ཚ་ལ་རྒྱག་པའི་ལག་རྩལ་བྱང་ནས་བདེ་སྐྱིད་དཔལ་འབར་བའི་འཚོ་བ་རོལ།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-07
ལོ་འགའི་སྔོན་དུ་ཆོས་འབྲུག་ཚང་ནི་གྲོང་སྡེའི་ཆེས་མཐའ་འཁོབ་ཀྱི་ལུང་ཀྱོག་ཅིག་ཏུ་གནས་ཡོད་ཅིང་། སྐབས་དེར་ཁྱིམ་མི་བདུན་པོས་བོད་ཁང་རྙིང་རལ་ཞིག་ཏུ་འཚོ་བ་རོལ་ནས་བསྡད་དགོས་པས་མ་ཚད་ཨ་ཕྱི་ལ་ནད་ཕོག་ནས་ལོ་འཁོར་མོ་ཉལ་སར་ལྷུང་བ་དང་ཨ་མ་དང་ཨ་ནེ་ལའང་ནད་གཞི་ཕོག་ཡོད། དེའི་ཐོག་ལ་སྲིང་མོ་སློབ་གྲྭར་འགྲིམས་དགོས་ཤིང་། བུ་ལོ་ན་ཆུང་བས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར2500ཙམ་ལ་ཡང་ཟིན་མི་ཐུབ་པས་གྲོང་སྡེའི་ཆེས་དུད་ཚང་དབུལ་ཕོངས་ཀྱི་གྲས་སུ་ལུས་པ་རེད།
ལི་ཐང་རྫོང་གིས་མང་ཚོགས་དབུལ་ཕོངས་ལ་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་དམིགས་བསལ་གནད་དོན་ཐག་གཅོད་བྱས་པ་དང་དེ་བཞིན་རྫོང་ཡོངས་སུ་དབུལ་སྐྱོར་གནད་སྨིན་གྱི་རོགས་སྐྱོར་སྲིད་ཇུས་དང་བྱེད་ཐབས་ལག་བསྟར་བྱས་མཐར་གཞི་ནས་ཆོས་འབྲུག་ཚང་གི་འཚོ་བར་སྐྱིད་ཀྱི་ཉི་མ་འཆར་བ་རེད། ཆོས་འབྲུག་གིས་སྔོན་ཆད་ང་ཚོའི་སྡོད་ཁང་ལའང་དཀའ་ངལ་ཡོད་པས་ཐོན་སྐྱེད་བྱ་རྒྱུའི་སྐོར་བསམ་བློ་ཡང་བཏང་མ་མྱོང་ཞེས་བཤད་པ་རེད། སྲིད་གཞུང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི5བཏང་ནས་ང་ཚོར་སྡོད་ཁང་གསར་པ་བཀབ་པ་དང་ཆབས་ཅིག འཚོ་བའི་སྤྱོད་ཆས་དང་ཁྱིམ་ཆས། ཁྱིམ་སྤྱོད་གློག་ཆས་བཅས་ཁ་སྣོན་བྱས་པས་མ་ཚད། སྲིད་གཞུང་གིས་ད་དུང་སྒོར་ཁྲི2ཁ་གསབ་རོགས་དངུལ་སྤྲད་ནས་ངའི་ཁྱིམ་ལ་ཕྱོགས་དྲུག་ལེགས་བཅོས་དང་ཕྱོགས་གསུམ་འཛུགས་སྐྲུན་བྱས་མཐར། དེ་ནས་བཟུང་ངེད་ནང་མི་བདུན་པོས་ཁང་པ་རྙིང་རལ་ནང་བཙིར་མི་དགོས་ལ། ཁ་བ་དང་ཆར་པ་བབས་རུང་ཁང་པ་ཟགས་རྒྱུར་སེམས་ཁྲལ་བྱེད་མི་དགོས་པ་རེད། དེས་མ་ཚད་སྡོད་ཁང་ནང་དུ་ཟུར་བཀོད་ཀྱི་གསང་སྤྱོད་ཁང་ཡོད་ལ། ཆུ་ཚ་འཕྲུལ་ཆས་ཀྱང་ཡོད་པ་རེད། ཆོས་འབྲུག་གི་སྐད་ཆ་འདི་ལུང་དྲངས་ནས་བཤད་ན་སྔོན་ཆད་ཀྱི་སེམས་ཁྲལ་འདི་དེང་སང་སྐྱིད་སྣང་སྟེར་བའི་ཁྱིམ་གཞིས་ལ་གྱུར་ཡོད་པ་རེད།
ད་ལོ་སྲིད་གཞུང་གིས་སྒོར5000ཁ་གསབ་རོགས་དངུལ་སྤྲད་འོག་ཁོ་ཚང་གིས་ཁྱིམ་གཞིས་ཀྱི་སྔོ་ཚལ་དྲོད་ཁང་ཆེན་པོ་ཞིག་བསྐྲུན་ཡོད། སྔོ་ཚལ་དྲོད་ཁང་འདི་དེ་ཙམ་ཆེན་པོ་ཞིག་མིན་ན་ཡང་སྔོ་ཐིང་ངེར་གྱི་ཚོད་དཀར་དང་ཚོད་མ། ཇིན་ཚལ། སྐྱོགས་ཚལ་སོགས་སྐྱེས་ཚུལ་ཡག་པོ་འདུག ཆོས་འབྲུག་གི་བཟའ་ཟླ་སྒྲོལ་མ་དྲོད་ཁང་ནང་དུ་སོང་ནས་སྔོ་ཚལ་དང་ཇིན་ཚལ་ཁག་གཅིག་བཏོག་ནས་སྒོ་རའི་ཟུར་གྱི་ཆུ་ཡུར་ནང་གཙང་མར་བཀྲུས། ཁོ་མོས་ཟ་མ་ལས་ཞོར་འདི་ན་མཚོ་འཕགས3500ལྷག་ཡོད་པས་སྔར་ཡིན་ན་གནམ་ལ་བརྟེན་ནས་སྔོ་ཚལ་སྐྱེས་མི་ཐུབ་པས་རྫོང་མཁར་དུ་ཉོ་སར་འགྲོ་དགོས་པ་རེད། ད་ཆ་སྔོ་ཚལ་དྲོད་ཁང་ཆེན་མོ་ཡོད་དུས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད། ཅུང་མ་འགོར་བར་ཇིན་ཚལ་དང་ཟོག་ཤ་བརྔོས་མ། ཞོག་ཁོག་སྐམ་རྔོད། སྒོ་ང་ཁུར་བ་སོགས་ཅོག་ཙེའི་སྟེང་ལ་འཁྱེར་བྱུང་།
སྒྲོལ་མས་ཁ་སང་རྫོང་མཁར་དུ་ཟོག་ཤ་རྒྱ་མ་དྲུག་ཉོས་ཡོད། རྒྱ་མ་གང་རེར་སྒོར38དགོས་འདུག དེ་རིང་ཟ་མ་ཚར་ནའང་སྐྱོན་མི་འདུག ལྷག་འཕྲོ་རྣམས་འཁྱགས་སྒམ་དུ་འཇོག་ཆོག་པ་རེད་ཅེས་བཤད། ཨ་ནེས་དགོད་ཞོར་དུ་སྔོན་ཆད་རྩམ་པ་འདང་ངེས་ཤིག་མེད་ལ་དཀྲུགས་ཇ་འཐུང་རྒྱུའང་དཀོན་པོ་རེད། དེང་སང་དངོས་གནས་སྐྱིད་པོ་འདུག ཉིན་ལྟར་དཀྲུགས་ཇ་འཐུང་རྒྱུ་ཡོད་པར་མ་ཟད་ཤ་དང་མར། འབྲས་ལ་སོགས་པ་གང་དགའ་ཅི་འདོད་དུ་སྤྱོད་ཆོག་པས་སྔོན་ཆད་དང་བསྡུར་ན་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་འདུག་ཅེས་བཤད་པ་རེད།
སྒྲོལ་མས་དཀར་ཡོལ་དང་ཐུར་མ་བསྡུ་གསོག་བྱས་ཚར་རྗེས། གནམ་གཤིས་བཟང་བའི་སྐབས་དང་བསྟུན་ནས། གོས་འཁྲུའི་འཕྲུལ་ཆས་སྒོ་རའི་ནང་དུ་འདྲུད་ནས་ལྭ་བ་བཀྲུ་བར་གྲ་སྒྲིག་བྱས། ཁོས་དགོད་ཞོར་དུ་ད་ཆ་གྱོན་གོས་མང་དུ་ཕྱིན་ནས་ཉིན་ཁ་ཤས་ལ་དཀྲུས་ཐེངས་རེ་བྱེད་ཅིང་ཡོད་ཅེས་བཤད། ཁོ་ཚང་གི་གོས་སྒམ་ནང་དུ་བོད་ཆས་དང་བྱ་སྤུའི་གྱོན་ཆས། སྲིང་བལ་གྱོན་ཆས། བག་ཡངས་གྱོན་ཆས། གླང་རྫིའི་གྱོན་ཆས། བལ་གོས་སོགས་གྲལ་འགྲིག་པོར་བསྒྲིགས་འདུག རྒན་རྒོན་ཚོས་བོད་ལུགས་ཚོམས་ཆེན་དུ་བརྙན་འཕྲིན་ནང་ནས་བོད་སྐད་ལེ་ཚན་ཞིག་ལ་ལྟ་བཞིན་འདུག
ལི་ཐང་རྫོང་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་གཅུང་མོ་བསོད་ནམས་སྒྲོལ་མཚོས་སློབ་དེབ་འཁྱེར་ནས་ཉེ་འགྲམ་གྱི་ཁང་པའི་ནང་དབྱར་ཁའི་གུང་གསེང་གི་ལས་བྱ་འབྲི་བཞིན་མཆིས། རྫོང་གྲོང་སློབ་འབྲིང་དུ་སློབ་ཡོན་སྤྲོད་མི་དགོས་པར་མ་ཟད་འཚོ་བཅུད་ལྡན་པའི་བཟའ་བཅའ་མཁོ་སྤྲོད་བྱས་པ་རེད། ཡིག་ཚགས་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་སློབ་མར་ལོ་ལྟར་འཚོ་བའི་ཁ་གསབ་རོགས་དངུལ་སྒོར1700སྤྲོད་བཞིན་ཡོད་པ་རེད། ཆོས་འབྲུག་གིས་དུས་རྒྱུན་སྲིང་མོར་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས་པའི་སྐོར་ཡང་ནས་བསྐྱར་དུ་ཁ་བཀོད་བཏང་བ་རེད། ཆོས་འབྲུག་དགའ་འོས་པ་ཞིག་ལ་གྲོང་སྡེའི་བྱིས་པ་ཁང་ནས་རང་ཁྱིམ་གྱི་བར་སྨི100ལས་མེད་པས་ལོ་འགའི་རྗེས་ལ་རང་གི་བུ་མོའང་སློབ་ཡོན་མི་དགོས་པར་བྱིས་པ་ཁང་དུ་གཏོང་ཆོག་པ་རེད།
གློ་བུར་དུ་ཆོས་འབྲུག་ཚང་གི་དམིགས་འཛུགས་སྨན་པ་མོ་ལ་སྨད་པ་འཕྲོད་བསྟེན་ཁང་གི་འགོ་གཙོ་འཇམ་དབྱངས་བློ་བཟང་གིས་ཁ་པར་ཐོན་བྱུང་། ཨ་ནེ་སྐལ་བཟང་སྒྲོལ་མ་ལགས། ཁྱོད་རང་ལ་ཁྲག་ཤེད་མཐོ་བའི་ནད་གཞི་ཡོད་པས་ཉི་མའི་འོག་ཏུ་བསྡད་མ་འདུག ལུས་པོར་གཟབ་གཟབ་གྱིས་ཞེས་པའི་སྐད་ཆ་ཞིག་ཐོས་བྱུང་། ཆོས་འབྲུག་ཚང་གི་ཁྱིམ་ཚང་གང་བོ་སྨན་བཅོས་རོགས་སྐྱོར་བྱ་ཡུལ་དུ་བཞག་ཡོད་པར་མ་ཟད་ཁྱིམ་ཚང་སྨན་པའང་ཡོད་པས་ནད་གཞི་ཡོད་པའི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་ཕྱིན་ཡོད་པ་རེད།
ན་ནིང་ལ་ཆོས་འབྲུག་ལི་ཐང་རྫོང་ལྕགས་ཀྲུང་ཞོག་ཁོག་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ་ཞུགས་ཏེ་གྲོང་སྡེ་རིམ་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་སྲུང་སྐྱོང་པར་བཞག་ཡོད།ན་ནིང་ལ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར4467ལ་ཟིན་ནས་དབུལ་ཐར་ཐུབ་པ་རེད། ད་ལོའི་ལོ་སྟོད་དུ་ཞིང་སྤྱོད་འཕྲུལ་ཆས་ཉམས་བཟོ་དང་གློག་ཚ་རྒྱག་སྟངས་ཀྱི་ལག་རྩལ་འཇོན་ནུས་གསོ་སྦྱོང་བྱེད་སའི་ནང་ཞུགས་རྗེས་ཆོས་འབྲུག་གིས་ཁྱིམ་ཚང་གི་ཞིང་སྤྱོད་འཕྲུལ་ཆས་ཉམས་གསོ་ཚོང་ཁང་ཞིག་བཙུགས་ནས་གཙོ་བོ་འདྲུད་འཐེན་འཕྲུལ་འཁོར་དང་། འཕྲུལ་རྟ་ཉམས་གསོ་བྱས་པ་དང་། ལྕགས་སྒོ་དང་ནས་བླུག་སའི་ལྕགས་སྒྲོམ་ལ་ཚ་ལ་བརྒྱབ་ནས་ད་ལོའི་ཟླ་བ་བཞི་པར་ལས་འགོ་བཙུགས་པ་ནས་བཟུང་ཡོང་འབབ་སྒོར་ཁྲི་གཅིག་ལྷག་རག་ཡོད་པ་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། 2015ལོའི་ལོ་མཇུག་ཏུ་ལི་ཐང་རྫོང་ཡོངས་སུ་གྲོང་སྡེ་དབུལ་པོ132དང་དུད་ཚང་དབུལ་ཕོངས5130 དབུལ་ཕོངས་མི་འབོར22851ཞིབ་བཤེར་གཏན་འཁེལ་བྱས་པ་རེད། 2018ལོའི་ལོ་མཇུག་བར་གྲོང་སྡེ་དབུལ་ཕོངས95ཕྱིར་འཐེན་བྱས་པ་དང་དུད་ཚང3727གྱི་མི་འབོར17476གི་དབུལ་ཐར་ལས་འགན་ལེགས་གྲུབ་བྱུང་བར་མ་ཟད། སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱུང་ནས་དབུལ་ཕོངས་བྱུང་ཚད་བརྒྱ་ཆ8.7མར་ཆག་ཡོད། 2019ལོའི་ལོ་འཁོར་གྱི་དམིགས་ཡུལ་ལས་འགན་ནི་གྲོང་སྡེ37ཕྱིར་འཐེན་དང་དུད་ཚང1213གྱི་མི་འབོར་དབུལ་ཕོངས5670དབུལ་ཐར་བྱས་པར་མ་ཟད་སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་གཞི་རྩའི་ཚད་གཞིར་སླེབས་པ་བྱ་རྒྱུ་ཡིན་པ་དང་ཆབས་ཅིག ཕྱིར་འཐེན་བྱས་པའི་གྲོང་སྡེ95དང་དབུལ་ཐར་བྱུང་བའི་དུད་ཚང3727གྱི་མི་འབོར17476ལ་ཕྱིར་ལོག་རོགས་སྐྱོར་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1