ་ཐེག་པར་ཚེ་ལ་གེགས་སུ་འགྱུར། དེ་བས་བོད་དུ་བཞུགས་ནས་འཇམ་པའི་དབྱངས་ལ་གསོལ་བ་བཏབས་ན་འཕྲལ་དུ་རྗེས་སུ་འཛིན་པ་འོང་ཞིང་བསྟན་པ་ལ་ཕན་ཐོགས་ཆེན་པོ་འབྱུང་ཞེས་གསུངས་པས། རྗེ་རང་ཡང་དེ་ལྟར་དུ་འགྱུར་བ་དགོངས་ནས་ཕེབས་པ་བཤོལ་ལོ།།”⒄ཞེས་བྱུང་།
             དེས་ན་རྗེ་འདི་ཉིད་རྒྱ་གར་དུ་འབྱོན་པའི་དབང་དུ་བྱས་ན། ཤིང་གི་རི་ལ་མི་ཏྲ་ཛོ་ཀི་བཞུགས་པས་དེ་ལ་མཇལ་བ་སོགས་ངོ་མཚར་བ་འོང་ཞིང་། རིག་གནས་བཅོ་བརྒྱད་ལ་མཁས་པའི་པཎྜི་ཏ་ཆེན་མོར་འགྱུར་ཏེ། རྡོ་རྗེ་གདན་གྱི་ཁྲིར་བཞུགས་པའི་མཁན་པོ་མཛད་པ་སོགས་མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བ་ཞིག་འོང་བ་ཐེ་ཚོམ་མེད་ནའང་། རྒྱ་ནག་ཐང་ཟིན་བླ་མ་ལྟ་བུའི་སྡེ་སྣོད་གསུམ་གྱི་ལོ་ཙཱ་བ་ཆེན་པོ་ཞིག་ཏུ་འགྱུར་བ་མ་གཏོགས། ཞྭ་སེར་བསྟན་པའི་བདག་པོར་འགྱུར་མི་སྲིད་པས་བསྟན་འགྲོ་ལ་ཕན་པ་ཆུང་བར་གཟིགས་ནས། མི་ཚེ་འདིར་རྒྱ་གར་འཕགས་པའི་ཡུལ་དུ་སློབ་གཉེར་དུ་མི་འགྲོ་བའི་ཐུགས་ཐག་བཅད་ནས་ཕྱིར་ལོག་པ་ཡིན་གྱི། གཞན་ཡང་ལམ་ཐག་རིང་ཞིང་དཀའ་བ་མང་པོར་ཞེད་པ་དང་། དུས་འགྱངས་ཆེ་བས་སྐུ་ཚེས་མི་ཐུབ་པས་བོད་ལ་ཕྱིར་མི་འབྱོན་པ་དང་། འཁོར་དེ་རྣམས་ཡུལ་དེའི་ཚ་བ་མ་ཐེག་པར་ཚེ་ལ་གེགས་སུ་འགྱུར་བ་སོགས་ལ་བཤོལ་བ་ནི་གཏན་ནས་མིན།
             3.བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་པའི་དོན་དུ་གོང་མའི་དབུ་བླར་མ་ཕེབས་པ། གོང་མའི་ཏི་ཤྲི་ལྟ་བུའི་ཐོབ་ཐང་གོ་ས་དང་། མཚན་དང་སྙན་གྲགས་ཀུན་མི་རྟག་ཅིང་ཕུགས་སུ་ཕན་པ་ཆུང་བར་གཟིགས་ནས། གོང་མའི་དབུ་བླ་སོགས་མཐོན་པོའི་ཁྲི་ལ་མི་ཞེན་ཞིང་མི་ཚེ་གཅིག་ལ་རྒྱལ་ནང་དུ་མི་འབྱོན་པའི་ཐུགས་ཐག་བཅད་ནས། གོང་མའི་ཕོ་ཉ་རྣམས་ལ་ཉམས་ཆུང་གི་ཐབས་ཀྱིས་གཡོལ་ཞིང་འཇམ་པའི་ངག་གིས་བསྒོས་ཏེ་འགྲོ་སུ་མ་གནང་ཞིང་། བྱམས་ཆེན་ཆོས་རྗེ་རང་ཚབ་ཏུ་མངགས་ནས་རྒྱལ་ནང་དུ་བསྟན་འགྲོའི་འཕྲིན་ལས་སྤེལ་ཞིང་། རང་ནས་བློ་སེམས་རྩེ་གཅིག་གིས་བོད་ཁམས་སུ་བསྟན་འགྲོའི་འཕྲིན་ལས་རྒྱ་ཆེར་མཛད།“
             དེ་ཚེ་རྒྱ་ནག་གི་རྒྱལ་པོ་ཆེན་པོ་ཏཱ་མིང་གིས་བླ་མ་འདི་ལ་དད་པ་ཆེན་པོས་ལུང་དང་གནང་སྦྱིན་དཔག་ཏུ་མེད་པའི་འབུལ་སྐྱེས་དང་། རྒྱ་ཡུལ་དུ་བསོད་ནམས་ཀྱི་ཞིང་དང་། སྐྱེ་བོ་མཐའ་དག་ལ་དད་པའི་ཆོས་ཀྱིས་བཀའ་དྲིན་མཛད་པའི་སླད་དུ་སྤྱན་འདྲེན་པའི་གསོལ་བ་ནན་ཆེར་འདེབས་པ་ལ། གསེར་ཡིག་པ་ཏཱ་ཞིང་བཞིས་མགོ་བྱས་བརྒྱ་ཕྲག་མང་པོ་མངགས་བྱུང་བ་ལ། དང་པོ་ཅུང་ཟད་དབེན་པ་འདྲར་མངོན་ཆུང་བར་བཞུགས་ཏེ། གསེར་ཡིག་པ་རྣམས་མཇལ་དུ་མ་གནང་། རྗེས་སུ་མི་དབང་གྲགས་པ་རྒྱལ་མཚན་པས་གཙོ་མཛད། དཔོན་ནམ་མཁའ་བཟང་པོ་དང་བཅས་པ་ངོ་ཆེན་ལ་སྦྲན་ནས། གསེར་ཡིག་པ་རྣམས་མཆི་མ་བྱུང་ཞིང་། ཞུ་བ་ནན་གྱིས་ཕུལ་བས་སེ་རར་ཕེབས། མཇལ་ཁ་གནང་། འབུལ་བ་རྣམས་བཞེས། རྒྱ་ཡུལ་དུ་འབྱོན་པ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་རྒྱུ་མཚན་དང་བཅས་པའི་ཞལ་ཏ་ནན་ཅན་ཞིབ་པར་བྱོན་ནས། སྤྱན་མ་འདྲོངས་པར་གསེར་ཡིག་པ་རྣམས་ཕྱིར་ལ་ཐེགས་”⒅ཞེས་བྱུང་།
             རྗེ་རིན་པོ་ཆེས་རྒྱ་ནག་གོང་མའི་དབུ་བླར་གདན་དྲངས་པ་ན། ས་ཐག་རིང་ཞིང་སྐུ་ལུས་ཀྱིས་མི་ཐེག་པ་སོགས་དགག་རྐྱེན་མང་དུ་གསུངས་པ་ནི་ཐབས་མཁས་ཀྱི་ལས་ཡིན་ལ། སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་ཁ་བ་ཅན་གྱི་བསྟན་འགྲོ་ལ་ཕན་ཆེར་མི་ཐོགས་པ་ནི་རྒྱུ་མཚན་གཙོ་བོ་དང་ཉིང་དགོས་ཡིན། དེས་ན་དགོས་པ་ཆུང་བའི་རྒྱུ་མཚན་ལ་དམིགས་ནས་ཏཱ་མིང་རྒྱལ་པོ་ལ་ཕུལ་བའི་ཡི་གེ་རྟེན་དང་བཅས་པ་སྤྲད་པས། ཕོ་ཉ་རྣམས་ཟླ་བ་དྲུག་པའི་ཚེས་བཅུ་དགུ་ལ་ཕྱིར་བརྫངས། རྗེ་འདི་ཉིད་གོང་མའི་དབུ་བླ་དང་མཐོན་པོའི་ཁྲི་སོགས་ཐོབ་གོ་ས་དང་། མཚན་སྙན་གྲགས་ལ་མི་ཞེན་པར། བོད་དུ་བཞུགས་ན་བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་ནས་བོད་སོག་རྒྱ་ནག་སོགས་ཀུན་ལ་ཕན་ཐོགས་ཆེན་པོ་འབྱུང་བའི་འཕྲིན་ལས་ཀྱི་འཕྲལ་ཕུགས་གཟིགས་པ་ཡིན་ནོ།།
             4.བསྟན་པ་ཡུན་རིང་དུ་དར་ཞིང་རྒྱས་པའི་དོན་དུ་ཆོས་འཚོག་དང་གདན་ས་བཞེངས་པ། འཁོར་བའི་འཆིང་ཐག་རྒྱུ་ནོར་ལོངས་སྤྱོད་ནི་རྩྭ་མགོའི་བསིལ་བ་ཇི་བཞིན་དང་། ཡུལ་གཞིས་གཉེན་ཚན་སོགས་ནི་ཚོང་འདུས་འགྲོན་པོ་ཇི་བཞིན་མི་རྟག་སྒྱུ་མའི་འཕྲུལ་ཡིན་པའི་གནས་ལུགས་ཀྱི་མཐིལ་རྟོགས་ནས། སྔ་ཕྱིར་རྫོང་ཕྱིའི་བྱམས་པ་ཞིག་གསོ་དང་གཉལ་གྱི་ལུང་ར་ཆེན་མོ་བཙུགས་པ་དང་། ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་པ། དགའ་ལྡན་སྔགས་གྲྭ་བཙུགས་པ་སོགས་ལ་གསེར་དངུལ་དང་རིན་པོ་ཆེ་སྣ་ཚོགས་གང་ཡོད་མ་ལུས་འཕངས་མེད་དུ་གཏད་དེ། བསྟན་པར་ཞབས་ཏོག་སྒྲུབ་པའི་མཛད་ཆེན་བཞིར་འབོད་པ་རྣམས་བསྒྲུབས་ནས་བསྟན་འགྲོའི་འཕྲིན་ལས་རྒྱ་ཆེན་པོ་མཛད་དོ།།
             གཞན་ཡང་དེ་སྔ་རྫོང་ཕྱིའི་བྱམས་པ་ཞིག་གསོ་དང་གཉལ་གྱི་ལུང་ར་ཆེན་མོ་བཙུགས་པ་དང་། ལྷ་སའི་སྨོན་ལམ་ཆེན་མོ་དང་དགའ་ལྡན་སྔགས་གྲྭ་བཙུགས་པ་སོགས་བསྟན་པར་ཞབས་ཏོག་སྒྲུབ་པའི་མཛད་ཆེན་བཞིར་འབོད་པ་དེ་ལས། དགུང་ལོ་ང་གསུམ་བཞེས་པའི་ས་གླང་ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་དུས་ཆེན་གྱི་མཆོད་པ་དངོས་མཛད་པ་ཡིན་ནོ།། “དེ་ལྟར་མཛད་པས་རྗེའི་ཐུགས་རྗེ་དང་བསོད་ནམས་ཀྱི་སྟོབས་ཀྱིས་མདོ་ཁམས་དབུས་སོགས་ཀྱི་དད་ལྡན་རྣམས་ཀྱི་འབུལ་བ་མཐའ་ཡས་པ་བྱུང་། དཔོན་སློབ་རང་ལའང་སྨོན་ལམ་གྱི་ཐུགས་འདུན་མཛད་ཕྱིན་ཆད་ཕྱག་ཏུ་ཡོ་བྱད་ཅི་བྱུང་ཕལ་ཆེར་སྨོན་ལམ་གྱི་ཕྱོགས་སུ་བསྔོས་ཏེ་བཞག གྲུམ་པོ་ལུང་ནས་ཕྱག་མི་འདེགས་སའི་གོང་དུ་ལྷ་སར་སློབ་མ་རྣམས་བཏང་ནས་ལྷ་བཟོ་བ་མང་དུ་བསགས། ཚོན་རྩི་དང་གསེར་ཤོག་སོགས་ཀྱང་མཐའ་ཡས་པ་བྱུང་བས། ལྷ་ཁང་གི་ལྡེབ་རིས་དང་།བྲིས་སྐུ། འབུར་སྐུ་སོགས་གོག་པ་ཐམས་ཅད་དང་། ལྷ་སྐུ་འགའ་ཞིག་གི་མདོག་ཀྱང་ངེས་དཀའ་བར་གྱུར་བ་རྣམས་ལ་དྲི་བཟང་གི་ཆུ་སོགས་ཀྱིས་བཀྲུས། སྐྱོན་དུ་མི་འགྱུར་བའི་རྫས་ཀྱིས་ཕྱིས་ནས་དག་པར་བྱས། ཚོན་བཟང་རྣམས་ཀྱིས་ལེགས་པར་གསོས། གསེར་ཤོག་དང་གསེར་དུལ་མ་སོགས་ཀྱིས་ལེགས་པར་སྤྲས་ཏེ་གསར་དུ་བཞེངས་པ་ལྟར་མཛད།ཡང་བཟོ་རིགས་མང་དུ་བསགས་ནས་དད་འབུལ་གྱི་གོས་དར་རྣམས་ཀྱིས་སྐུ་གཟུགས་ཀྱི་ན་བཟའ་དང་། བ་དན།རྒྱལ་མཚན། གདུགས་སོགས་ལྷ་ཁང་གི་ཕྱི་ནང་དུ་བརྒྱན་པའི་རྒྱན་གྱི་རིགས་དང་། མཆོད་པའི་རིགས། ཇོ་བོ་ལ་འབུལ་རྒྱུ་གསེར་བཟང་པོས་བྱས་པའི་དབུ་རྒྱུན་ལྔའི་དབུས་སུ་རིགས་ལྔའི་སྐུ་འབུར་དུ་བཏོད་པ་དང་། མཐར་རིན་པོ་ཆེ་ནལ་དང་། མུ་ཏིག གཡུ་སོགས་ཀྱི་ཕྲ་བཀོད་པས་མཛེས་པར་བྱས་པ་དར་དཔྱངས་བཅས་དང་། ཚེ་ཚད་དུ་ལོངས་པའི་དངུལ་གྱི་ལྷུང་བཟེད། དེའི་ཁལ་འཚམ་པའི་དངུལ་གྱི་མཎྜལ། ཇོ་བོ་མི་བསྐྱོད་པ་དང་བཅུ་གཅིག་ཞལ་ལ་འབུལ་རྒྱུ་དངུལ་བཟང་པོ་ལས་བྱས་པའི་དབུ་རྒྱན་རྣམ་གཉིས། ཇོ་བོ་གཉིས་དང་ཐུགས་རྗེ་ཆེན་པོ་ལ་གསོལ་རྒྱུའི་གསེར་ཆབ་སོགས་གང་དགོས་རྣམས་ལྟ་གོན་མཛད་དོ།།”⒆ཞེས་བྱུང་།
             རྗེ་འདིས་མི་ཚེ་གཅིག་ལ་བོད་ཁམས་སུ་རྟེན་བཞེངས་མཛད་པའི་དགོན་གྲྭ་དང་སྲོལ་དུ་བཙུགས་པའི་ཆོས་ཚོགས།མདོ་སྔགས་ཟུང་དུ་འབྲེལ་བའི་ཉམས་ལེན། དག་པར་བཅོས་པའི་ཚུལ་ཁྲིམས་དང་ཕྱག་སྲོལ། ནར་མོའི་ཆོས་སྤྱོད་དང་ཁྲིད་རྒྱུན་རྣམས། སྲས་གཙང་སྲས་ཀྱིས་བསྟན་པའི་ཆོས་རྒྱུན་གཙང་མ་དེ། ཏི་སེའི་གངས་ལས་བབས་པའི་ཆབ་རྒྱུན་གཙང་མ་བཞིན་ཆད་པ་དང་བྲི་བ་བྲལ་ནས། ད་ལྟའི་དུས་དང་བསྐལ་པའི་མཐའ་བར་དུ་ཡུན་གྱིས་འབབས་པ་འདི་ནི་རྗེ་རིན་པོ་ཆེའི་བཀའ་དྲིན་དང་བོད་ཁམས་སྐྱེ་འགྲོ་རྣམས་ཀྱིས་བསོད་ནམས་ཡིན་ནོ།།
             དྲུག ཀུན་ཀྱང་བསྟན་པ་རྒྱས་པར་བསྔོས་ནས་དགེ་ལྡན་གྲུབ་མཐའི་སྲོལ་ཕྱེས་པ།
             མཁས་གྲུབ་རྗེའི་རྣམ་ཐར་དུ་གསུངས་པ་འདི་དག་ལྟར་ན། རྗེ་རིན་པོ་ཆེ་མདོ་སྔགས་ཟུང་དུ་འབྲེལ་བའི་དགེ་ལྡན་རིང་ལུགས་པའི་ཤིང་རྟའི་སྲོལ་འབྱེད་དུ་གྱུར་བ་དང་།ཡོན་ཏན་ཕུལ་དུ་བྱུང་བས་ཀུན་གྱི་གཙུག་རྒྱན་དུ་གྱུར་པའི་ཁྱད་ཆོས་གཙོ་བོ་ནི། བསྟན་འགྲོ་ལ་ཕན་བཏགས་པའི་མཛད་ཆེན་འདི་གསུམ་ཡིན་ཏེ། རིག་གནས་ཀྱི་སྙིང་སྟོབས་དང་སྐྱེས་སྦྱངས་ཀྱི་ཤེས་རབ་ལ་བརྟེན་ནས་མཁས་པའི་ཕ་རོལ་དུ་ཕྱིན་པ་དང་། རྟོགས་པ་ཕུལ་དུ་བྱུང་བ། འདུལ་བ་དང་མདོ་དང་སྔགས་ཀྱི་ཆོས་དག་པར་མཛད་པ། སྔ་རབས་པ་དག་གི་སློབ་གཉེར་གྱི་ཚུལ་དང་། སྔགས་དག་གི་གཙང་སྤྱོད། དགོན་པ་དག་གི་ནར་མའི་སྤྱོད་ཚུལ་རྣམས་རྗེ་འདིས་འདུལ་བའི་ལུགས་ལ་དག་པར་གཙུད་པ་དང་། བསྟན་པ་རིན་པོ་ཆེ་གསོ་བར་ངལ་བ་བརྒྱ་ཕྲག་ཁུར་དུ་བཞེས་པ་སོགས། རྣམ་དཀར་གྱི་མཛད་འཕྲིན་འདི་དག་བློ་ལྡན་དག་གིས་ཞིབ་ཏུ་དཔྱད་ན་རྗེ་འདིའི་ཡོན་ཏན་གྱི་ཁྱད་པར་ཡིན་པ་ཤེས་པར་འགྱུར་རོ།། སྤྱིར་རྗེ་རིན་པོ་ཆེས་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་པ་དང་། གཉལ་གྱི་ལུང་ར་ཆེན་མོའི་ཚོགས་བཙུགས་པ། ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་པ། དགའ་ལྡན་དུ་སྔགས་གྲྭ་བཙུགས་པ་སྟེ་བཞི་ལ་བསྟན་པ་ལ་ཕན་པའི་མཛད་ཆེན་བཞི་ཞེས་གྲགས་ལ། རྗེ་རང་ཉིད་ཀྱི་རྟོགས་བརྗོད་འདུན་ལེགས་མར། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།། ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོས།། ཞེས་ཁྱད་པར་བཞི་རུ་གསུངས་པ་འདི་རྣམ་པར་རྟོགས་ནས། རྗེ་བླ་མ་ལ་སྙིང་ནས་དད་གུས་ཀྱི་མགོན་སྐྱབས་སུ་བསྟེན་པ་དང་། རང་ཉིད་ཀྱི་ཐོས་བསམ་བསྒོམ་པ་ཇི་ལྟར་བྱ་ཚུལ་སོགས་ཤེས་ནས་རྗེ་བླ་མའི་རྗེས་སུ་འབྲང་བ་ནི། རྣམ་ཐར་ཤེས་པའི་དགོས་པ་ཡིན་ནོ།།⒇ཞེས་བྱུང་།
             དེ་ཡང་རང་གི་སློབ་བུ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་སྤྱི་སྡོམ་བྱས་པ་བཞིན། གཞན་ཡང་བདག་ཅག་གི་རྗེ་བླ་མ་འདི་ནི། སྔོན་དུ་ལེགས་པར་སྤྱད་པ་རྒྱུའི་སྟོབས་བསམ་གྱིས་མི་ཁྱབ་པ་ཞིག་ལ་གོམས་པར་མཛད་པའི་སྟོབས་ཀྱིས། སྐུ་ཚེ་འདི་ཉིད་ལ་ཆོས་དང་མཐུན་པའི་འཚོག་ཆོས་ཀྱིས་ཅུང་ཟད་ཀྱང་བྲལ་བར་མི་འགྱུར་བ་ལྟ་ཞོག་གི་གངས་དང་། རི་སུལ་དང་། བས་མཐའ་དང་། དགོན་པའི་གནས་དག་ཏུ་གཅིག་ཏུ་དབེན་པ་ལ་ཐུགས་གཞོལ་བའི་ཚེ་ཡང་།དབུས་གཙང་མདོ་ཁམས་རྒྱ་ནག་ཁ་ཆེ་ཚུན་ཆད་ཀྱི་འབྱོར་བའི་ཁྱད་པར་སྨད་དུ་བྱུང་བ་དང་། ཉེ་བར་མཁོ་ཞིང་རྐྱེན་དུ་བབས་པའི་ཡོ་བྱད་ཀྱི་ཁྱད་པར་གང་ཅི་ཡང་རུང་བ་དག་ཐམས་ཅད། དད་པའི་ཤུགས་ཀྱིས་ཡིད་ཀྱི་བརྟན་པ་ཉམས་པའི་སྐྱེ་བོ་མཆོག་དང་གཙོ་བོ་དང་དམན་པ་དང་བར་མ་དག་གིས་དམ་པ་འདིའི་བསོད་ནམས་ཀྱི་ཞིང་ལ་དགེ་བའི་ལོ་ཏོག་བསྐྲུན་པའི་སླད་དུ། རྒྱུན་མི་འཆད་པར་སྤྱན་ལམ་དུ་བབ་པར་ཉེ་བར་འགོད་པ་དང་། མཆོད་ཅིང་བསྙེན་བཀུར་བའི་ཚུལ་ལ་ནི་སུས་ཀྱང་ཚད་བཟུང་བར་མི་ནུས་ཤིང་།གྲངས་སུ་བརྩི་བར་མི་ནུས་ལ། སྔོན་ཆད་བོད་ཀྱི་དགེ་བའི་བཤེས་གཉེན་ཕྱོགས་ཆེན་པོ་ཅན། གྲགས་པའི་བ་དན་གྱིས་མཛེས་པ་སུ་ལའང་དེ་ལྟ་བུ་བྱུང་བའི་གཏམ་བརྗོད་པ་མེད་དོ།། དེ་ལྟ་ནའང་དེ་དག་ཐམས་ཅད། རྒྱལ་པོ་དང་གཙོ་བོ་དང་། མི་དཔོན་དང་། སྐྱེས་པ་དང་། བུད་མེད་སོགས་ཀྱི་ངོར་བལྟ་བ་དང་། ལན་ལ་རེ་བ་སོགས་ཀྱི་ཆེད་དུ་ཟང་ཟིང་གི་འདུ་འགོད་ལྷུར་ལེན་པས་དད་པས་བྱིན་པ་ཆུད་གཟོན་པར་བྱེད་པ་ལྟ་ཅི་སྨོས་ཀྱི། བདག་ཉིད་ཡོངས་སུ་འཛིན་པའི་དྲི་ཙམ་ཡང་མི་མངའ་བར་བསྟན་པ་འབའ་ཞིག་ལ་དགོངས་པའི་ཐུགས་ཀྱིས་གདུལ་བྱ་མཐའ་ཡས་པ་དག་ལ་ཚད་བཟུང་མི་ནུས་པར། སྦྱིན་པའི་སྐྱོན་ཐམས་ཅད་དང་བྲལ་བར་གཏོང་བ་ལྷུར་མཛད་པས་བསྡུ་བའི་དངོས་པོ་བཞིའི་སྒོ་ནས་གདུལ་བྱ་མཐའ་དག་རང་རང་གི་སྐལ་བ་དང་འཚམ་པར་སྨིན་ཅིང་གྲོལ་བར་མཛད་ལ། གཞན་ཡང་གཙུག་ལག་ཁང་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། དཀོན་མཆོག་གསུམ་གྱི་མཆོད་པ་དང་། བླ་མ་གོང་མ་དག་གི་འདས་མཆོད་ནར་མ་དང་། དེ་བཞིན་གཤེགས་པའི་དུས་མཆོད་ཆེན་པོ་བཞི་ལ་སོགས་པའི་མཆོད་པ་ནར་མ་དང་། ཀློག་པ་དང་སྒྲུབ་པ་ལྷུར་ལེན་པ་བརྒྱ་སྟོང་ཕྲག་མང་པོ་ཞིག་གི་འཚོ་བའི་ཡོ་བྱད་དུ་གཏོང་བ་ལ་སོགས་པའི་ཚུལ་བསམ་པར་མི་ནུས་ཏེ། དེའི་ཕྱིར་དམ་པ་འདི་ཉིད་ཀྱི་སྐུ་ཚེ་ཧྲིལ་པོ་ལ། ཡོ་བྱད་འདི་འདྲ་བ་ཞིག་ལ་ཐུགས་ཀུན་ཏུ་ཆགས་པར་གྱུར་ཏེ་ཞེས་བྱ་བའམ། ནས་འབྲུ་གཅིག་ཡན་ཆད་ཀྱི་བསྐྱེད་བདག་གིར་མཛད་དོ་ཞེས་བྱ་བའམ། བདག་ཉིད་ཀྱི་འཚོ་བའམ་ཡོ་བྱད་ཀྱི་སླད་དུ་ཞིང་བྲེ་གང་གི་ས་ཙམ་ཡང་བདག་གིར་མཛད་དོ་ཞེས་གླེང་བའི་སྐབས་ཅུང་ཟད་ཀྱང་མེད་པས་ཚུལ་མ་ཡིན་པའི་ལས་ཀྱི་མཐའ་ཐམས་ཅད་ཐོག་མ་ཉིད་ནས་རང་གི་ངང་གིས་སྤངས་པ་ཞིག་སྟེ། འདི་ནི་འདིའི་རྣམ་པར་ཐར་བ་ཆ་ཕྲ་མོ་ཞིག་ཡིན་མོད་ཀྱི། དེ་ལྟ་ན་ཡང་གངས་རིའི་ཁྲོད་ཀྱི་ཆེན་པོ་དུ་མ་ཞིག་གི་རྣམ་པར་ཐར་བས་འདི་ཙམ་ལ་ཡང་བསྒྲུན་པར་བཟོད་པ་མ་ཡིན་ནོ།།(21)ཞེས་བྱུང་།
             མཆན་འགྲེལ།
             ①གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་2པ། P37
             ② 甘州今名为张掖,附近肃南县的裕固族古名萨利霍尔,裕固语中萨利为黄色,有马蹄寺等佛教遗存。
             ③ 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P16
             ④ 《资治通鉴》卷219)。
             ⑤ 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P225
             ⑥ 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P226
             ⑦ 《བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པའི་ལོ་རྒྱུས་ཐོར་བུ་སྐལ་བཟང་དད་པའི་མཆོད་སྤྲིན》 ཁྭ་ཏི་ཁའི་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་། སྤྱི་ལོ་2013ལོའི་ཟླ་3པ། P36-41
             ⑧ 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P226
             ⑨ 《བྱང་བླ་མ་ཆོས་ཀྱི་རྒྱལ་པོའི་གདན་ས་ཁྭ་ཏི་ཁའི་དགོན་པའི་ལོ་རྒྱུས་ཐོར་བུ་སྐལ་བཟང་དད་པའི་མཆོད་སྤྲིན》 ཁྭ་ཏི་ཁའི་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་། སྤྱི་ལོ་2013ལོའི་ཟླ་3པ། P42
             ⑩ 《སྦྲང་ཆར》 སྤྱི་ལོ་1985ལོའི་དེབ་གྲངས་ཨང་གཉིས་པ།
             ⑾ 《མདོ་སྨད་ཆོས་འབྱུང》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P226
             ⑿ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་2པ། P37 P43
             ⒀ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ། 《སྐུ་འབུམ་བྱམས་པ་གླིང་གི་གདན་རབས་དོན་ལྡན་ཚངས་པའི་དབྱངས་སྙན》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་2པ། P392
             ⒁ ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། 《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2011ལོ། P63
             ⒂ ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། 《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2011ལོ། P132- P135
             ⒃ མཁས་གྲུབ་དགེ་ལེགས་དཔལ་བཟང་། 《རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P84
             ⒄⒅ ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། 《རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སྤྱི་ལོ་2011ལོ། P217 P297
             ⒆ མཁས་གྲུབ་དགེ་ལེགས་དཔལ་བཟང་། 《རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་1982ལོའི་ཟླ་3པ། P117

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1