ཅི་ཞིག་ལ་རྩྭ་ཕྱུགས་དོ་མཉམ་ཟེར།
རྩྭ་ཕྱུགས་དོ་མཉམ་ཞེས་པ་ནི་ས་ཁོངས་དང་དུས་སྐབས་ངེས་ཅན་ཞིག་གི་ནང་དུ། རྩྭ་ས་དང་ཐབས་ལམ་གཞན་པ་བརྒྱུད་ནས་འདོན་སྤྲོད་བྱས་པའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་འབོར་དང་གསོ་སྐྱོང་བྱེད་བཞིན་པའི་ཕྱུགས་ཟོག་ལ་མཁོ་བའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་འབོར་བལྟོས་བཅས་ཀྱིས་དོ་མཉམ་ཡིན་པ་སྲུང་འཛིན་བྱས་ཡོད་པ་ལ་ཟེར། ཡང་གཅིག་བཤད་ན། ཕྱུགས་ཟོག་ལ་གཟན་རྩྭ་གཟན་ཆས་མོད་པོ་ཞིག་ཡོད་པ་ཁག་ཐེག་བྱེད་ཐུབ་པ་དང་། རྩྭ་སར་ཡང་གཏོར་བརླག་མི་བཟོ་བ་ཞིག་ལ་ཟེར།
རྒྱལ་ཁབ་ཀྱིས་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་དགོས་དོན་ཅི་ཡིན།
དེང་སྐབས་རང་རྒྱལ་གྱི་རྩྭ་སར་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་གནད་དོན་ཤིན་ཏུ་ཚབས་ཆེ་ལ། རྩྭ་ཕྱུགས་ཀྱི་འགལ་བ་ཉིན་རེ་བཞིན་འབུར་ཐོན་དུ་གྱུར་ནས། རྩྭ་ས་ཉམས་ཞན་དུ་བཏང་བའི་ཁར་བྱེ་མ་ཅན་དང་བ་ཚྭ་ཅན་ཏུ་བཏང་དང་གཏོང་བཞིན་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་གནོད་པ་ཚབས་ཆེན་ཐེབས་པ་དང་། ད་དུང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་འཕར་བར་ཚོད་འཛིན་བྱས་པ་རེད། དེར་བརྟེན། «རྩྭ་སའི་བཅའ་ཁྲིམས»ལས་རྒྱལ་ཁབ་ཀྱིས་རྩྭ་སར་བལྟས་ནས་ཕྱུགས་གྲངས་གཏན་ཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད། ལམ་ལུགས་འདི་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་རྩྭ་སའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བའི་གནད་དོན་གང་མགྱོགས་ཀྱིས་ཐག་བཅད་དེ། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། རྩྭ་སའི་ཕྱུགས་ལས་སྐྱོན་བྲལ་བའི་སྒོ་ནས་འཕེལ་རྒྱས་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་འགྲོ་བར་སྐུལ་འདེད་བྱེད་རྒྱུའི་ཆེད་ཡིན།
ཅི་ཞིག་ལ་རྩྭ་སའི་ཕྱུགས་ཤོང་ཚད་ཟེར།
རྩྭ་སའི་ཕྱུགས་ཤོང་ཚད་ཅེས་པ་ནི་ཕྱུགས་འཚོ་བའི་དུས་ཡུན་ནང་དུ་རྩྭ་སའི་རྒྱུན་མཐུད་བེད་སྤྱོད་དང་ཕྱུགས་ཟོག་རྒྱུན་ལྡན་ངང་འཚར་ལོངས་འབྱུང་བར་ཁག་ཐེག་བྱེད་པའི་སྔོན་འགྲོའི་འོག རྩྭ་སའི་གཞི་ཁྱོན་ངེས་ཅན་ནང་འཚོ་སྐྱོང་བྱེད་པའི་སྒོ་ཕྱུགས་ཤོང་ཚད་ཆེས་མཐོན་པོ་ལ་ཟེར། ནམ་རྒྱུན་ལུག་གི་རྩིས་གཞི་དེ་རྩིས་གཞི་བྱེད་པ་ཡིན།
ཅི་ཞིག་ལ་ལུག་གི་རྩིས་གཞི་ཟེར།
ལུག་གི་རྩིས་གཞི་ཞེས་པ་ནི་ཕྱུགས་ཟོག་བརྩི་བའི་རྩིས་གཞི་ཡིན། ལྗིད་ཚད་ལ་སྤྱི་རྒྱ་ལྔ་བཅུ་ཡོད་ཅིང་། ཉིན་རེར་ཚད་ལྡན་གྱི་རྩྭ་སྐམ་སྤྱི་རྒྱ་གཅིག་ལྷག་གཟན་དུ་ཟ་བའི་མ་མོ་དར་མ་གཅིག་ནི་ལུག་གི་རྩིས་གཞི་གཅིག་ཏུ་གཏན་ཁེལ་བྱས་ཡོད། སྤྱིར་བཏང་གི་གནས་ཚུལ་འོག་ལུག་གཅིག་ཧ་ལམ་ལུག་གི་རྩིས་གཞི་གཅིག་ཡིན་པ་དང་། ནོར་དང་རྟ། ཡང་ན་དྲེལ་གཅིག་ཧ་ལམ་ལུག་གི་རྩིས་གཞི་ལྔ་རུ་ཕབ་རྩིས་རྒྱག་པ་ཡིན། རྔ་མོང་གཅིག་ཧ་ལམ་ལུག་གི་རྩིས་གཞི་བདུན་དུ་ཕབ་རྩིས་རྒྱག་པ་ཡིན།
རྩྭ་སའི་ཕྱུགས་ཤོང་ཚད་ཇི་ལྟར་ཞིབ་བཤེར་གཏན་འབེབ་བྱེད་པ་ཡིན།
རྩྭ་སའི་ཕྱུགས་ཤོང་ཚད་ནི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གམ་རྩྭ་ས་ལྟ་སྐུལ་དོ་དམ་སྡེ་ཁག་གིས་རྩྭ་སའི་ཕྱུགས་ཤོང་ཚད་ཀྱི་ཚད་གཞི་ལྟར་ཞིབ་བཤེར་གཏན་འབེབ་བྱེད་པ་མ་ཟད། དུས་ཐོག་ཏུ་རོང་འབྲོག་པར་དྲིལ་སྒྲོག་བྱེད་པ་དང་། ཕྱུགས་ལས་ཐོན་སྐྱེད་དང་རྩྭ་ས་སྲུང་སྐྱོབ་འཛུགས་སྐྲུན་ལ་མཛུབ་སྟོན་བྱེད་པར་བཀོལ་བ་ཡིན། རྩྭ་ཐང་གི་ཕྱུགས་ཤོང་ཚད་ཞིབ་བཤེར་གཏན་འབེབ་བྱེད་པ་དེ་རྩྭ་ཕྱུགས་དོ་མཉམ་ཡིན་པ་སྔོན་འགྲོ་བྱེད་དགོས་ལ། བྱེ་བྲག་གི་ཞིབ་བཤེར་གཏན་འབེབ་བྱེད་ཐབས་ནི། རྩྭ་ཐང་གི་རྒྱ་ཁྱོན་ངེས་ཅན་གྱི་ཕྱུགས་ཤོང་ཚད་དེ་རྩྭ་སའི་ལོ་ཧྲིལ་བོའི་ཕྱུགས་རྩྭ་ཐོན་ཚད་དང་ཡོང་ཁུངས་གཞན་པའི་གཟན་ཆས་གཟན་རྩྭའི་གྲངས་ཚད། ལུག་གི་རྩིས་གཞི་གཅིག་གིས་ལོ་ཧྲིལ་བོར་རྩྭ་འཛད་སྤྱོད་བྱེད་ཚད། རོང་འབྲོག་པས་ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད་ལྟར་རང་རྟོགས་ཀྱིས་སྒོ་ཕྱུགས་འཚོ་སྐྱོང་གི་གྲངས་ཚད་ལེགས་སྒྲིག་བྱས་ནས། རྩྭ་སའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་འཚོ་བ་སྔོན་འགོག་བྱེད་དགོས།
རྩྭ་ས་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ་ཇི་ལྟར་བྱེད་དགོས།
རྩྭ་ས་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་ལ་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད་ལ་བསམ་འཆར་མི་མཐུན་པ་ཡོད་ཚེ། ཞིབ་བཤེར་གཏན་འབེབ་བརྡ་སྦྱོར་འབྱོར་བའི་ཉིན་སུམ་ཅུའི་ནང་དུ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་བསྐྱར་ཞིབ་ཐེངས་ཤིག་བྱེད་དགོས་པའི་རེ་བ་བཏོན་ཆོག རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཉིན་སུམ་ཅུའི་ནང་དུ་བསྐྱར་ཞིབ་ཐག་གཅོད་བྱེད་དགོས།
རོང་འབྲོག་པས་རྩྭ་ཕྱུགས་དོ་མཉམ་ཡིན་པ་ཇི་ལྟར་སྲུང་འཛིན་བྱེད་དགོས།
རོང་འབྲོག་པས་ཐོག་མར་རྩྭ་སར་བལྟས་ནས་ཕྱུགས་ཀྱི་ཁ་གྲངས་གཏན་ཁེལ་བྱེད་པ་དང་། རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱེད་པ་ནི། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ནས། རྩྭ་སའི་ཕྱུགས་ལས་ཡང་དག་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། རང་གི་ཕུགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པ་ཤེས་དགོས། དེར་བརྟེན། རོང་འབྲོག་པས་ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད་ལྟར་རང་བྱུང་རྩྭ་སའི་སྟེང་ཕྱུགས་འཚོ་ཚད་ལེགས་སྒྲིག་བྱས་ནས། རང་བྱུང་རྩྭ་སའི་ཤོང་ཚད་ལས་བརྒལ་ནས་ཕྱུགས་མི་འཚོ་བ་ཁག་ཐེག་བྱེད་དགོས། ཕྱུགས་ཟོག་འཚོ་སྐྱོང་གི་ཚད་ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད་ལས་བརྒལ་དུས། གཟན་རྩྭ་གཟན་ཆས་འདེབས་འཛུགས་དང་གསོག་ཉར་བྱེད་པ་དང་། ཕྱུགས་རྒྱུད་ལེགས་སྒྱུར་བྱེད་པ། ཕྱུགས་ཟོག་ལེགས་སྒྲིག་བྱེད་པ། ཕྱུགས་ཟོག་གསོ་ཁ་ལས་འབུད་ཚད་ཇེ་མང་དུ་གཏོང་བ་སོགས་བྱེད་ཐབས་སྤྱད་ནས་རྩྭ་ཕྱུགས་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་དགོས།
རྩྭ་ཕྱུགས་དོ་མཉམ་གྱི་འགན་འཁྲི་ཡི་གེའི་སྟེང་དོན་ཚན་གང་དག་གསལ་བོར་འབྲི་དགོས།
རྫོང་རིམ་པའི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་དང་རྩྭ་ས་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་བར་དུ་རྩྭ་ཕྱུགས་དོ་མཉམ་གྱི་འགན་འཁྲི་ཡི་གེ་བཀོད་དེ། གཤམ་གསལ་གྱི་དོན་ཚན་དག་གསལ་བོར་འབྲི་དགོས་ཏེ། གཅིག འགན་གཙང་ལེན་བྱས་པའི་རྩྭ་སའི་མཐའ་མཚམས་དང་རྒྱ་ཁྱོན། རིགས། གདང་རིམ། རྩྭ་ས་ཉམས་ཞན་དུ་གྱུར་བའི་རྒྱ་ཁྱོན་དང་གྱུར་ཚད་སོགས་འདུས་པའི་རྩྭ་སའི་ད་ལྟའི་གནས་ཚུལ། གཉིས། ད་ཡོད་ཕྱུགས་ཟོག་གི་རིགས་དང་ཁ་གྲངས། གསུམ། ཞིབ་བཤེར་གཏན་འབེབ་བྱས་པའི་རྩྭ་སའི་ཕྱུགས་ཤོང་ཚད། བཞི། རྩྭ་ཕྱུགས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་ཐབས་གཙོ་བོ། ལྔ། རྩྭ་ས་བེད་སྤྱོད་མཁན་ནམ་འགན་གཙང་ལེན་སྒོས་བདག་གཉེར་བྱེད་མཁན་གྱི་འགན་འཁྲི། དྲུག འགན་འཁྲི་ཡི་གེའི་ཕན་ནུས་ཡོད་པའི་དུས་བཅད། བདུན། འབྲེལ་ཡོད་དོན་ཚན་གཞན་པ་བཅས་ཡིན།
རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་རྩྭ་ཕྱུགས་དོ་མཉམ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས། གཙོ་བོ་ནང་དོན་གང་དག་ལ་ཞིབ་བཤེར་བྱེད་དགོས།
ས་གནས་སོ་སོའི་རྫོང་རིམ་པ་ཡན་གྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ལོ་རེར་རྩྭ་ཕྱུགས་དོ་མཉམ་གྱི་གནས་ཚུལ་ཞིབ་བཤེར་བྱེད་པར་རྩ་འཛུགས་བྱེད་དགོས། ཞིབ་བཤེར་ཀྱི་ནང་དོན་ལ། གཅིག རང་བྱུང་རྩྭ་ས་བེད་སྤྱོད་ཀྱི་གནས་ཚུལ་ལ་ཚད་འཇལ་གཏན་ཁེལ་དང་དཔྱད་བསྡུར་གདེང་འཇོག་བྱེད་རྒྱུ། གཉིས། གཟན་རྩྭ་གཟན་ཆས་ཀྱི་སྤྱིའི་གྲངས་ཀ་ཚོད་རྩིས་དང་ལོ་དེའི་རང་བྱུང་རྩྭ་ས་དང་མིས་འདེབས་རྩྭ་སའི་རྟེན་གཞི་དང་དེ་མིན་ཡོང་ཁུངས་གཞན་པའི་གཟན་རྩྭ་གཟན་ཆས་ཀྱི་གྲངས་ཀ་སྤྱི་བསྡོམས་བྱེད་རྒྱུ། གསུམ། ཕྱུགས་ཟོག་གི་གྲངས་ཀར་ཞིབ་བཤེར་བྱེད་རྒྱུ་བཅས་འདུས་ཡོད།
རྒྱལ་ཁབ་ཀྱིས་རྨོ་བསྐྱུར་རྩྭ་འདེབས་དང་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་རྩྭ་ས་འགན་གཙང་བྱེད་མཁན་ལ་སྲིད་ཇུས་ཐོག་ནས་རོགས་སྐྱོར་གང་དག་བྱེད་དགོས།
«རྩྭ་སའི་བཅའ་ཁྲིམས»ནང་གི་གཏན་འབེབ་ལྟར་ན། ས་ཆུ་ཤོར་ཚད་ཆེ་ཞིང་བྱེ་འགྱུར་གྱི་གནས་ཚུལ་ཚབས་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་དགོས་པའི་ས་རྒོད་སློག་ཟིན་པའི་རྩྭ་སར། འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པའི་སྒོ་ནས་རྨོ་བསྐྱུར་རྩྭ་འདེབས་བྱེད་རྒྱུ། ཞན་འགྱུར་དང་བྱེ་འགྱུར། ཚྭ་དང་བུལ་ཏོག་ཅན་དུ་འགྱུར་བ། རྡོ་དང་ཐང་ནག་ཏུ་འགྱུར་བ་ཚབས་ཆེ་བའི་རྩྭ་སའི་སྟེང་ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ། གཏན་འབེབ་དང་ལམ་ལུགས་འདི་དག་དངོས་འབེབ་བྱེད་པར་ཁག་ཐེག་བྱེད་ཆེད། རྒྱལ་ཁབ་ཀྱིས་འཆར་འགོད་ཀྱི་ནང་ནས་རྨོ་བསྐྱུར་རྩྭ་འདེབས་ལག་ལེན་ཏུ་བསྟར་བའི་རོང་འབྲོག་པ་རྣམས་ལ། འབྲུ་རིགས་དང་མ་དངུལ། རྩྭ་འདེབས་གྲོན་དངུལ་བཅས་ཁ་གསབ་བྱེད་དགོས། ཕྱུགས་འཚོ་མི་ཆོག་པ་དང་ཕྱུགས་འཚོ་མཚམས་བཞག་པའི་རོང་འབྲོག་པ་རྣམས་ལ། ལྕགས་དྲ་འཛུགས་སྐྲུན་དང་གཟན་ཆས་འབྲུ་རིགས། རྩྭ་འདེབས་གྲོན་དངུལ་བཅས་ཁ་གསབ་བྱེད་དགོས། ཕྱིན་ཆད། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཤུགས་ཇེ་ཆེར་འགྲོ་བ་དང་བསྟུན་ནས། རྒྱལ་ཁབ་ཀྱིས་ད་རུང་རྩྭ་ས་འཛུགས་སྐྲུན་དང་སྲུང་སྐྱོབ་ཀྱི་དགོས་མཁོ་ལྟར། འབྲེལ་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་སྔར་ལས་ལྷག་པར་གཏན་ཁེལ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས།
རྩྭ་ས་ནས་རྩྭ་འབྲེག་རེས་བྱེད་པ་ལག་ལེན་བྱེད་པའི་རྒྱུ་མཚན་ཅི་ཡིན།
རྩྭ་འབྲེག་པ་ནི་ཕྱུགས་འཚོ་བར་བེད་མི་སྤྱོད་ལ་རྩྭ་འབྲེག་པའི་རྩྭ་ས་ནས་བེད་སྤྱོད་པ་ཙམ་དུ་ཡིན། རྩྭ་འབྲེག་པ་དེས་དགུན་ཁའི་གཟན་རྩྭ་གྲབས་གསོག་དང་། གཟན་རྩྭ་མི་འདང་བ་ལས་ཕྱུགས་ཟོག་གོད་ཤི་ཐེབས་པ་ཇེ་ཉུང་དུ་གཏོང་བ། རྩྭ་ས་ཕྱུགས་ལས་ཀྱི་གྱོང་གུད་ཇེ་ཆུང་དུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། རྩྭ་འབྲེག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། ས་དེའི་གནམ་གཤིས་ཆ་རྐྱེན་དང་ཕྱུགས་རྩྭ་སྐྱེ་ཚུལ་གྱི་ཆོས་ཉིད་དང་ཁྱད་ཆོས་གཞིར་བཟུང་སྟེ། འཆར་གཞི་ཡོད་པའི་སྒོ་ནས་རྩྭ་འབྲེག་རེས་བྱེད་པའི་དུས་ཚོད་དང་ལོ་མཚམས་གཏན་ཁེལ་བྱས་ཏེ། རེས་བསྐོར་ནས་མལ་གསོ་བ་དང་རྩྭ་སྐྱོང་གི་བྱེད་ཐབས་སྤྱད་དེ། ཕྱུགས་རྩྭ་སྐྱེ་ཚུལ་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། རྩྭ་སར་རྩྭ་འབྲེག་རེས་བྱེད་པ་ལག་ལེན་བྱས་ན། རྩྭ་འབྲེག་པའི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བ་དང་། རྩྭ་འབྲེག་ལུགས་མཐུན་ངང་བེད་སྤྱོད་པར་ཕན་ཐོགས་ཡོད།
རང་བྱུང་གི་གནོད་འཚེ་ཐུག་སྐབས། རོང་འབྲོག་པས་རྩྭ་ས་བེད་སྤྱོད་བྱེད་པར་སྙོམ་སྒྲིག་ཇི་ལྟར་བྱེད་དགོས།
ཁངས་གནོད་དང་མེ་སྐྱོན། ཐན་པ་སོགས་ཀྱི་རང་བྱུང་གནོད་འཚེ་བྱུང་སྐབས། སྒོ་ཕྱུགས་ལ་གཟན་རྩྭ་གཟན་ཆས་མི་འདང་བ་དང་རོང་འབྲོག་པས་གནས་སྐབས་སྙོམ་སྒྲིག་བྱེད་པའི་བྱེད་ཐབས་བརྒྱུད་དེ་ལས་ཁུངས་གཞན་པ་དང་ཡང་ན་མི་སྒེར་གྱི་རྩྭ་ས་གཡར་ནས་ཕྱུགས་འཚོ་ཐབས་བྱས་ཏེ། གནོད་འཚེ་ཐེབས་པའི་གྱོང་གུད་ཇེ་ཉུང་དུ་གཏོང་དགོས། རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་བྱེད་སྐབས་རང་འདོད་དང་ཕན་ཚུན་ཕན་ཐོགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱེད་དགོས་པ་དང་། ཕྱུགས་གཉིས་ཀ་ནས་གྲོས་མོལ་སྒོས་ཐག་གཅོད་བྱས་ཏེ། གནས་སྐབས་སུ་བེད་སྤྱོད་པ་ལས། དུས་ཡུན་རིང་བོར་བཟུང་སྤྱོད་བྱེད་མི་ཆོག རྫོང་དེ་ཉིད་མངའ་ཁོངས་ནང་ནས་གནས་སྐབས་སུ་རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་བྱེད་དགོས་ཚེ། ཕྱུགས་གཉིས་ཀ་ནས་གྲོས་མོལ་སྒོས་ཐག་གཅོད་བྱས་ཏེ། གྲོས་མཐུན་གྱི་ཡི་གེ་འགོད་དགོས་པ་མ་ཟད། རྫོང་རིམ་པའི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱེད་དགོས། རྫོང་དེ་ཉིད་ཀྱི་མངའ་ཁོངས་ལས་བརྒལ་ཏེ་གནས་སྐབས་སུ་རྩྭ་ས་བེད་སྤྱོད་པར་སྙོམ་སྒྲིག་བྱེད་དགོས་ཚེ། གནོད་ཐེབས་ཕྱོགས་ཀྱིས་གྲོས་གཞི་འདོན་པ་དང་། དང་ལེན་ཕྱོགས་ཀྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཕྱོགས་གཉིས་ཀ་རྩ་འཛུགས་སྒོས་གྲོས་མོལ་བྱས་ཏེ། གྲོས་མཐུན་གྱི་ཡི་གེ་འགོད་པ་མ་ཟད། གོང་རིམ་གྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱེད་དགོས།
རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་ཆ་རྐྱེན་གང་དག་དང་མཐུན་པར་བྱེད་དགོས།
རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་གཤམ་གྱི་ཆ་རྐྱེན་འགའ་དང་མཐུན་དགོས་པ་སྟེ། གཅིག རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་དགོས་པ་དང་། རྒྱལ་ཁབ་ཀྱིས་བཀག་སྡོམ་གྱི་བཀའ་གསལ་བོར་ཕབ་པའི་ལས་གཞི་དེས་རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་བྱེད་མི་ཆོག གཉིས། རྩྭ་ས་ཡོད་སའི་རྫོང་རིམ་པ་ཡན་ཆད་ཀྱི་རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་འཆར་འགོད་དང་མཐུན་དགོས་པ་དང་། བེད་སྤྱོད་རྒྱ་ཁྱོན་དང་ཡང་ན་གནས་སྐབས་ཀྱི་བཟུང་སྤྱོད་དུས་བཅད་གསལ་བོ་ཡོད་པ། གསུམ། རྩྭ་ས་ཡོད་སའི་སྐྱེ་ཁམས་ཁོར་ཡུག་དང་ཕྱུགས་ལས་ཐོན་སྐྱེད། རོང་འབྲོག་པའི་འཚོ་བ་བཅས་ལ་གནོད་པ་ཚབས་ཆེན་འབྱུང་མི་སྲིད་པ། བཞི། རྩྭ་ས་དབང་མཁན་དང་ཡང་ན་སྤྱོད་མཁན་གྱི་ཡིད་འཐད་པར་བྱེད་དགོས། འགན་གཙང་ལེན་བདག་གཉེར་བྱས་པའི་རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་བྱེད་དགོས་ཚེ། དེ་ཡང་རྩྭ་ས་འགན་གཙང་ལེན་བདག་གཉེར་མཁན་དང་སྐྱིན་ཚབ་འཇལ་བའི་གྲོས་མཐུན་འཇོག་དགོས། ལྔ། གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་བྱེད་དགོས་ཚེ། རྩྭ་སའི་སྔོ་ཁེབས་སླར་གསོ་བྱེད་པའི་འཆར་གཞི་ལྡན་དགོས། དྲུག རེ་ཞུ་ཡིག་ཆ་ཚང་བ་དང་བདེན་པ་ཡིན་དགོས། བདུན། བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབ་བྱས་པའི་ཆ་རྐྱེན་གཞན་དག་དང་མཐུན་པར་བྱེད་དགོས།
རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་སྐབས་འགྲོ་ལུགས་གང་དག་བརྒྱུད་དགོས།
«རྩྭ་སའི་བཅའ་ཁྲིམས»ནང་གི་གཏན་ཁེལ་ལྟར་ན། གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་བྱེད་དགོས་ཚེ། རྩྭ་ས་མི་བཟུང་བ་དང་ཡང་ན་ཉུང་ཙམ་བཟུང་དགོས། དངོས་གནས་རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་དགོས་ཚེ། ངེས་པར་དུ་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་དང་ཡིད་འཐད་བྱུང་རྗེས། འབྲེལ་ཡོད་ཀྱི་ས་ཞིང་དོ་དམ་གྱི་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་གི་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས། དེར་བརྟེན། རྩྭ་ས་བསྡུས་སྤྱོད་དང་བཟུང་སྤྱོད་བྱེད་པའི་ལས་ཁུངས་དང་ཡང་ན་མི་སྒེར་གྱིས་ཐོག་མར་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་ཏུ་སོང་ནས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས། དེ་ནས་ཀྱང་ས་ཞིང་དོ་དམ་སྡེ་ཁག་ཏུ་སོང་ནས་ཞིབ་བཤེར་མཆན་འགོད་ཀྱི་འགྲོ་ལུགས་སྒྲུབ་དགོས།
རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་བྱེད་སྐབས་དཔྱད་གཞིའི་ཡིག་ཆ་གང་དག་འདོན་སྤྲོད་བྱེད་དགོས།
གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་སོགས་ཐད་ལ་དངོས་གནས་རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་དགོས་པའི་ལས་ཁུངས་དང་ཡང་ན་མི་སྒེར་གྱིས«རྩྭ་ས་གཞུང་བསྡུས་དང་བཟུང་སྤྱོད་ཀྱི་རེ་ཞུ་རེའུ་མིག»སྐོང་འབྲི་བྱེད་པ་དང་ཆབས་ཅིག་ཏུ། གཤམ་གྱི་དཔྱད་གཞིའི་ཡིག་ཆ་འདོན་སྤྲོད་བྱེད་དགོས་པ་སྟེ། གཅིག ལས་གཞི་མཆན་འགོད་ཀྱི་ཡིག་ཆ། གཉིས། རྩྭ་ས་དབང་གཏོགས་ཀྱི་ར་སྤྲོད་ཡིག་རིགས། གསུམ། ཐོབ་ཐང་ལྡན་པའི་ཇུས་འགོད་ལས་ཁུངས་ཀྱིས་བཏོན་པའི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་གི་ནང་དོན་འདུས་པའི་ལས་གཞི་དེས་རྩྭ་ས་བེད་སྤྱོད་བྱེད་པའི་ལག་བསྟར་བྱེད་འཐུས་ཀྱི་སྙན་ཞུ། བཞི། རྩྭ་ས་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་བྱེད་མཁན་བཅས་ཀྱིས་ཆིངས་ཡིག་བཞག་པའི་རྩྭ་སའི་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་ཀྱི་གྲོས་མཐུན་ཡི་གེ། གནས་སྐབས་སུ་རྩྭ་ས་བེད་སྤྱོད་བྱེད་དགོས་ཚེ། སྔོན་བཀོད་ཀྱི་ཚན་པ་གཉིས་དང་གསུམ་གྱི་ནང་གཏན་འབེབ་བྱས་པའི་དཔྱད་གཞིའི་ཡིག་ཆ་དང་རྩྭ་སའི་སྔོ་ཁེབས་སླར་གསོ་བྱེད་པའི་འཆར་གཞི་དང་དེ་མིན་རྩྭ་ས་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་བྱེད་མཁན་བཅས་ཀྱིས་ཆིངས་ཡིག་བཞག་པའི་རྩྭ་སའི་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་ཀྱི་གྲོས་མཐུན་ཡི་གེ་འདོན་སྤྲོད་བྱེད་དགོས།
ཆོག་མཆན་ཐོབ་མེད་པ་དང་ཡང་ན་རྩྭ་ས་བེད་སྤྱོད་ཀྱི་ཆོག་མཆན་མགོ་གཡོག་ཚེ། ཉེས་འགན་ཇི་ལྟར་ཁུར་དགོས།
ཆོག་མཆན་ཐོབ་མེད་པ་དང་ཡང་ན་མགོ་སྐོར་གྱི་ཐབས་ཤེས་བཀོལ་ནས་ཆོག་མཆན་མགོ་གཡོག་པ་དང་། ཁྲིམས་འགལ་གྱིས་རྩྭ་ས་བེད་སྤྱད་དེ་ཉེས་བསགས་སུ་གྱུར་ཚེ། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས། ཉེས་དོན་གྱི་ཉེས་ཆད་མ་འདང་ཚེ། རྫོང་རིམ་པ་ཡན་གྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་འགན་དབང་གཞིར་བཟུང་སྟེ་ཁྲིམས་འགལ་གྱིས་བེད་སྤྱོད་པའི་རྩྭ་ས་ཕྱིར་སྤྲོད་པའི་ཁག་འགན་དཀྲིས་ཏེ། རྩྭ་ས་སྲུང་སྐྱོབ་དང་འཛུགས་སྐྲུན། བེད་སྤྱོད་བཅས་ཀྱི་འཆར་འགོད་དང་འགལ་ཏེ་རང་དགར་གྱིས་རྩྭ་ས་འཛུགས་སྐྲུན་བྱེད་སར་བསྒྱུར་ཚེ། དུས་བཅད་ལྟར་ཁྲིམས་འགལ་གྱིས་བེད་སྤྱོད་པའི་རྩྭ་སའི་སྟེང་གསར་དུ་འཛུགས་པའི་བཟོ་འགོད་འཛུགས་སྐྲུན་དང་དེ་མིན་སྒྲིག་བཀོད་གཞན་པ་ཕྱིར་བཤིག་པ་དང་། རྩྭ་སའི་སྔོ་ཁེབས་སླར་གསོ་བྱེད་པ་མ་ཟད། རྩྭ་ས་ཁྲིམས་འགལ་གྱིས་བེད་སྤྱོད་པ་ནས་བཟུང་སྟེ་ལོ་གསུམ་གྱི་སྔོན་གྱི་ཆ་སྙོམས་ཐོན་སྐྱེད་རིན་ཐང་གི་ལྡབ་དྲུག་ཡན་དང་ལྡབ་བཅུ་གཉིས་མན་གྱི་དངུལ་ཆད་ཀྱང་གཅོད་དགོས།
འཛུགས་སྐྲུན་ཆེད་དུ་རྩྭ་ས་བསྡུས་སྤྱོད་དང་ཡང་ན་བེད་སྤྱོད་བྱེད་སྐབས། རྩྭ་ས་འགན་གཙང་ལེན་བདག་གཉེར་བྱེད་མཁན་ལ་སྐྱིན་ཚབ་ཇི་ལྟར་འཇལ་དགོས།
རྩྭ་ས་བསྡུས་སྤྱོད་ཟེར་བ་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཆེད་དུ། ཐུན་མོང་ལ་དབང་བའི་རྩྭ་ས་དེ་ཁྲིམས་ལྟར་རྒྱལ་ཁབ་ལ་དབང་བར་བྱེད་པ་མ་ཟད་བཟོ་འགོད་འཛུགས་སྐྲུན་དང་གཏེར་འདོན་སོགས་ཐད་དུ་བེད་སྤྱོད་པར་བསྟན་པ་ཡིན། རྩྭ་ས་བེད་སྤྱོད་ཟེར་བ་ནི་རྒྱལ་ཁབ་ཀྱིས་རྩྭ་ས་དེ་བཟོ་འགོད་འཛུགས་སྐྲུན་དང་གཏེར་འདོན་སོགས་ཐད་དུ་བེད་སྤྱོད་པར་བསྟན་པ་ཡིན། ཐུན་མོང་ལ་དབང་བའི་རྩྭ་ས་བསྡུས་སྤྱོད་བྱས་ཚེ། རྩྭ་ས་འགན་གཙང་ལེན་བདག་གཉེར་མཁན་ལ་རྩྭ་སའི་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ། དེ་མིན་རྩྭ་ར་བསྐོར་བ་དང་ལྷས་ར། མིས་འདེབས་རྩྭ་སའི་སྔོ་ཁེབས་གྲོན་དངུལ་ཁ་གསབ་སོགས་རང་ཐོབ་བྱེད་ཆོག དེའི་ནང་དུ་རྩྭ་ས་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་གྱི་ཚད་གཞི་དེ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ས་ཞིང་བསྡུས་སྤྱོད་ཀྱི་ཚད་གཞི་ལྟར་གཏན་ཁེལ་བྱེད་དགོས། ས་ཐོག་ཟུར་འབྱར་དངོས་རིགས་དང་མིས་འདེབས་རྩྭ་སའི་སྔོ་ཁེབས་གྲོན་དངུལ་ཁ་གསབ་ཀྱི་ཚད་གཞི་དེ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་གཏན་ཁེལ་བྱེད་དགོས། རྒྱལ་དབང་རྩྭ་ས་བེད་སྤྱོད་ཚེ། རྩྭ་ས་འགན་གཙང་ལེན་བདག་གཉེར་མཁན་ལ་རྩྭ་ས་ཤོར་བའི་སྐྱིན་ཚབ་གྲོན་དངུལ་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་གཏོང་འཇོག་གྱོང་གུད་ཀྱི་སྐྱིན་ཚབ་གྲོན་དངུལ་རང་ཐོབ་བྱེད་ཆོག
རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ས་ཞིང་བེད་སྤྱོད་ཀྱི་རེ་ཞུ་མ་བྱས་སྔོན་དུ། ངེས་པར་དུ་རྩྭ་ས་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་བྱེད་མཁན་བཅས་ལ་རྩྭ་སའི་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་གྲོན་དངུལ་གྱི་གྲོས་མཐུན་ཆིངས་ཡིག་འཇོག་དགོས་དོན་ཅི་ཡིན།
རྩྭ་ས་ནི་ཕྱུགས་ལས་གོང་འཕེལ་གཏོང་བའི་དངོས་པོའི་རྨང་གཞི་ཡིན་ལ། རྒྱ་ཆེ་བའི་རོང་འབྲོག་པ་རྣམས་འཚོ་བ་རྟེན་སའི་ཐོན་སྐྱེད་རྒྱུ་ཆའང་ཡིན། བཟོ་འགོད་འཛུགས་སྐྲུན་དང་ཡང་ན་གཏེར་འདོན་སོགས་ཀྱི་ཐད་རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱས་རྗེས། རྩྭ་ས་ཤོར་བའི་རོང་འབྲོག་པ་རྣམས་འཚོ་བ་རྟེན་སའང་མེད་པར་གྱུར། རྩྭ་ས་ཤོར་རྗེས་ཀྱི་རོང་འབྲོག་པ་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱེད་ཆེད། རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་ངེས་པར་དུ་སྐྱིན་ཚབ་གྲོན་དངུལ་འཇལ་དགོས། དེར་བརྟེན། ཞིང་ལས་པུའུ་ཡིས«རྩྭ་སའི་བཅའ་ཁྲིམས»དང«ས་ཞིང་དོ་དམ་བཅའ་ཁྲིམས»གཞིར་བཟུང་ནས་གཏན་འབེབ་བྱས་པའི«བསྡུས་སྤྱོད་དང་བཟུང་སྤྱོད་བྱས་པའི་རྩྭ་སར་ཞིབ་བཤེར་གཏན་འབེབ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་སྐོར་གྱི་དོ་དམ་བྱེད་ཐབས»ནང་དུ་གསལ་བོར་བཀོད་དོན། གཏེར་འདོན་དང་བཟོ་འགོད་འཛུགས་སྐྲུན་སོགས་ལ་དངོས་གནས་རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་པའི་ལས་ཁུངས་དང་མི་སྒེར་གྱིས་རྩྭ་ས་བསྡུས་སྤྱོད་དང་བཟུང་སྤྱོད་ཀྱི་རེ་ཞུ་མ་བྱས་པའི་སྔོན་དུ། ངེས་པར་དུ་རྩྭ་ས་དབང་མཁན་དང་སྤྱོད་མཁན་དང་ཡང་ན་འགན་གཙང་ལེན་བདག་གཉེར་བྱེད་མཁན་བཅས་ལ་རྩྭ་སའི་སྐྱིན་ཚབ་གྲོན་དངུལ་དང་སྒྲིག་བཀོད་ཁ་གསབ་གྲོན་དངུལ་སོགས་སྐྱིན་ཚབ་གྲོན་དངུལ་གྱི་གྲོས་མཐུན་ཆིངས་ཡིག་འཇོག་དགོས།
རྩྭ་ས་བསྡུས་སྤྱོད་དང་བེད་སྤྱོད་བྱེད་སྐབས་རྩྭ་སའི་སྔོ་ཁེབས་སླར་གསོའི་གྲོན་དངུལ་འཇལ་དགོས་དོན་ཅི་ཡིན།
རྒྱལ་དབང་གི་རྩྭ་ས་བེད་སྤྱོད་པ་ཡིན་ནའང་འདྲ། ཡང་ན་ཐུན་མོང་ལ་དབང་བའི་རྩྭ་ས་བེད་སྤྱོད་བྱེད་པ་ཡིན་ནའང་འདྲ། ཚང་མས་རྩྭ་སའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཀ་ཇེ་ཉུང་དུ་གཏོང་བ་དང་། རྩྭ་ཕྱུགས་གཉིས་ཀྱི་འགལ་བ་ཚབས་ཇེ་ཆེར་འགྲོ་བ་སྨྲས་མ་དགོས་པ་རེད། རྩྭ་སའི་སྔོ་ཁེབས་སླར་གསོའི་གྲོན་དངུལ་དེ། གཙོ་བོ་རྩྭ་སའི་སྔོ་ཁེབས་སླར་གསོ་དང་། ཞན་འགྱུར་རྩྭ་ས་ལེགས་བསྒྱུར་དང་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་སྤྱད་དེ། དེ་ནས་རྩྭ་སའི་ཐོན་ཁུངས་ཀྱི་སྤྱིའི་གྲངས་ཀ་དང་སྤུས་ཚད་གཏན་འཇགས་ཡོང་བར་རྒྱུན་འཁྱོངས་བྱེད་དགོས། སྔོ་ཁེབས་སླར་གསོའི་གྲོན་དངུལ་དེ་ངེས་པར་དུ་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་སྡུད་ལེན་བྱེད་པ་མ་ཟད། ཆེད་དངུལ་ཆེད་སྤྱོད་བྱས་ཏེ། གཏན་འབེབ་ལྟར་མིས་འདེབས་རྩྭ་སའི་འཛུགས་སྐྲུན་དང་ད་ཡོད་ཀྱི་ཐོན་ཚད་དམའ་ཞིང་ཞན་འགྱུར་གྱི་རྩྭ་ས་ལེགས་སྒྱུར་དང་བཅོས་སྐྱོང་བྱེད་པའི་ཕྱོགས་སུ་བེད་སྤྱོད་བྱེད་པ་ལས། ལས་ཁུངས་དང་མི་སྒེར་གང་གིས་ཀྱང་བཀག་ཉར་དང་གཞན་སྤྱོད་བྱེད་མི་ཆོག
གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་གཏན་འབེབ་གང་དག་ཡིན།
གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་ཟེར་བ་ནི་བཟོ་འགོད་འཛུགས་སྐྲུན་དང་ས་གཤིས་རྩད་ཞིབ། གནས་བསྐོར་དང་དེ་མིན་གནས་སྐབས་རང་བཞིན་གྱི་རྩྭ་ས་བེད་སྤྱོད་པའི་བྱ་སྤྱོད་ལ་བསྟན་པ་ཡིན། གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་གཤམ་གྱི་གཏན་འབེབ་འགའ་བརྩི་སྲུང་བྱེད་དགོས་པ་སྟེ། གཅིག གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་བྱས་ཚེ་ངེས་པར་དུ་རྫོང་རིམ་པ་ཡན་གྱི་རྩྭ་ས་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབ་བརྒྱུད་ནས་འཐད་པ་བྱུང་དགོས་པ་མ་ཟད། གནས་སྐབས་རྩྭ་ས་བཟུང་སྤྱོད་ཀྱི་གན་རྒྱའང་འཇོག་དགོས། གཉིས། གནས་སྐབས་རྩྭ་ས་བཟུང་སྤྱོད་ཀྱི་དུས་བཅད་ནི་ལོ་གཉིས་ལས་བརྒལ་མི་ཆོག་པ་དང་། གནས་སྐབས་བཟུང་སྤྱོད་བྱས་པའི་རྩྭ་སའི་སྟེང་དུ་ཡུན་བརྟན་རང་བཞིན་གྱི་བཟོ་འགོད་འཛུགས་སྐྲུན་བྱེད་མི་ཆོག གསུམ། བཟུང་སྤྱོད་ཀྱི་དུས་ཡུན་ལོངས་རྗེས། ས་ཞིང་མཁོ་སྤྱོད་ལས་ཁུངས་ཀྱིས་ངེས་པར་དུ་རྩྭ་སའི་སྔོ་ཁེབས་སླར་གསོ་བྱེད་པ་མ་ཟད་དུས་ཐོག་ཏུ་ཕྱིར་སྤྲོད་བྱེད་དགོས། བཞི། གནས་སྐབས་སུ་རྩྭ་ས་བཟུང་སྤྱོད་བྱས་ཚེ་རྩྭ་སའི་རྣམ་པ་སྒྱུར་མི་ཆོག དེས་ན་རྩྭ་ས་དེ་ཉིད་ཕྱུགས་འཚོ་བའི་ཞིང་སྤྱོད་ཀྱི་ས་ཞིང་རྣམ་པ་སྒྱུར་མི་ཆོག་ལ། གནས་སྐབས་སུ་བཟུང་སྤྱོད་བྱས་པའི་རྩྭ་ས་སློགས་ནས་འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་བྱེད་མི་ཆོག་པ་མ་ཟད། དེ་བས་ཀྱང་རྩྭ་ས་དེ་ཉིད་འཛུགས་སྐྲུན་བྱེད་ཡུལ་དུ་སྒྱུར་མི་ཆོག